མཚོ་སྔོན་དུ“རྒྱང་མིག”ལ་བརྟེན་ནས་ས་མཐོའི་རི་སྐྱེས་སྲོག་ཆགས་ལ་སྲུང་སྐྱོང་བྱེད་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 03-19



    ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་མཚོ་སྔོན་གྱི“སྐྱེ་ཁམས་སྐར་ཁུང”གི་རྒྱང་རིང་དྲ་རྒྱའི་བརྙན་ལམ་ལྟ་ཞིབ་ཚད་ལེན་མ་ལག་ནས་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་རུ་ཡོ་རོབ་དང་ཨེ་ཤེ་ཡའི་ཆུ་སྲམ་ཁ་ཤས་སྐབས་རེ་ཆུའི་ནང་དུ་འཛུལ་ནས་དལ་བུར་རྒྱུ་བ་དང་སྐབས་རེ་སྐམ་སའི་ཐོག་རྩེད་མོ་རྩེ་བའི་རྣམ་པ་མཐོང་ཡོད།
   ཡུལ་ཤུལ་ཀྲོའུ་སྐྱེ་ཁམས་ཁོར་ཡུག་ཅུས་ཀྱི་ལས་དོན་པ་བསམ་གྲུབ་ཀྱིས“‘སྐྱེ་ཁམས་སྐར་ཁུང’བརྒྱུད་ང་ཚོས་ཡོ་རོབ་དང་ཨེ་ཤེ་ཡའི་ཆུ་སྲམ་འབོར་ཆེན་ཕར་འགྲོ་ཚུར་འོང་བྱེད་པའི་བརྙན་ཕབ་དང་པར་ལེན་ཐུབ་ཡོད་ལ། གཞན་ཡང་གསའ་དང་གཟིག་ཁྲ་ཐིག་ཅན་སོགས་དཀོན་ལ་རྩ་ཆེ་བའི་གཅན་གཟན་རིགས་ཀྱི་བརྙན་ཕབ་དཔྱད་གཞི་ཡང་པར་ལེན་ཐུབ་པ་དེས་གཙང་གསུམ་ཆུ་འགོའི་ཁུལ་གྱི་སྐྱེ་ཁམས་མ་ལག་ཁག་གི་རྣམ་པ་དང་གཅན་གཟན་རིགས་འཚོ་སྡོད་ཀྱི་རྣམ་པ་ཤེས་རྟོགས་ཐུབ་རྒྱུར་དཔྱད་གཞི་ཨང་དང་པོ་མཁོ་འདོན་བྱས་ཡོད”ཅེས་བཤད།
   “སྐྱེ་ཁམས་སྐར་ཁུང”ནི་མཚོ་སྔོན་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིང་གིས་ཞིང་ཆེན་ཡོངས་ཀྱི་གཙོ་གནད་སྐྱེ་ཁམས་སྲུང་སྐྱོང་ཁུལ་ཁྱབ་ཚུལ་གྱི་ཁྱད་ཆོས་ལ་གཞིགས་ཏེ་2016ལོར་བསྐྲུན་པའི་དྲ་མིག་ཅན་གྱི་རྒྱང་རིང་བརྙན་ལམ་གྱི་དུས་ཐོག་ལྟ་ཞིབ་ཚད་ལེན་མ་ལག་ཅིག་ཡིན་པ་དང་དེར་སྐྱེ་ཁམས་ཁོར་ཡུག་ལྟ་འདོམས་ཀྱི“རྒྱང་མཐོང་མིག”ཅེས་བརྗོད་ཀྱི་ཡོད།
   མཚོ་སྔོན་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིང་ཆ་འཕྲིན་ལྟེ་གནས་ཀྱི་ལས་དོན་པ་ཁྲེན་ལེང་པོ་ཡིས། རི་སྐྱེས་སྲོག་ཆགས་ལྟ་ཞིབ་ཚད་ལེན་བྱེད་པར་མི་ཐབས་གཅིག་པུར་བརྟེན་ན་མངོན་འགྱུར་བྱེད་དཀའ་བས་མཐོ་ཞིང་གསལ་བའི“སྐྱེ་ཁམས་སྐར་ཁུང”མ་ལག་སྒྲིག་སྦྱོར་བྱས་ནས་རི་སྐྱེས་སྲོག་ཆགས་ཀྱི་རྒྱུན་གཏན་འཚོ་སྟངས་ལ་འགོག་རྐྱེན་མི་བཟོ་བའི་རྨང་གཞིའི་ཐོག་ཉིན་མཚན་བལྟོས་མེད་ངང་ཟིན་ཐོར་བཀོད་ཐུབ་ཀྱི་ཡོད་ཅེས་ངོ་སྤྲོད་བྱས།
   མཚོ་སྔོན་གྱི“སྐྱེ་ཁམས་སྐར་ཁུང”གིས་ཞིང་ཆེན་ཡོངས་སུ་ལྟ་ཞིབ་ཚད་ལེན་བྱེད་ས་70འཆར་འགོད་བྱས་ཤིང་། མིག་སྔར་ལྟ་ཞིབ་ཚད་ལེན་བྱེད་ས་གཙང་གསུམ་ཆུ་འགོ་དང་། མདོ་ལ་རིང་མོ། མཚོ་སྔོན་པོ། ཚྭ་འདམ་གཤོང་ས། རྨ་ཆུ་དང་ཙོང་ཆུའི་རོང་ས་བཅས་སྐྱེ་ཁམས་ཁུལ་ལྔ་ལ་ཁྱབ་ཡོད། མདུན་ཕྱོགས་ཀྱི་བརྙན་ཤེལ་སྒྲིག་ཆས་ལ་བརྙན་རྒྱུ་ཁྲི་200ལྡན་པའི་མཐོ་གསལ་བརྙན་ལེན་འཕྲུལ་ཆས་སྤྱད་པས་ཏུའུ་360བསྟུད་མར་འཁོར་བ་དང་། བར་ཐག་སྤྱི་ལེ་5དང་། སྤྱི་ལེ་10 སྤྱི་ལེ་15བཅས་ཀྱི་སར་ལྟ་ཞིབ་ཚད་ལེན་ཐུབ་པ་མ་ཟད། མཚན་མོ་རྒྱང་ཐག་རིང་ཤོས་ལ་སྤྱི་ལེ་3གྱི་སར་ལྟ་ཞིབ་ཚད་ལེན་ཡང་ཐུབ་ཀྱི་ཡོད།
   གཞན་ཡང་མ་ལག་དེར་ད་དུང་སྐུད་པ་སྤྱད་ནས་འཛུལ་བ་དང་། ས་ཁོངས་སུ་འཛུལ་བ། ཕར་འགྲོ་ཚུར་འོང་གིས་ཞིབ་དཔྱད་ཚད་ལེན་བྱེད་པ། མགྱོགས་མྱུར་འགུལ་སྐྱོད་ཐུབ་པ། རིག་ནུས་རྗེས་སྙེག་ཐུབ་པ་སོགས་ཀྱི་རིག་ནུས་དབྱེ་ཞིབ་ཀྱི་ནུས་པ་ལྡན་པས་སྐྱེ་ཁམས་སྲུང་སྐྱོང་ཁུལ་གྱི་རི་སྐྱེས་སྲོག་ཆགས་ལ་རིག་ནུས་ཅན་གྱི་ཞིབ་དཔྱད་ཚད་ལེན་དང་། དབྱེ་ཞིབ། རྗེས་སྙེག སྔོན་བརྡ་བཅས་བྱེད་ཐུབ་ཀྱི་ཡོད།
   ཁྲེན་ལེང་པོ་ཡིས“ཚན་ཞིབ་མི་སྣས་ཐག་རིང་ས་དང་། ཁྱབ་ཁོངས་ཆེ་ས། ཕྱོགས་ཡོངས་བཅས་ནས་དུས་ཐོག་གནད་སྨིན་ངང་ཞིང་ཆེན་ཡོངས་ཀྱི་གཙོ་གནད་སྐྱེ་ཁམས་ཁུལ་གྱི་རི་སྐྱེས་སྲོག་ཆགས་ལ་ལྟ་ཞིབ་ཚད་ལེན་ཐུབ་པ་མ་ཟད་ཞིབ་འཇུག་དང་དཔྱད་དཔོག་ཀྱང་ཐུབ་ཀྱི་ཡོད། ‘སྐྱེ་ཁམས་སྐར་ཁུང’བརྒྱུད་ལས་དོན་མི་སྣས་གློག་ཀླད་ཀྱི་མདུན་ནས་ལེ་དབར་སྟོང་གི་སའི་ལྟ་ཞིབ་ཚད་ལེན་ས་ཚིགས་ཁག་གི་གནས་ཚུལ་དུས་ཐོག་ཏུ་ལྟ་ཞིབ་ཚད་ལེན་ཐུབ་ཀྱི་ཡོད”ཅེས་བཤད།
   “རྒྱང་མིག”ནི“རིག་ནུས་མིག”ཅིག་དེ་བས་ཡིན་ཞིང་། ཤེས་རྟོགས་བྱུང་བར་གཞིགས་ན། “སྐྱེ་ཁམས་སྐར་ཁུང”ནས་བླངས་པའི་བརྙན་ཕབ་གྲངས་གཞི་དག་གིས་རི་སྐྱེས་སྲོག་ཆགས་ཀྱི་རིགས་ཁྱུའི་གྲངས་ཚད་དཔྱད་དཔོག་དང་། སྐྱེ་ཁམས་མ་ལག་སྣ་མང་རང་བཞིན་བརྟག་དཔྱད། འབྲེལ་ཡོད་ཚན་རིག་དང་མཐུན་པའི་བཀོལ་སྤྱོད་ཞིབ་འཇུག་སོགས་ལ་ཚན་རིག་དང་མཐུན་པའི་གཞི་འཛིན་ས་གལ་ཆེན་མཁོ་འདོན་བྱེད་ཐུབ།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1