ཀུན་མཁྱེན་གྲགས་པ།
དཔེ་ཀློག་གླེང་ཡོང་དུས་འཛམ་གླིང་གི་རླབས་ཆེན་གྱི་མི་རིགས་ཤིག་མ་གླེང་ཐུ་མེད་རེད། དེ་ནི་ཡ་ཧུ་དཱ་པའི་མི་རིགས་རེད། མི་རིགས་འདིས་སློབ་གསོ་གཙིགས་སུ་འཛིན་ཞིང་སྒོས་སུ་དཔེ་ཀློག་ལ་དགའ་ཞིང་དཔེ་ཀློག་གི་སྤུས་ཚད་ཧ་ལས་དགོས་པའི་ཚོད་དུ་འདུག་པར་མ་ཟད། འཛམ་གླིང་གི་ཁྱོན་ལ་ཤེས་རིག་དཔལ་ཡོན་གྱི་མཛད་རྗེས་ཀྱང་གཞན་དྲིང་འཇོག་མི་དགོས་པ་གནང་ཡོད་པས“ཤེས་རིག་ལྡན་པའི་མི་རིགས”ཞེས་ཀྱང་འབོད་དོ། །
འཛམ་གླིང་སྤྱིའི་མི་འབོར་གྱི་བརྒྱ་ཆའི0.3མ་གཏོགས་མི་ཟིན་མོད། ཨ་རིའི་ནོར་བྷེར་བྱ་དགའ་ཐོབ་མཁན་མི་བརྒྱའི་ཁྲོད་དུ་ཡ་ཧུ་དཱ་པས་ཕྱེད་ཀ་ཟིན་ཡོད་ལ། ཨ་རིའི་སྐད་གྲགས་ཅན་གྱི་སློབ་ཆེན་ནང་གི་སློབ་དཔོན་ཚོའི་ནང་དུའང་ཡ་ཧུ་དཱ་པས་སུམ་ཆའི་གཅིག་ཟིན། ཨ་རིའི་ཕྱུག་བདག་ཁྲི་བརྒྱ་ཅན་ཁྲོད་སུམ་ཆའི་གཅིག་ཟིན། “ཧྥུ་པུའུ་སིར”འཁོད་པའི་ཨ་རིའི་ཕྱུག་བདག་ཆེན་པོ40ཡི་ཁྲོད་ཀྱི18ནི་ཡ་ཧུ་དཱ་པ་ཡིན་པས། ཨ་རིའི་ཚན་རིག་དང་རྒྱུ་ནོར་ལ་བདག་པོ་བརྒྱབ་ཡོད་ཅེས་བཤད་ཆོག་ཆོག་རེད།
མཉམ་འབྲེལ་རྒྱལ་ཚོགས་ཀྱི་རིག་གནས་རྩ་འཛུགས་ཀྱིས་བརྟག་དཔྱད་བྱས་པ་ལྟར་ན། ཡ་ཧུ་དཱ་པའི་མི་རེའི་ཆ་སྙོམས་ཀྱི་དཔེ་ཀློག་གི་ཚད་ནི་འཛམ་གླིང་གི་ཡང་རྩེར་གནས་པའི་སྡོམ་ཚིག་ཐོབ། དབྱི་སི་རལ་གྱི་གྲོང་རྡལ་མང་ཆེ་བའི་ནང་དུ་གནས་ཀྱི་བཀོད་པ་ལེགས་ལ་རང་བྱུང་ཁོར་ཡུག་མཛེས་པ། དཔེ་ཆ་ཁྲི་སྟོང་བརྩིགས་པའི་དཔེ་མཛོད་ཁང་དང་ལྟ་ཀློག་ཁང་བཙུགས་ཡོད། མི་གྲངས་ས་ཡ་ལྔ་མ་གཏོགས་མེད་པའི་རྒྱལ་ཁབ་ཆུང་ཆུང་འདིར། དུས་དེབ་འདྲ་མིན་དགུ་བརྒྱ་ལྷག་དཔར་དུ་བསྐྲུན་ཡོད་པས་སློབ་གཉེར་ལ་མོས་ཤིང་། དཔེ་ཀློག་ལ་ཕྱོགས་པའི་རྣམ་པ་ཞིག་ཤར་བའི་མོད་ལ། ཡ་ཧུ་དཱ་པ་ཚོར་དཔེ་ཀློག་གི་གོམས་གཤིས་བཟང་པོ་ཞིག་ཤ་གསེང་རུས་གསེང་དུ་ཐིམ་ཡོད།
ཁོ་ཚོས་སློབ་གཉེར་དང་ཤེས་བྱར་མཐོང་ཆེན་བྱེད་པའི་མོད་ལ། དངོས་ཡོད་འཚོ་བའི་ཁྲོད་ཀྱི་ནུས་པ་གསོ་སྐྱོང་ལའང་མཐོང་ཆེན་བླ་མེད་བྱེད། ཁོ་ཚོས་ཤེས་བྱ་ཡོན་ཏན་ཡོད་ཀྱང་དོན་དངོས་ཀྱི་ནུས་པ་མེད་པའི་མི་དེ་དཔེ་དེབ་མང་པོ་ཁུར་བའི་བོང་བུ་ཞིག་དང་དབྱེར་མེད་ཡིན་ཚུལ་བཤད་ཡོད་ལ། ཁོ་ཚོའི་བསམ་པར། སྤྱིར་བཏང་གི་སློབ་སྦྱོང་ནི་ཕྱི་ཚུལ་གྱི་རྣམ་པ་ཙམ་ཡིན་ལ།གསར་གཏོད་བྱེད་པར་ངེས་པར་དུ་བསམ་གཞིག་གི་རྨང་རྡོ་བརྟན་དགོས།གསར་གཏོད་ཀྱང་དོགས་སློང་དང་གནད་དོན་གང་རུང་ཐག་གཅོད་བྱེད་པའི་ཐབས་ལམ་ལ་བསམ་གཞིག་གཏོང་བ་ལ་བརྟེན་དགོས་ཚུལ་གསུངས། 《ཡ་ཧུ་དཱ་པའི་ཤེས་རབ་ཀྱི་ཉིང་བཅུད》ཅེས་པའི་ནང་དུའང་། ཁོ་ཚོ་ཆུང་དུས་ནས་དཔེ་ཀློག་ལ་གོམས་ཤིང་། ཕ་མས་རང་གི་བུ་ཕྲུག་དཔེ་ཀློག་ལ་སྤྲོ་བ་འཕེལ་བའི་ཕྱིར་དུ་དཔེ་ཆའི་སྟེང་ལ་སྦྲང་རྩི་བྱུགས་ཏེ་ཆུང་ཆུང་ཡིན་དུས་ནས་དཔེ་ཀློག་ལ་བག་ཆགས་བཟང་པོ་ཞིག་འཇོག་ཅི་ཐུབ་བྱས་པ་རེད། དེ་ལྟ་བུའི་དཔེ་ཀློག་གི་འདུ་ཤེས་ཤིག་ལྡན་གཤིས་མི་རིགས་དེ་ཕྱོགས་ཡོངས་ནས་དར་ཞིང་རྒྱས་པ་མ་ཡིན་ནམ།
ད་དུང་འཇར་མན་དང་ཉི་ཧོང་གི་མི་རྣམས་ཀྱང་དཔེ་ཀློག་ལ་དགའ་སྟེ། རྒྱལ་ཁབ་དེ་དག་ནི་སྲིད་འབྱོར་རིག་གསུམ་གང་ཅིའི་ཐད་སྔོན་ཐོན་ཡིན་ཞིང་འཛམ་གླིང་གི་མདུན་གྲལ་དུ་འདུག དེའང་ཁོ་ཚོའི་ཁྱད་དུ་འཕགས་པའི་དཔེ་ཀློག་གི་གོམས་གཤིས་དང་འབྲལ་ཐབས་བྲལ། རང་ལོ་བཅུ་བཞི་ཡན་གྱི་འཇར་མན་པའི་ཁྲོད་དུ་མི་གྲངས་བརྒྱ་ཆའི69ཡིས་གཟའ་འཁོར་རེར་ཉུང་མཐའ་ཡང་དཔེ་དེབ་གཅིག་རེ་ཀློག་གིན་ཡོད་ལ། བརྒྱ་ཆའི36གིས་དཔེ་ཀློག་ནི་རྒྱུན་ལྡན་གྱི་བྱ་བ་ཞིག་ཡིན་པར་ངེས་ཤེས་རྙེད་ཡོད། དེ་ལས་ཀྱང་། བརྒྱ་ཆའི22ཀྱིས་དཔེ་ཆ་བཀླགས་པ་ཤིན་ཏུ་མང་ལ། བརྒྱ་ཆའི16ལ་ཉི་མ་རེ་རེ་བཞིན་དཔེ་ཀློག་བྱེད་པའི་གོམས་གཤིས་ཡོངས་སུ་ཆགས་ཡོད།
མདོར་ན། མི་གྲངས་ཁྲི8000ཡོད་པའི་འཇར་མན་པས་འཛམ་གླིང་གི་དཔེ་དེབ་ཚོང་ར་ཆེན་པོ་གཉིས་པ་བཟུང་ཡོད་ལ། ལོ་རེའི་ཁྲོམ་རའི་ཕྱིར་འཚོང་ཡོང་འབབ་ནི་ཡོ་རོབ་སྒོར་མོ་དུང་ཕྱུར96རེད། དེ་བཞིན་འཇར་མན་གྱིས་ལོ་རེར་དཔེ་ཆ་གསར་པ་ཁྲི་དགུ་ལྷག་པར་སྐྲུན་བྱེད་ཀྱིན་ཡོད། ད་དུང་འཇར་མན་ནི་འཛམ་གླིང་ཡོངས་ཀྱི་དཔེ་ཁང་གི་འདུས་ཚད་ཆེས་མཐོ་བའི་རྒྱལ་ཁབ་ཡིན་ཏེ། ཆ་སྙོམས་བྱས་ན་མི་གྲངས་ཁྲི1.7ལ་དཔེ་ཁང་གཅིག་རེ་ཡོད།
རང་རེའི་མི་རིགས་འདིར་མཚོན་ནའང་གནམ་གྱིས་ས་བཀབ་པ་ལྟ་བུའི་མཁས་པའི་བྱུང་རབས་དང་། བཀའ་བསྟན་རི་རབ་བཞིན་བརྩིགས་ཡོད་པའི་གནས་ཚུལ་དག་ལས་ཀྱང་། གནའ་ནས་དཔེ་ཀློག་གི་ཁོར་ཡུག་ངེས་ཅན་ལྡན་པའི་མི་རིགས་ཤིག་ཡིན་པ་མཚོན་ཐུབ། དེ་ནི་ང་ཚོ་རྗེས་རབས་པ་ཚོར་མཚོན་ན་གཟི་བརྗིད་ཅིག་ཅི་ལ་མིན། ཡིན་ནའང་། “མཚར་སྡུག་འོད་སྟོང་འབར་བའི་སྔོན་ཆད་ཀྱིས་ད་ལྟའི་ཚབ་བྱེད་མི་རུང་ལ། བ་ཚྭའི་དྲི་དང་འགྲོགས་པའི་ཁ་སང་གིས་དེ་རིང་གི་སྐོམ་པ་ག་ལ་སོད།” ང་ཚོས་ཀྱང་ཡབ་མེས་ཀྱི་སྲོལ་རྒྱུན་ལ་སྙིགས་དོར་བཅུད་ལེན་སྒོས་དཔེ་ཀློག་གི་ལམ་དུ་འཇུག་རྒྱུ་ནི་ང་ཚོའི་གནས་བབ་དང་ཕྱོགས་གང་ཅིའི་ཐད་ནས་ཁ་ཚ་དགོས་གཏུག་གི་དོན་ཞིག་ཏུ་འཁུམས་སོ། །
སུ་ཞིག་གིས་ཆེས་ཕུལ་དུ་བྱུང་བའི་རིག་པ་ནི་ཤེས་རབ་སྟོན་པའི་རིག་པ་ཡིན་ཞེས་པ་ལྟར། དཔེ་ཀློག་ལ་ཐབས་ཤེས་མཁོ། དེ་བས་ཀྱང་བརྩོན་འགྲུས་དང་རྒྱུན་འཁྱོངས་མཁོ། དཔེ་མང་ཀློག་པ་རིག་པ་འཆལ་བའི་རྒྱུ་བྱས་པ་ལྟར། དཔེ་ཀློག་ལ་མཁོ་བ་ཁ་གྲངས་མིན་པར་སྤུས་ཚད་ཡིན། 《དེབ་གཅིག་ཇི་ལྟར་ཀློག་པ》བྱ་བའི་དེབ་དེ་ནི་གྲགས་འགུལ་ཆེ་ཤིང་ཚོང་རར་བྲིན་པའི་དེབ་མཆོག་ཅིག་ཡིན་ལ། དེའི་ནང་དུ་དཔེ་ཀློག་གི་རིམ་པ་དང་དཔེ་ཀློག་ལ་དབྱེ་ཞིབ་བྱེད་ཚུལ། དཔེ་ཆ་མི་འདྲ་བར་ཀློག་སྟངས་མི་འདྲ་བ་སྤྱོད་དགོས་པ། དཔེ་ཀློག་གི་མཇུག་མཐའི་དམིགས་ཚད་བཅས་བཀོད་འདུག དཔེ་ཀློག་བྱེད་པར་མེད་དུ་མི་རུང་བ་ནི་རང་ལ་མཁོ་བ་དག་བླངས། མི་མཁོ་བ་དག་དོར། མདོར་ན་སྒྲིག་གཞི་དང་དམིགས་ཚད་ལྡན་པའི་སྒོ་ནས་དཔེ་ཀློག་བྱས་ཏེ། དཔེ་ཀློག་ལས་ཕུན་སུམ་ཚོགས་པའི་རྒྱུ་གང་མང་ཞིག་རང་རྒྱུད་དུ་ལེན་ཅི་ཐུབ་བྱས་ན་ནི་རང་ཉིད་ཡར་རྒྱས་གོང་འཕེལ་དུ་འགྲོ་བར་གདོན་མི་ཟའོ། །
དཔེ་ཀློག་ལ་ད་དུང་ཆེས་མེད་དུ་མི་རུང་བ་ནི་དཔེ་ཀློག་ཟིན་བྲིས་རེད། འཛམ་གླིང་གི་རྩོམ་པ་པོ་གྲགས་ཅན་ལེ་ཧྥུ་ཐོར་སི་ཐེ་ཡིས“ངས་ཤུགས་རྐྱེན་ཆེ་བའི་བརྩམས་ཆོས་མང་པོ་ཞིག་འབྲི་ཐུབ་པ་ངའི་མི་ཚེ་ཕྱེད་ཀའི་རིང་གི་དཔེ་ཀློག་ཟིན་བྲིས་དང་འབྲལ་ཐབས་མེད”ཅེས་གསུངས་པས། དཔེ་ཀློག་ཟིན་བྲིས་ནི་དཔེ་ཀློག་གི་ཉིང་བཅུད་ཕྱོགས་བསྡུས་བྱས་པ་ཞིག་ཡིན་པས་དེ་ནི་རིག་པའི་གཏེར་མཛོད་ཅིག་ཏུ་བགྲང་ཆོག 《དེབ་གཅིག་ཇི་ལྟར་ཀློག་པ》ཞེས་པའི་ནང་དུ་དཔེ་ཀློག་ཟིན་བྲིས་འདེབས་སྟངས་ལ་རིགས་གསུམ་དུ་དབྱེ་བ་སྟེ། སྒྲིག་གཞི་ཟིན་བྲིས་དང་། དབྱེ་སྒྲུབ་ཟིན་བྲིས། མཚན་ཉིད་ཟིན་བྲིས་བཅས་རེད། མདོར་ན། དཔེ་ཀློག་བྱེད་མཁས་པོ་བྱེད་རྒྱུ་གལ་ཆེ་ལ། དཔེ་ཀློག་ལས་ཆ་འཕྲིན་བསྡུ་ཉར་དང་དཔེ་ཀློག་གི་ཁྲོད་ནས་རང་ཉིད་རིམ་བཞིན་ནར་སོན་ནས་མི་རྣམ་དག་གམ་ཚད་ལྡན་ཞིག་ཏུ་འགྱུར་རྒྱུ་ནི་དེ་བས་ཀྱང་འགངས་ཆེ།
དཔེ་ཀློག་གིས་ཆེ་ས་ནས་རྒྱལ་ཁབ་ཅིག་དང་ཆུང་ས་ནས་མི་རིགས་ཤིག་གོང་འཕེལ་དུ་འགྲོ་རུ་འཇུག་སྲིད། དེང་གི་དུས་ལ་སྟོབས་འབྱོར་གྱི་ལེགས་ཚོགས་རྒྱས་པའི་རྒྱལ་ཁབ་དག་ཀྱང་དཔེ་ཀློག་ལ་མ་བརྟེན་པ་གཅིག་ཀྱང་མེད། དཔེ་ཀློག་ལ་དགའ་བའི་མི་རིགས་ཤིག་ཡར་རྒྱས་གོང་འཕེལ་དུ་འགྲོ་སྲིད་ལ། དཔེ་ཀློག་ལ་མི་དགའ་བའི་མི་རིགས་ཤིག་ཡར་རྒྱས་གོང་འཕེལ་དུ་འགྲོ་མི་སྲིད། དཔེ་ཀློག་ལས་ང་ཚོས་འཛམ་གླིང་གི་གསར་བྱུང་གི་ཆོས་མང་པོ་ཞིག་དང་སོ་སོའི་གནས་བབ་མཐོང་ཐུབ་ཅིང་། དཔེ་ཀློག་གིས་ང་ཚོའི་ལྟ་རྒྱ་མཐོང་རྒྱ་ཆེ་རུ་གཏོང་བར་མ་ཟད། མིའི་བློ་ཁོག་ཡངས་པར་བྱེད་ཅིང་གཉུག་གཤིས་ལ་དཔལ་ཡོན་གྱི་ས་བོན་གཏོར་ངེས། བསམ་གཞིག་གི་སྒོ་མོ་འབྱེད་ལ་རིན་ཐང་གི་ལྟ་བ་དང་མི་ཚེ་ལྟ་བ་རྟོགས་པར་བྱེད། འཛམ་གླིང་གི་ཡོན་ཏན་མངའ་བའི་སྐྱེས་ཆེན་དམ་པ་དག་གིས་ཀྱང་ཆུང་དུས་ནས་དཀའ་སྤྱད་འབད་བརྩོན་གྱིས་དཔེ་ཆ་བགྲང་ལས་འདས་པ་བཀླགས་པས། དེ་ལྟ་བུའི་གྲུབ་འབྲས་ཐོབ་པ་རེད།
རང་རིགས་ལ་མཚོན་ནའང་མི་ཚེ་དཔེ་ཀློག་ལ་བསྟིམས་པའི་སྐྱེས་བུ་ནི་སྐར་ཚོགས་བཞིན་བཀྲ། དཔེར་ན་རྗེ་ཙོང་ཁ་པ་དང་། བུ་སྟོན་རིན་པོ་ཆེ། ས་པཎ་ཡབ་སྲས། རྒྱལ་དབང་ལྔ་པ་ཆེན་མོ། མཁས་དབང་དགེ་ཆོས། རང་གྲོལ་སོགས་མང་དུ་གདའ། མཁས་དབང་དུང་དཀར་ཚང་གིས་བོད་ཀྱི་དཔེ་ཆའི་སུམ་ཆའི་གཅིག་ལ་བལྟས་ཚར་ཞེས་གྲགས་ཤིང་། མི་ཚེ་ཧྲིལ་པོ་དཔེ་ཀློག་དང་བོད་ཀྱི་རིག་གཞུང་ཞིབ་འཇུག་ལ་ཕུལ་བ་ནི《དུང་དཀར་ཚིག་མཛོད་ཆེན་མོ》དང་ཁོང་གི་སྐུ་ཚེ་མཇུག་མཐའི་པར་དེ་ལས་གསལ་པོར་མཐོང་ཐུབ། ལར་དཔེ་ཀློག་ནི་རང་རྟོགས་ཀྱིས་རང་རྐྱ་འཕེར་བའི་སྒོ་ནས་ལེགས་འགྲུབ་བྱེད་དགོས་ལ། དེ་ལྟར་བྱས་ཚེ་གསར་གཏོད་ཀྱི་སྙིང་སྟོབས་དང་བདེན་དོན་གྱི་གནས་ལུགས་ཀྱང་ངང་ངམ་ཤུགས་ཀྱིས་རྟོགས་ཡོང་།
ད་སྐབས་དཔེ་ཀློག་ནི་ཚ་ཚ་འུར་འུར་དུ་གླེང་གིན་འདུག་པར་མ་ཟད། རང་རྒྱལ་གྱིས་ཀྱང“དམངས་ཡོངས་ཀྱིས་དཔེ་ཀློག་བྱེད་པ”ཞེས་པའི་བྱེད་སྒོ་ཡང་སྤེལ་དང་སྤེལ་བཞིན་པས་ན། དཔེ་ཀློག་ནི་ཁེ་དབང་ཞིག་ཏུའང་གྲུབ་ཚར། ཀྱེ་གྲོགས་པོ། དོ་ཞག་ཁྱོད་ཀྱིས་དཔེ་ཀློག་བྱེད་ཀྱིན་ཡོད་དམ། ཁྱོད་ཀྱིས་དཔེ་དེབ་ག་ཚོད་ཅིག་བཀླགས་སམ། །