ཝང་ཏུང་མིང་དང་ཝེ་ཧུང་རྣམ་གཉིས་ཀྱིས་ཨེ་ཅིབ་ཀྱི་སྲིད་འཛིན་སའེ་ཞི་ལ་མཇལ་འཕྲད་གནང་།

ཏིང་འཛིན་བཀྲ་ཤིས་ཀྱིས་བསྒྱུར། རྩོམ་སྒྲིག་པ།ཏིང་འཛིན་བཀྲ་ཤི།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 12-29


ཝང་ཏུང་མིང་དང་ཝེ་ཧུང་རྣམ་གཉིས་ཀྱིས་ཨེ་ཅིབ་ཀྱི་སྲིད་འཛིན་སའེ་ཞི་ལ་མཇལ་འཕྲད་གནང་བཞིན་པ།

           སྤྱི་ཟླ་12པའི་ཚེས་25ཉིན་གྱི་ཕྱི་དྲོར། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཏུང་མིང་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཞིང་དཔོན་ཝེ་ཧུང་རྣམ་གཉིས་ཀྱིས་ཁྲིན་ཏུའུ་རུ་ཨེ་ཅིབ་ཀྱི་སྲིད་འཛིན་སའེ་ཞི་ལ་མཇལ་འཕྲད་གནང་ཞིང་། སྲིད་འཛིན་སའེ་ཞི་སི་ཁྲོན་དུ་ཕེབས་ནས་རྟོག་ཞིབ་འཚམས་འདྲི་གནང་བར་དགའ་བསུ་ཞུས།

              ཝང་ཏུང་མིང་གིས། སྲིད་འཛིན་མཆོག་ཐེངས་འདིར་ཀྲུང་གོར་ཕེབས་ནས་འཚམས་འདྲི་གནང་བའི་རིང་ལ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ལི་ལི་ཁེ་ཆང་། ཨུ་ཡོན་ཀྲང་ཀྲང་ཏེ་ཅང་བཅས་ཀྱིས་སྔ་ཕྱིར་ཁྱེད་དང་ཕྱོགས་ཡོངས་ནས་ལས་དོན་གྲོས་མོལ་གཏིང་ཟབ་མོ་གནང་ཡོད་ལ། ལྷག་པར་དུ་ཀྲུའུ་ཞི་ཞི་ཅིན་ཕིང་དང་སྲིད་འཛིན་ཁྱེད་རྣམ་གཉིས་ཀྱིས་མཉམ་དུ་《ཀྲུང་གོ་དང་ཨེ་ཅིབ་ཀྱི་ཕྱོགས་ཡོངས་འཐབ་ཇུས་རོགས་ཟླའི་འབྲེལ་བ་འཛུགས་པའི་འབྲེལ་ཡོད་མཉམ་འབྲེལ་གསལ་བསྒྲགས།》ཞེས་པར་མཚན་རྟགས་བཀོད་ཡོད་པས། མ་འོངས་པར་རྒྱལ་ཁབ་གཉིས་ཀྱིས་ཁྱབ་ཁོངས་མཉམ་འབྲེལ་བྱེད་པའི་ཐད་དུ་གོམ་གང་མདུན་སྤོས་ཀྱིས་སྐུལ་འདེད་བྱས་ཡོད་ཅེས་གསུངས།

           ཝང་ཏུང་མིང་གིས། སྲིད་འཛིན་མཆོག་ཐོག་དང་པོར་ཀྲུང་གོ་རུ་ཕེབས་ཏེ་སི་ཁྲོན་དུ་འཚམས་འདྲིར་ཕེབས་པ་དེས། ཨེ་ཅིབ་རྒྱལ་ཁབ་ཀྱིས་ཀྲུང་གོའི་ནུབ་རྒྱུད་ས་ཁུལ་དང་སི་ཁྲོན་ལ་འབྲེལ་འདྲིས་མཉམ་ལས་བྱེད་པར་མཐོང་ཆེན་གནང་བ་མཚོན་ཡོད་ལ། ཀྲུང་གོ་དང་ཨེ་ཅིབ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་མུ་མཐུད་ནས་བརྟན་བརླིང་ངང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱབ་ལྗོངས་འོག་ཏུ། ང་ཚོས་སྲིད་འཛིན་མཆོག་ཀྲུང་གོར་འཚམས་འདྲིར་ཕེབས་པའི་ལས་དོན་ཚང་མར་མཉམ་འབྲེལ་བྱ་འདོད་ཡོད་པ་མ་ཟད། སྔར་ལས་ལྷག་པའི་སྒོ་ནས་ཨེ་ཅིབ་དང་ས་ཁུལ་སོ་སོའི་མཛའ་བརྩེའི་མཉམ་ལས་འབྲེལ་བ་འཕེལ་རྒྱས་གཏོང་འདོད་ཡོད་ཅེས་གསུངས།

          སའེ་ཞི་ཡིས། ཨ་ཅིབ་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱིས་ཕྱི་འབྲེལ་བཙུགས་ནས་ལོ་ངོ་58འགོར་ཡོད་ལ། འདིའི་རིང་དུ་ཕྱོགས་གཉིས་ཀྱི་འབྲེལ་བ་བདེ་བླག་དང་བརྟན་བརླིང་ངང་འཕེལ་རྒྱས་སོང་དང་འགྲོ་བཞིན་ཡོད། ཐེངས་འདིར་ང་རང་ཀྲུང་གོར་འཚམས་འདྲིར་ཡོང་བ་དང་བསྟུན་ནས་སི་ཁྲོན་ཞིང་ཆེན་དུ་འབྱོར་ཞིང་། འདི་གའི་འཕེལ་རྒྱས་ཀྱི་འབྲས་བུ་གཡུར་དུ་ཟ་བ་དེས་ང་རང་ལ་བག་ཆགས་ཟབ་མོ་བཞག་སོང་ཞེས་གསུངས། །

 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1