སྲོལ་རྒྱུན་སློབ་གསོའི་མཐོང་སྣེ་ནས་ལྟ་ཁྲིད་སྦྱོང་གསུམ་གྱི་ཁྲིད་ཐབས་ལ་རགས་ཙམ་དཔྱད་པ།

རྟ་མགྲིན་ཚེ་རིང་། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 03-25


[གནད་བཏུས] དཔྱད་རྩོམ་ཐུང་ངུ་འདིར་བོད་ཀྱི་སྲོལ་རྒྱུན་སློབ་གསོའི་མཐོང་སྣེ་ནས་ལྟ་ཁྲིད་སྦྱོང་གསུམ་གྱི་སློབ་ཁྲིད་བྱེད་ཐབས་ལ་རགས་ཙམ་དཔྱད་ཡོད་ལ། དཔྱད་གཞིའི་རྒྱུ་ཆ་ཁག་ཅིག་དང་འབྲེལ་ཏེ་ལྟ་ཁྲིད་སྦྱོང་གསུམ་གྱི་གོ་དོན་དང་ཁྱད་ཆོས། དེ་དང་སྲོལ་རྒྱུན་སློབ་གསོའི་བར་གྱི་ཁྱད་པར། ཁྲིད་ཐབས་གསར་བ་འདིའི་དགེ་སྐྱོན་སོགས་ཀྱི་ཐད་ནས་རང་གི་བསམ་ཚུལ་མདོ་ཙམ་བརྗོད་ཡོད་དོ། །

[གནད་ཚིག] ལྟ་ཁྲིད་སྦྱོང་གསུམ། གོ་དོན་དང་ཁྱད་ཆོས། དགེ་སྐྱོན།

གླེང་གཞི།

སློབ་ཁྲིད་བྱེད་ཐབས་འདི་ལ་མཚོན་ན་སྲོལ་རྒྱུན་གྱི་སློབ་ཁྲིད་བྱེད་ཐབས་དང་མི་འདྲ་བར་དགེ་སློབ་གཉིས་ལ་ཕན་ཚུན་འབྲེལ་འདྲིས་ཀྱི་གོ་སྐབས་མང་དུ་གྱུར་ཅིང་། སློབ་མ་དེ་སློབ་ཁྲིད་ཀྱི་ཁ་གཏད་ས་གཙོ་བོར་གྱུར་པའི་བྱེད་ཐབས་ཤིག་རེད། འོན་ཀྱང་། སློབ་ཁྲིད་བྱེད་ཐབས་འདིའི་རིགས་བོད་ཀྱི་སློབ་གྲྭ་ཆུང་འབྲིང་ཁག་ན་ད་དུང་ལག་བསྟར་བྱས་པ་ཅུང་ཉུང་ཞིང་དེ་འདྲའི་དར་ཁྱབ་བྱུང་མེད་པའི་སྣང་ཚུལ་ཡོད་པ་རེད། དེའི་རྒྱུ་མཚན་གཙོ་བོ་ཡང་བོད་ཀྱི་སློབ་གྲྭ་ཆུང་འབྲིང་ཁག་ལ་མཚོན་ན། ཐོག་མའི་དགོན་སྡེའི་སློབ་གསོ་ནས་ད་ལྟའི་དགོན་སྡེ་དང་རྒྱལ་བཙུགས་ཀྱི་སློབ་གསོ་གཉིས་ཀ་ཟུང་དུ་མྱོང་བཞིན་པའི་དུས་ཡུན་འདིའི་རིང་དུ་སློབ་ཁྲིད་བྱེད་ཐབས་ནི་སྦྱོར་དངོས་རྗེས་གསུམ་རྒྱུགས་ཆེ། སྲོལ་རྒྱུན་སློབ་ཁྲིད་ཀྱི་སྐབས་སུ་དགེ་རྒན་ཁོ་ནས་སློབ་མར་ཁྲིད་པ་ལས་དགེ་སློབ་གཉིས་ཀས་དཔྱད་བསྡུར་བྱེད་པ་ཤིན་ཏུ་ཉུང་ལ། ཉེ་བའི་ལོ་དུ་མའི་རིང་ནས་བཟུང་ཡུན་གྱིས་འདིའི་ཕྱོགས་སུ་གོམ་པ་སྤོ་བཞིན་པའི་སྒང་རེད། དེ་བས། འདིའི་ཐད་ཀྱི་གནས་ཚུལ་ལ་དཔྱད་པ་གཏོང་རྒྱུ་ནི་སློབ་ཁྲིད་བྱེད་ཐབས་འདི་སྔར་ལས་ཁྱབ་གདལ་གཏོང་རྒྱུའི་ཐབས་ལམ་ཡག་པོ་ཞིག་རེད་སྙམ།

དང་པོ། ལྟ་ཁྲིད་སྦྱོང་གསུམ་གྱི་གོ་དོན་དང་ཁྱད་ཆོས་སྤྱི་བསྟན་པ།

གཅིག ལྟ་ཡི་གོ་དོན་དང་ཁྱད་ཆོས།

སློབ་ཁྲིད་གཅིག་གི་གོ་རིམ་དེ་ཐོག་མར་ལྟ་ཁྲིད་སྦྱོང་གསུམ་གྱི་ལྟ་བ་ནས་མགོ་རྩོམ་དགོས་པ་རེད། ལྟ་ཞེས་པ་འདི་སློབ་མས་རང་སྦྱོང་བྱེད་པ་ལ་ཟེར་ཞིང་།དེ་ཡང་སློབ་མས་དགེ་རྒན་གྱིས་བཀོད་སྒྲིག་བྱས་པའི་སློབ་ཁྲིད་ཀྱི་དམིགས་ཚད་དང་ཆ་རྐྱེན་གཞིར་བཟུང་སྟེ། དམིགས་ཡུལ་ངེས་ཅན་ཡོད་པའི་སྒོ་ནས་རང་སྦྱོང་བྱེད་པ་ཞིག་ལ་གོ རང་སྦྱོང་གི་ཚན་པ་འདི་ནི་ལྟ་ཁྲིད་སྦྱོང་གསུམ་གྱི་གོ་རིམ་ཁྲོད་དུ་ཁྱད་ཆོས་འབུར་དུ་ཐོན་པ་ཞིག་ཡིན། ཐོག་མའི་དུས་སུ་སློབ་མའི་ཆུ་ཚད་དང་བསྟུན་ནས་སློབ་ཁྲིད་མ་བྱས་སྔོན་ལ་སློབ་མར་རང་སྦྱོང་བྱེད་དུ་འཇུག་པ་དང་། དུས་ཡུན་ངེས་ཅན་ཞིག་ལ་སྦྱོང་བརྡར་བྱས་པ་བརྒྱུད་ནས་སློབ་མའི་ཆུ་ཚད་ཇེ་མཐོར་སོང་རྗེས་ལྟ་བ་དེ་སློབ་ཁྲིད་སྔོན་ལ་བཀོད་སྒྲིག་མི་བྱེད་པར་སློབ་ཁྲིད་དངོས་ཀྱི་སྐབས་སུ་ལག་ལེན་བསྟར་རྒྱུ་ཞིག་སྟེ། སློབ་ཁྲིད་འཚོགས་མ་ཐག་དགེ་རྒན་གྱིས་ཁ་གསལ་ཞིང་ཡང་དག་པའི་སྒོ་ནས་སྐབས་སུ་བབ་པའི་སློབ་ཁྲིད་དེའི་དམིགས་ཚད་བཤད་དགོས་པར་མ་ཟད། དགེ་རྒན་གྱིས་སློབ་མའི་རང་སྦྱོང་གི་ལས་ཀར་མཛུབ་སྟོན་བྱས་ཏེ་སློབ་མར་རང་སྦྱོང་གི་ཐབས་ཤེས་དང་དམིགས་འབེན། རེ་བ་གསལ་བོ་ཡོད་པར་བྱས་ཏེ། སློབ་མ་དེ་མྱུར་དུ་རང་སྦྱོང་གི་མཁའ་དབུགས་སུ་འཇུག་ཐུབ་པར་བྱེད་དགོས་པ་རེད། རིམ་པ་འདིའི་ཁྱད་ཆོས་གཙོ་བོ་ནི་དགེ་རྒན་གྱིས་ཐད་ཀར་སློབ་ཁྲིད་ཀྱི་མགོ་མི་རྩོམ་པར་སྔོན་ལ་སློབ་མར་རང་སྦྱོང་བྱེད་དུ་བཅུག་ནས་དོགས་གཞི་བསྐྱེད་པར་བྱེད་པ་སྟེ། 《ལྟ་ཁྲིད་སྦྱོང་གསུམ་གྱི་སློབ་ཁྲིད་བྱེད་ཐབས་ལས་འཕྲོས་པའི་ངེས་ཟིན་དང་བསམ་གཞིག》ཅེས་པའི་ནང་དུ“ལྟ་ཁྲིད་སྦྱོང་གསུམ་གྱི་ལྟ་ཞེས་པ་ནི་དགེ་རྒན་གྱི་མཛུབ་སྟོན་འོག་ཏུ་སློབ་མས་སློབ་ཁྲིད་ཀྱི་ནང་དོན་གཞིར་བཟུང་སྟེ་སློབ་ཁྲིད་ཀྱི་དམིགས་ཚད་ལ་ཁ་གཏད་ནས་རང་འགུལ་གྱིས་བསམ་གཞིག་བྱེད་པ་སྟེ། རང་ཚུགས་ཡོད་ཅིང་ནན་ཏན་སྒོས་དཔེ་ཆ་ཀློག་པ། དཔེ་ཆར་ལྟ་བ། ལག་ལེན་བྱེད་པ། བསམ་བློ་གཏོང་བ་བཅས་བྱས་ཏེ་དོགས་གཞིའི་འབྱུང་རྐྱེན་ལ་ཐོག་མའི་ངེས་ཤེས་སྐྱེས་པ་རེད།”①ཅེས་པ་ལས་རྟོགས་པ་ཐུབ་པར་སྙམ། དེ་མིན། 《ལྟ་ཁྲིད་སྦྱོང་གསུམ་གྱི་སློབ་ཁྲིད་བྱེད་ཐབས་ཀྱི་ངོ་བོའི་ཁྱད་ཆོས་རགས་ཙམ་གླེང་བ》ཞེས་པའི་ནང་དུ“རང་སྦྱོང་གི་བྱེད་ཐབས་འདི་ལ་བརྟེན་ནས་སློབ་མ་སྒེར་གྱིས་རང་འགུལ་རང་རྟོགས་ངང་འབྲེལ་ཡོད་དོགས་གཞི་ལ་རང་སྟེང་ནས་ལག་ལེན་དང་རང་སྟེང་ནས་འཚོལ་ཞིབ། རང་སྟེང་ནས་སློབ་སྦྱོང་བྱེད་པ་བཅས་བྱས་ཏེ་རང་གི་ནུས་པར་བརྟེན་ནས་སྒེར་ཚུགས་ཀྱིས་གནད་དོན་གསར་རྙེད་དང་དབྱེ་ཞིབ། ཐག་གཅོད་བྱེད་པ་དང་། རྒྱུད་ལ་ཤེས་བྱ་འཇུག་པ་དང་ནུས་པ་མཐོར་འདེགས་གཏོང་བ། བརྩེ་སེམས་རྒྱས་པར་བྱེད་པ་བཅས་བྱེད་པ་རེད།”②ཅེས་བྱུང་ངོ་། །

གཉིས། ཁྲིད་ཀྱི་གོ་དོན་དང་ཁྱད་ཆོས།

ལྟ་ཁྲིད་སྦྱོང་གསུམ་ལས་ཁྲིད་ཅེས་པ་ནི་སློབ་གྲོགས་ཚོས་མཉམ་འབྲེལ་སྒོས་སྔོན་སྦྱོང་བྱས་པའི་ཤེས་བྱའི་ཁྲོད་ཀྱི་དཀའ་གནད་ཅན་ལ་དབྱེ་ཞིབ་དང་དགེ་རྒན་གྱིས་སློབ་ཁྲིད་དངོས་བྱེད་པ་ལ་ཟེར་ཏེ། གོ་རིམ་འདིའི་ཁྲོད་དུ་དགེ་སློབ་བར་དང་སློབ་གྲོགས་ཕན་ཚུན་བར་བློ་སྐྱེད་ཐོབ་པ་དང་། སྐབས་སུ་བབ་པའི་བསླབ་བྱ་ཤེས་ཟིན་པའི་སློབ་གྲོགས་ཚོས་ད་དུང་གསལ་བོ་མི་ཤེས་པའམ་མི་ཤེས་པ་ཐལ་དྲགས་པའི་སློབ་གྲོགས་རྣམས་ལ་རམ་འདེགས་བྱས་ཏེ་སློབ་གྲོགས་ཚང་མ་ལྷན་དུ་ཡར་རྒྱས་འགྲོ་བའི་གོ་རིམ་ཞིག་ཡིན་པ་རེད། དགེ་རྒན་གྱི་ངོས་ནས་བཤད་ན་གསལ་ཁ་ཆོད་པ་གསུམ་ཚང་དགོས་པ་སྟེ། 《ལྟ་ཁྲིད་སྦྱོང་གསུམ་ཐད་ཀྱི་ངའི་ལྟ་ཚུལ》ཞེས་པའི་ནང་དུ“འཁྲིད་བྱའི་ནང་དོན་གསལ་ཁ་ཆོད་དགོས་པ་སྟེ། འཁྲིད་བྱ་དག་ནི་སློབ་མས་རང་སྦྱོང་གི་གོ་རིམ་ཁྲོད་དུ་བྱུང་བའི་དཀའ་གནད་གཙོ་བོ་ཡིན་པ་ལས། སློབ་མས་རང་སྦྱོང་བྱས་ཏེ་རྟོགས་ཟིན་པ་དག་མ་རེད། ཁྲིད་ཐབས་གསལ་ཁ་ཆོད་དགོས་པ་སྟེ། ཚོ་ཆུང་དགར་བའམ་ཡང་ན་སློབ་མར་འགྲེལ་བཤད་བྱེད་དུ་འཇུག་པ། དོན་གོ་བའི་སློབ་མས་དོན་མི་གོ་བའི་སློབ་མར་འགྲེལ་བཤད་བྱེད་པ་དང་སློབ་མའི་ནོར་འཁྲུལ་གྱི་ཆ་ལ་དགེ་རྒན་གྱིས་མཛུབ་སྟོན་གང་ལེགས་བྱེད་དགོས་པ། སློབ་མས་བསམ་གཞིག་བྱས་པ་ཆ་མི་ཚང་བའི་ཐད་ལ་དགེ་རྒན་གྱིས་ཁ་གསབ་འོས་འཚམ་བྱེད་དགོས་པ་རེད། འོན་ཀྱང་། འདི་དག་གི་གོ་རིམ་ཁྲོད་དུ་དགེ་རྒན་གྱིས་ངེས་པར་དུ་ཚད་ཐིག་འཛིན་ཤེས་དགོས་པ་ལས་ཐམས་ཅད་རང་ཉིད་གཅིག་པུས་ཐག་གཅོད་མི་རུང་། ཁྲིད་པའི་རེ་བ་གསལ་ཁ་ཆོད་དགོས་པ་སྟེ། སློབ་མས་འགྲེལ་བཤད་རྒྱག་དུས་ཆ་རྐྱེན་ཇེ་ཡང་དུ་གཏོང་མི་རུང་ལ་སློབ་ཁྲིད་རྩ་གནད་ཀྱི་ཆ་རྐྱེན་ལྟར་དུ་སློབ་མའི་སློབ་སྦྱོང་གི་སྤུས་ཚད་ལ་ཁག་ཐེག་བྱེད་དགོས།”③ཞེས་བཤད་པའི་ཆ་རྐྱེན་འདི་གསུམ་ནི་སློབ་ཁྲིད་བྱེད་ཐབས་འདིའི་ཁྱད་ཆོས་སུ་མངོན་ཡོད་པ་དང་། སློབ་ཁྲིད་བྱེད་ཐབས་འདིས་དགེ་སློབ་གཉིས་ཀའི་བར་འབྲེལ་འདྲིས་བྱེད་པའི་ཆ་ཇེ་མང་དུ་བཏང་བ་རེད།

གསུམ། སྦྱོང་གི་གོ་དོན་དང་ཁྱད་ཆོས།

ལྟ་ཁྲིད་སྦྱོང་གསུམ་ལས་སྦྱོང་གི་བར་སྐབས་འདི་ནི་སློབ་མས་ལྟ་ཁྲིད་གཉིས་ཀྱི་གོ་རིམ་ཁྲོད་དུ་བསླབས་ཟིན་པའི་ཤེས་བྱ་དག་སྦྱང་གཞི་སོགས་ཀྱི་ལམ་ནས་བསྐྱར་སྦྱོང་བྱེད་པའི་ལས་ཀ་ལ་ཟེར་བ་དང་། ཡང་གཅིག་བཤད་ན་སློབ་མས་ཡང་བསྐྱར་ལག་ལེན་ལ་བརྟེན་ནས་བསླབས་ཟིན་པའི་ཤེས་བྱ་ལ་བག་ཆགས་ཟབ་མོ་འཇོག་པའམ་ཡང་བསྐྱར་འཚོལ་ཞིབ་བྱེད་པ་ལ་བརྟེན་ནས་གོ་བ་གཏིང་ཟབ་ལེན་པ་ཞིག་ཡིན་པ་རེད། རིམ་པ་འདི་ལ་མཚོན་ན་རིམ་པ་གོང་མ་གཉིས་དང་མི་འདྲ་བར་དུས་ཚོད་ཀྱི་མང་ཉུང་དང་སྦྱང་བྱའི་ནང་དོན། སྦྱོང་བརྡར་བྱེད་སྟངས། སྦྱོང་བརྡར་བྱེད་པའི་གོ་རིམ་ཁྲོད་ཀྱི་གནད་དོན་ཐག་གཅོད་སྟངས་སོགས་ཀྱི་ཐད་ལ་རེ་བ་ནན་མོ་ཡོད་པ་སྟེ། སློབ་ཁྲིད་སྐབས་སུ་བསླབས་ཟིན་པའི་ཤེས་བྱ་དག་བེད་སྤྱད་ནས་འཚོ་བའི་ཁྲོད་ཀྱི་གནད་དོན་ཐག་གཅོད་བྱེད་པ་དང་། ལག་ལེན་གྱི་གོ་རིམ་ཁྲོད་དུ་ཤེས་བྱ་དེ་སློབ་མ་རང་ཉིད་ཀྱི་ནུས་པ་རུ་བསྒྱུར་རྒྱུ་གཙིགས་ཆེན་བྱེད་པའི་ཁྲིད་ཐབས་ཀྱི་རིམ་པ་ཞིག་ཡིན་པ་རེད། སྦྱོང་བརྡར་བྱེད་པའི་རྣམ་པའི་ཐད་ནས་ཡང་སྣ་མང་རང་བཞིན་ཡོད་དེ། དཔེར་ན། འགྲན་བསྡུར་བྱེད་པ་དང་རྒྱུགས་ཆུང་ལེན་པ་སོགས་ཀྱི་ཐབས་ལ་བརྟེན་ནས་སློབ་མར་སྒེར་ཚུགས་དང་མགྱོགས་པའི་ངང་དགེ་རྒན་གྱི་སྣེ་ཁྲིད་མི་དགོས་པར་ལས་འགན་ལེགས་འགྲུབ་བྱེད་པ་དང་། ཡང་ན་ཚོ་ཆུང་བགར་ནས་ཚོད་ལྟ་དང་གྲོས་བསྡུར་བྱས་ཏེ་ཡང་དག་པའི་མཇུག་འབྲས་རྙེད་པར་བྱེད་པ་ཞིག་རེད། འདི་འདྲའི་སྦྱོང་བརྡར་གྱིས་སློབ་མའི་ཤེས་རྒྱ་ཇེ་ཆེར་གཏོང་བ་དང་གསར་གཏོད་ཀྱི་བསམ་གཞིག་འཕེལ་བར་བྱེད་པ། སློབ་མའི་སྙིང་རུས་སྦྱོང་བརྡར་བྱེད་པ། འགྲན་རྩོད་ཀྱི་འདུ་ཤེས་དང་སྒེར་ཚུགས་ཀྱི་འདུ་ཤེས་ཇེ་མཐོར་གཏོང་བ་སོགས་ལ་ཕན་པ་ཐུན་མོང་མ་ཡིན་པ་ལྡན་པ་རེད། སྦྱོང་བའི་རིམ་པ་འདིའི་ཁྱད་ཆོས་གཙོ་བོ་ནི་སློབ་མའི་བསླབ་ཕྱིའི་འོས་འགན་ཇེ་ཡང་དུ་གཏོང་བ་དང་། སློབ་ཁྲིད་ཀྱི་སྤུས་ཀར་ཚད་འཇལ་བྱེད་པ། དུས་ཚོད་ལྟར་ཡང་དག་པའི་གནས་ཚུལ་ཚུར་སྣང་བྱས་ཏེ་དགེ་རྒན་གྱིས་དམིགས་ཡུལ་ཡོད་པའི་སྒོ་ནས་བསླབ་ཕྱིའི་གསབ་ཁྲིད་བཀོད་སྒྲིག་བྱེད་པར་སྟབས་བདེ་བཟོས་པས། བསླབ་ཕྱིའི་དཔེ་ཀློག་དང་སྔོན་སྦྱོང་ཕྲན་བུ་བྱེད་པའི་ཁོམ་ལོང་ལྡན་པ་སོགས་རེད།

གཉིས་པ། སྦྱོར་དངོས་རྗེས་གསུམ་དང་ལྟ་ཁྲིད་སྦྱོང་གསུམ་གྱི་བསྡུར་བ།

གཅིག སྦྱོར་དངོས་རྗེས་གསུམ་ངོ་སྤྲོད་པ།

སྐབས་སུ་བབ་པའི་སྦྱོར་དངོས་རྗེས་གསུམ་ཞེས་པ་ནི་བོད་ཀྱི་སྲོལ་རྒྱུན་སློབ་གསོའི་བྱེད་ཐབས་གལ་ཆེན་ཞིག་ལ་གོ་དགོས་པ་སྟེ། དེ་དག་རེ་རེའང་སློབ་ཁྲིད་ཀྱི་སྔོན་འགྲོའི་གྲ་སྒྲིག་དང་སློབ་ཁྲིད་དངོས་ཀྱི་སྐབས། སློབ་ཁྲིད་རྗེས་ཀྱི་སྦྱོང་བརྡར་བཅས་ཀྱི་དོན་འདུས་པ་རེད། སྲོལ་རྒྱུན་གྱི་མིང་འདོགས་སྟངས་གཞིར་བཟུང་ན་དཔེ་ཁྲིད་ཅེས་འབོད་དགོས་ཏེ། དཔེ་ཁྲིད་ལ་སྦྱོར་དངོས་རྗེས་གསུམ་ཡོད་པ་ལས་སྦྱོར་བ་ནི་དཔེ་ཁྲིད་ཀྱི་ཐོག་མའི་གྲ་སྒྲིག་ཡིན། དཔེ་ཁྲིད་བཟང་པོ་ཞིག་བྱ་འདོད་ན་ངེས་པར་དུ་དཔེ་ཁྲིད་ལ་གྲ་སྒྲིག་ཡག་པོ་ཞིག་བྱ་དགོས། དཔེ་ཁྲིད་ལ་གྲ་སྒྲིག་བྱེད་སྐབས་ཐོག་མར་ངེས་པར་དུ་བསླབ་ཚན་ཚད་གཞི་ལ་སློབ་སྦྱོང་དང་ཞིབ་འཇུག་བྱ་དགོས། དེ་བས་དཔེ་ཁྲིད་གྲ་སྒྲིག་བྱེད་སྐབས། ཐོག་མར་བརྡ་འཕྲིན་ཆ་ཚང་བའི་རྩ་དོན་སོགས་རྒྱུན་འཁྱོངས་བྱེད་བཞིན་དུ། རང་གི་བློ་གྲོས་ཀྱི་རྩལ་དང་དུས་ཚོད་གཉིས་ལ་བརྟེན་ནས་ཤེས་སུ་འཇུག་ཐུབ་པའི་སློབ་ཚན་གྱི་མིང་རེ་རེ་དང་ཚིག་རེ་རེ། ཚན་པ་རེ་རེ། ཁག་རེ་རེའི་དོན་དང་། དེའི་བསྟན་བྱ་དང་། རྩོམ་སྟངས་ཀྱི་ཁྱད་ཆོས་སོགས་རྟོགས་དགོས་ལ། དེ་དག་དང་འབྲེལ་བ་ཡོད་པའི་དོན་དང་། ཆ་འདྲ་བའི་དོན་སོགས་རྟོགས་པར་བྱ་དགོས། དེའི་རྗེས་བསླབ་ཚན་གྱི་ཚད་གཞི་ལྟར་ཁྲིད་གཞི་བཟོ་དགོས། དངོས་ཀྱི་སྐབས་སུ་དགེ་རྒན་གྱིས་སློབ་མར་དཔེ་ཁྲིད་བྱེད་པ་ཡིན་ལ། བོད་ཀྱི་སྲོལ་རྒྱུན་སློབ་གསོ་ལ་མཚོན་ན་སློབ་ཁྲིད་སྐབས་སུ་དགེ་རྒན་གྱིས་འཁྲིད་པ་གཙོ་ཞིང་སློབ་མས་ཉན་པ་གཙོར་འཛིན་པའི་ཁྱད་ཆོས་ཤིག་ཀྱང་ཡོད་པ་རེད། འདིའི་སྐབས་ནི་དགེ་རྒན་གྱིས་འཁྲིད་བྱའི་ནང་དོན་དེ་འབྲེལ་ཡོད་ཀྱི་རྒྱུ་ཆ་གང་མང་དང་སྦྱར་ནས་སློབ་མའི་རྒྱུད་ལ་འཇོག་པ་དང་། མི་སྣས་འགུལ་སྐྱོད་ཀྱི་ཐད་ནས་དགེ་རྒན་གྱིས་སློབ་ཁྲིད་སྤྱིའི་གོ་རིམ་ཁྲོད་དུ་ཕྱིའི་རྣམ་འགྱུར་དང་སྨྲ་བརྗོད་ཀྱི་གྲུབ་ཆ་གཙོ་བོ་ཟིན་པ་ཞིག་ལ་གོ་དགོས་པ་རེད། རྗེས་ཀྱི་དོན་ནི་སློབ་མས་བསླབ་ཕྱིའི་དུས་ཚོད་བེད་སྤྱད་ནས་བསླབས་ཟིན་པའི་ནང་དོན་ལ་བསྐྱར་སྦྱོང་བྱེད་པ་དང་དགེ་རྒན་གྱིས་བཀོད་སྒྲིག་བྱས་པའི་ལས་བྱ་ལེགས་འགྲུབ་བྱེད་པ་ཞིག་ལ་གོ་དགོས་པ་རེད།

གཉིས། ཕྱོགས་གཉིས་ཀྱི་འདྲ་བའི་ཆ།

ཁྲིད་ཐབས་འདི་གཉིས་ཀའི་འདྲ་བའི་ཆ་ནས་དཔྱད་ན། ཐོག་མར་གཉིས་ཀ་ལ་དུས་ཀྱི་ཆ་ནས་ཁག་གསུམ་དུ་བགོས་པ་འདྲ་ལ། ཁག་གསུམ་པོ་སོ་སོའི་ལས་ཀ་དང་མཐར་ཐུག་གི་དམིགས་ཡུལ་འདྲ་བ། བྱེ་བྲག་ཏུ་བཤད་ན་སྦྱོར་བ་དང་ལྟ་བ་གཉིས་ཀྱི་སྐབས་སུ་སློབ་མས་སྔོན་སྦྱོང་དང་དགེ་རྒན་གྱིས་ལྟ་རྟོགས་བྱེད་པ་འདི་ནི་སྔོན་སྦྱོང་གི་རིམ་པ་ཡིན། འཁྲིད་པ་དང་དངོས་གཞིའི་སྐབས་སུ་ནི་དགེ་རྒན་གྱིས་འཁྲིད་བྱའི་ནང་དོན་སློབ་མར་ཁྲིད་སྟོན་བྱེད་པའི་གོ་རིམ་ལ་བྱ་ཞིང་། སློབ་ཁྲིད་གཅིག་རིང་གི་གྲུབ་ཆ་གཙོ་བོ་འདི་ཡིན་པས། འདིའི་སྐབས་སུ་དགེ་རྒན་གྱིས་ནུས་པ་ཆེས་ཆེར་བཏོན་ནས་རང་ལ་ཐབས་ཤེས་གང་ཡོད་གྱི་སྒོ་ནས་སློབ་མར་སློབ་ཁྲིད་བྱེད་དགོས་ལ་སློབ་མས་ཀྱང་རིག་པ་རྩེ་གཅིག་ཏུ་བསྒྲིམས་ནས་ཉན་དགོས་པ་ཡིན། སྦྱོང་བ་དང་རྗེས་འཇུག་གི་སྐབས་སུ་ནི་སློབ་མས་བསླབས་ཟིན་པའི་ནང་དོན་ལ་བསྐྱར་ལྟ་དང་དགེ་རྒན་གྱིས་བཀོད་སྒྲིག་བྱས་པའི་ལས་བྱ་ལེགས་འགྲུབ་བྱེད་པའི་རིམ་པ་ལ་ཟེར་ཞིང་།རིམ་པ་འདི་ལ་མཚོན་ན་སློབ་མས་རང་རྟོགས་སྒོས་བསླབ་ཕྱིའི་ལས་འགན་ལེགས་འགྲུབ་བྱེད་པ་ཡིན་པས། སྐབས་འདིར་སློབ་མ་གཙོར་འཛིན་དགོས་པ་རེད།

གསུམ། ཕྱོགས་གཉིས་ཀྱི་མི་འདྲ་བའི་ཆ།

༡. དུས་ཚོད་རིང་ཐུང་གི་ཆ་ནས་མི་འདྲ་བ།

སྦྱོར་དངོས་རྗེས་གསུམ་ལ་མཚོན་ན་སྦྱོར་བའི་བར་སྐབས་ནི་སློབ་ཁྲིད་སྔོན་གྱི་དུས་ཡུན་ལ་བྱ་ཞིང་།དགེ་རྒན་གྱིས་སློབ་ཁྲིད་གྲ་སྒྲིག་བྱེད་པ་དང་སློབ་མས་སྔོན་སྦྱོང་བྱེད་དགོས་པ་དེ་རེད། འདི་ལ་སློབ་ཁྲིད་མ་བྱས་གོང་གི་དུས་ཚོད་ཧྲིལ་བོ་ཡིན་པས་ན་དུས་ཀྱི་ཆ་ནས་རང་དབང་ཆེ་བ་ཡིན་མོད། འོན་ཀྱང་། སློབ་མའི་རང་རྟོགས་ཀྱི་ནུས་པ་དང་རང་གཅུན་གྱི་ནུས་པ་མི་འདྲ་བས། སྤུས་ཚད་ཀྱི་ཆ་ནས་དེ་འདྲ་མཉམ་པོ་ཡོང་རྒྱུ་ཤིན་ཏུ་དཀའ་བ་རེད། འོན་ཀྱང་། ལྟ་ཁྲིད་སྦྱོང་གསུམ་ལ་མཚོན་ན་དེ་དང་མི་འདྲ་བར་རིམ་པ་གསུམ་པོ་དེ་སློབ་ཁྲིད་གཅིག་གི་རིང་ལ་ཡོངས་སུ་འགྲུབ་པར་བྱེད་པ་རེད། དེ་ལས་རིམ་པ་དང་པོ་ལྟ་བའི་སྐབས་སུ་དགེ་རྒན་གྱིས་སློབ་ཁྲིད་འཚོགས་མ་ཐག་ཐེངས་འདིའི་སློབ་ཁྲིད་ཀྱི་དམིགས་ཚད་དང་རེ་བ་སློབ་གྲོགས་ཚོར་གསལ་བོར་བཤད་རྗེས། སློབ་གྲོགས་ཚོས་དེ་གཞི་འཛིན་ས་བྱས་ཏེ་སྔོན་སྦྱོང་བྱེད་པ་རེད། འདི་ལ་སྤྱིར་བཏང་དུ་དུས་ཚོད་སྐར་མ༡༥ལྷག་ཡིན་པ་དང་སྔོན་གྱི་སྐར་མ༥རིང་ལ་དགེ་རྒན་གྱིས་དམིགས་ཚད་དང་རེ་བ་སྒྲོག་འདོན་བྱེད་པ་དང་། རྗེས་ཀྱི་སྐར་མ༡༠རིང་ལ་སློབ་མས་སྔོན་སྦྱོང་གི་རིམ་པ་འགྲོ་དགོས་པ་རེད།

༢. དགེ་སློབ་གཉིས་ཀྱི་འབྲེལ་བ་མི་འདྲ་བ།

ཁྲིད་པའི་སྐབས་སུ་དགེ་སློབ་གཉིས་ཀས་ཕན་ཚུན་མཉམ་འབྲེལ་གྱི་སྒོ་ནས་སློབ་ཁྲིད་དངོས་ཀྱི་ནང་དོན་ལ་སློབ་སྦྱོང་བྱེད་པ་དང་། དགེ་རྒན་གྱིས་ཁྲིད་ཆས་ཀྱི་ངོས་ནས་སློབ་གྲོགས་རྣམས་ལ་སློབ་ཚན་གྱི་བརྗོད་སྙིང་དང་བསྟན་དོན། གོ་དཀའ་བའི་ཐ་སྙད་སོགས་ལ་འགྲེལ་བཤད་བྱེད་པ་དང་། སློབ་མས་དགེ་རྒན་གྱི་སློབ་ཁྲིད་ཁྲོད་དོགས་གཞི་ཡོད་སར་དྲི་བ་འདོན་པའམ་རང་གི་བསམ་ཚུལ་བརྗོད་པ་བཅས་བྱེད་དགོས་པ་རེད། སྤྱིར་བཏང་དུ་འདི་ལ་དུས་ཚོད་སྐར་མ༡༠ལས་མེད་པ་དང་།དུས་ཚོད་སྐར་མ༡༠རིང་གི་སློབ་ཁྲིད་ཀྱི་སྤུས་ཚད་དེ་ཡང་ལྟ་བ་དང་སྦྱོང་བ་གཉིས་ཀར་འབྲེལ་ནས་མངོན་ཐུབ་པ་ལས་ཁྲིད་པ་གཅིག་པུའི་སྐབས་ཀྱི་འབད་པ་ཙམ་གྱིས་མངོན་མི་ཐུབ་བོ། ། འོན་ཀྱང་། སྦྱོར་དངོས་རྗེས་གསུམ་ལ་མཚོན་ན་གོང་གི་ཚན་པ་དག་ལས་བཤད་ཟིན་པ་ནང་བཞིན་སློབ་ཁྲིད་དངོས་ཀྱི་སྐབས་སུ་དགེ་རྒན་གྱིས་འཆད་པ་དང་སློབ་མས་ཉན་པ་གཙོ་བོར་བྱེད་པས་མི་འདྲའོ། །

༣. བསླབ་ཕྱིའི་ལས་བྱ་ལེགས་འགྲུབ་བྱེད་སྟངས་མི་འདྲ་བ།

སྦྱོང་བ་ནི་ཁྲིད་ཐབས་རིམ་པ་འདིའི་ཁྲོད་ཀྱི་ཆེས་གལ་ཆེ་བའི་ཁག་ཅིག་སྟེ། སྤྱིར་བཏང་འདི་ལ་དུས་ཚོད་སྐར་མ༢༠དུས་ཡུན་ཡོད་པ་རེད། དུས་ཚོད་འདི་འདྲའི་རིང་བ་ཡང་རིམ་པ་འདིའི་གལ་ཆེའི་རིན་ཐང་གིས་མཚོན་ཡོད་པ་རེད་དེ། སློབ་གྲོགས་རྣམས་ཀྱིས་སྐར་མ༢༠རིང་ལ་སློབ་ཁྲིད་གཅིག་རིང་གི་ཤེས་བྱར་བསྐྱར་སྦྱོང་དང་བསམ་གཞིག་བྱས་ཏེ། གནད་དོན་ཐག་གཅོད་བྱེད་དགོས་ལ། དགེ་རྒན་གྱིས་ཀྱང་སྐར་མ༢༠རིང་འདི་བརྒྱུད་ནས་སློབ་གྲོགས་རྣམས་ཀྱི་སློབ་ཁྲིད་གཅིག་རིང་གི་སློབ་སྦྱོང་གི་གྲུབ་འབྲས་ལ་ཞིབ་བཤེར་བྱེད་དགོས་པ་སྟེ། སློབ་གྲོགས་ག་གེ་མོར་དྲི་བ་འདོན་པ་དང་སློབ་གྲོགས་ཚོ་ཚོ་ཆུང་དུ་མར་བགོས་རྗེས་གནད་དོན་མི་འདྲ་བ་གྲོས་བསྡུར་བྱེད་དུ་འཇུག་པ་སོགས་བྱེད་དགོས་པ་རེད། སློབ་མའི་སློབ་སྦྱོང་གི་འགན་ཁུར་ཡོད་ཚད་སློབ་ཐུན་གཅིག་གི་རིང་ཡོངས་འགྲུབ་བྱེད་པའི་ཁྲིད་ཐབས་འདིས་སློབ་མའི་བསླབ་ཕྱིའི་འགན་ཁུར་ཇེ་ཡང་དུ་བཏང་ཞིང་སློབ་སྦྱོང་གི་སྤྲོ་བ་འཕེལ་ནུས་པ་རེད། སྦྱོར་དངོས་རྗེས་གསུམ་སྐབས་སུ་སློབ་ཁྲིད་ཆ་ཚང་གཅིག་རྫོགས་རྗེས་དགེ་རྒན་གྱིས་སློབ་མར་ལས་བྱ་བཀོད་སྒྲིག་བྱས་ཏེ་སློབ་ཐུན་རྗེས་མའི་སྐབས་སུ་ཡར་སྤྲོད་དགོས་པའི་རེ་བ་འདོན་པ་དང་། འདི་ལྟར་བྱས་ཚེ་སློབ་མ་སོ་སོའི་ཆུ་ཚད་མི་འདྲ་ལ་སློབ་སྦྱོང་གི་འདུ་ཤེས་མི་འདྲ་བ་དང་། ཞོར་ལ་བསླབ་ཚན་སོ་སོས་རང་རང་གི་ཐད་ནས་ལས་བྱ་གང་མང་བཀོད་སྒྲིག་བྱས་ཚེ། སློབ་མས་ལས་བྱ་ལེགས་འགྲུབ་བྱས་པའི་སྤུས་ཀར་ཁག་ཐེག་བྱེད་དཀའ་ལ་ལས་བྱ་ཡོངས་འགྲུབ་བྱེད་རྒྱུ་དང་ལས་བྱ་བྲིས་པ་བརྒྱུད་ནས་ཤེས་བྱ་གང་རུང་རྒྱུད་ལ་འབྱོར་རྒྱུ་དང་གནད་དོན་ཐག་གཅོད་བྱེད་པའི་ནུས་པ་མཐོར་འདེགས་གཏོང་བ་སོགས་ཀྱི་ཐད་ལ་ཕན་པ་ཆེར་འདོན་མི་ནུས་པར་སྙམ།

གསུམ་པ། ལྟ་ཁྲིད་སྦྱོང་གསུམ་གྱི་དགེ་སྐྱོན་དང་དེ་ལས་འཕྲོས་པའི་བསམ་གཞིག།

གཅིག། དགེ་མཚན་སྐོར།

སློབ་ཁྲིད་བྱེད་ཐབས་འདིའི་གསར་གཏོད་མཁན་དགེ་རྒན་ཚའེ་ལིན་སིན་ལགས་ཀྱིས་ཁོང་གིས་བྲིས་པའི་དཔྱད་རྩོམ《ལྟ་ཁྲིད་སྦྱོང་གསུམ་གྱི་སློབ་ཁྲིད་བྱེད་ཐབས་ཁྱབ་བརྡལ་གཏོང་བའི་ཐད་ཀྱི་མྱོང་བ》ཞེས་པའི་ནང་དུ“སྤུས་ཀ་མཐོར་འདེགས་དང་འགན་ཁུར་ཇེ་ཡང་དུ་གཏོང་བ། ཤེས་བྱ་ཡོན་ཏན་འབྱོར་ལ་མིའི་བྱང་ཚད་ཇེ་མཐོར་གཏོང་ཐུབ་པ། བསླབ་གཞི་བཅོས་སྒྱུར་གྱི་ཆོས་ཉིད་དང་མཐུན་པ། སློབ་ཁྲིད་ཀྱི་སྤུས་ཚད་ལ་ཁག་ཐེག་བྱེད་ཐུབ་པ།”④ཞེས་དང་། 《ལྟ་ཁྲིད་སྦྱོང་གསུམ་གྱིས་དཀའ་གནད་ཆེན་པོ་ལྔ་གྲོལ་ཐུབ》ཅེས་པའི་ནང་དུ“འགན་འཁྲི་ཇེ་ཡང་དང་སྤུས་ཀ་མཐོར་འདེགས་བར་གྱི་འབྲེལ་བ། སློབ་མ་བཟང་པོ་སྐྱེད་སྲིང་དང་ཞན་པར་ཁ་གསབ་བྱེད་པའི་བར་གྱི་འབྲེལ་བ། སློབ་མས་སློབ་པ་དང་དགེ་རྒན་གྱིས་ཁྲིད་པའི་བར་གྱི་འབྲེལ་བ། ཚད་ལྡན་གཏོང་བ་དང་རང་གཤིས་གསོ་སྐྱོང་བར་གྱི་འབྲེལ་བ། རྒྱུགས་ཞུགས་ནུས་པ་མཐོར་འདེགས་དང་ཕྱོགས་ཡོངས་ཀྱི་སྤུས་ཚད་མཐོར་འདེགས་གཏོང་བའི་བར་གྱི་འབྲེལ་བ།”⑤བཅས་དཀའ་གནད་ཆེན་པོ་ལྔ་ཐག་བཅད་པ་བྲིས་འདུགགོང་གསལ་གྱི་རྒྱུ་ཆ་དེ་གཉིས་ལས་ལྟ་ཁྲིད་སྦྱོང་གསུམ་གྱི་སློབ་ཁྲིད་བྱེད་ཐབས་འདིའི་དགེ་མཚན་ཅུང་མངོན་གསལ་ངང་རྟོགས་ཐུབ་པ་ཡིན་ཏེ། སློབ་ཁྲིད་བྱེད་ཐབས་འདིས་སྲོལ་རྒྱུན་གྱི་སློབ་ཁྲིད་བྱེད་ཐབས་ཁྲོད་འདུག་པའི་དཀའ་གནད་དག་རེ་རེ་བཞིན་ཐག་གཅོད་བྱས་པ་རེད། སྲོལ་རྒྱུན་གྱི་སློབ་ཁྲིད་བྱེད་ཐབས་ལ་མཚོན་ན་སློབ་སྦྱོང་གི་སྤུས་ཚད་དང་སྤྲོ་བ་འཕེལ་རྒྱུ་གཉིས་ཀ་གཞི་གཅིག་ཏུ་འཁྱོངས་དཀའ་བ་དང་། དགེ་རྒན་དང་སློབ་མའི་བསླབ་ཕྱིའི་འགན་ཁུར་ཤིན་ཏུ་ལྕི་བ། སློབ་མ་ཡོངས་མཉམ་དུ་འཕེལ་རྒྱས་ཡོང་དཀའ་བ་སོགས་ཀྱི་གནད་དོན་མང་པོ་ཞིག་ལ་འཕྲད་ཀྱི་ཡོད་པ་རེད།

གཉིས། ཞན་ཆའི་སྐོར།

ལྟ་ཁྲིད་སྦྱོང་གསུམ་གྱི་སློབ་ཁྲིད་བྱེད་ཐབས་འདི་ཡང་དགེ་མཚན་ཁོ་ན་ལས་གནོད་པ་གང་ཡང་མེད་པ་མིན་པར་འདོད་དེ། ལྟ་ཁྲིད་སྦྱོང་གསུམ་གྱི་སློབ་ཁྲིད་བྱེད་ཐབས་འདིའི་ཞན་ཆ་ཕྱོགས་གང་དག་ནས་མངོན་ཡོད་ཅེ་ན། དང་པོ་སློབ་ཁྲིད་བྱེད་ཐབས་འདིས་དགེ་སློབ་གཉིས་ཀར་སློབ་ཁྲིད་གཅིག་གི་རིང་སྔོན་སྦྱོང་དང་བསླབ་ཕྱིའི་ལས་བྱ་སོགས་ལེགས་འགྲུབ་བྱེད་དགོས་པའི་རེ་བ་བཏོན་ཡོད་པས། དགེ་རྒན་དང་སློབ་མ་གང་ལ་མཚོན་ན་བློ་སྦྱོང་བཟང་ངན་དང་རིག་སྟོབས་བཟང་ངན་ཡོད་སྲིད་པས། དགེ་རྒན་རེ་འགས་སློབ་ཁྲིད་མགོ་མཇུག་བར་དུ་ཆ་ཚང་ཞིང་གོ་རིམ་དང་ལྡན་པ་ཞིག་བྱེད་དཀའ་བའི་སྣང་ཚུལ་ཡོད་སྲིད་ལ། སློབ་མ་ལ་ལར་མཚོན་ན་ཡང་སློབ་ཁྲིད་གཅིག་གི་རིང་གོ་རིམ་མི་འདྲ་བ་གསུམ་ནས་བཞི་ལྷག་བརྒྱུད་དགོས་པ་ལ་དུས་ལྟར་མཁའ་དབུགས་དེའི་ནང་དུ་འཇུག་ཐུབ་མིན་ལ་ཁྱད་པར་ཆེན་པོ་ཡོད་ངེས་སྙམ། གཉིས་ཀྱི་ཆ་ནས་སློབ་མའི་བསླབ་ཕྱིའི་རང་རྟོགས་དང་རང་གཅུན་གྱི་ནུས་པ་མི་འདྲ་བས། སློབ་མ་ལ་ལས་སློབ་ཁྲིད་གཅིག་གི་ལས་ཀ་གྲུབ་རྗེས་སློབ་ཁྲིད་གྲོལ་མ་ཐག་ནས་བཟུང་རྩེད་མོ་དང་རྣམ་གཡེང་ལ་མགོ་འཁོར་ནས་རང་རྟོགས་སྒོས་དཔེ་དེབ་ཀློག་པའམ་ཉིན་ཐོ་འབྲི་བ། བསྐྱར་སྦྱོང་བྱེད་པ་སོགས་མི་འདོད་པར་དུས་ཚོད་མང་པོ་འཕྲོ་བརླག་ཏུ་གཏོང་བའི་སྣང་ཚུལ་ཡང་ཡོད་སྲིད་པ་རེད། གསུམ་གྱི་ཆ་ནས་གོ་བ་ལེན་པ་གཙོར་བྱས་པར་བརྟེན་སློབ་མས་བློར་འཛིན་གྱི་ནུས་པ་ཇེ་ཞན་དུ་འགྲོ་སྲིད་པ་རེད་། འོན་ཀྱང་། བོད་ཀྱི་སློབ་མར་མཚོན་ན་བློར་འཛིན་ནི་མེད་དུ་མི་རུང་བའི་སློབ་སྦྱོང་གི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་སྟེ། སུམ་རྟགས་དག་གསུམ་ལ་སོགས་རིགས་པའི་གཞུང་ལུགས་མང་པོ་ཞིག་ལ་སྔོན་འགྲོའི་བློར་འཛིན་གྱི་ཆ་མེད་ན་འཆད་དངོས་ལ་ཞུགས་པའི་སྐབས་སུ་བླ་མའི་ཁྲིད་ཀྱི་རྗེས་མི་ཆོད་པའི་སྣང་ཚུལ་ཡོད་པ་རེད། སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གང་དུ་ཡང་སུམ་རྟགས་དག་གསུམ་གཙོ་བྱས་པའི་བློར་འཛིན་གྱི་སྐོར་བསླབ་བྱ་གཙོ་བོའི་གྲས་ཡིན་པས་འདི་དག་དང་ཁ་འབྲལ་ཐབས་མེད་ལ། ལྟ་ཁྲིད་སྦྱོང་གསུམ་གྱི་སློབ་ཁྲིད་བྱེད་ཐབས་ལ་མཚོན་ན་སློབ་མའི་བློར་འཛིན་གྱི་ཐད་ལ་ཤུགས་སྣོན་བྱེད་པར་དགེ་བ་ཆེར་མེད་སྙམ་མོ། །

སྤྱི་སྡོམ།

རང་ཉིད་ཀྱི་མི་ལོ་ཉི་ཤུའི་སློབ་གཉེར་གྱི་ཉམས་མྱོང་དང་ལྟ་ཁྲིད་སྦྱོང་གསུམ་གྱི་སློབ་ཁྲིད་བྱེད་ཐབས་ལ་རྒྱུས་ལོན་རགས་ཙམ་བྱས་པ་གཉིས་ཟུང་དུ་སྦྲེལ་ནས་སྐབས་བབ་ཀྱི་དཔྱད་གཞི་འདི་ལ་བསམ་གཞིག་རགས་ཙམ་བྱས་པ་ཡིན་ལ། ལྟ་ཁྲིད་སྦྱོང་གསུམ་གྱི་སློབ་ཁྲིད་བྱེད་ཐབས་འདི་ལ་མཚོན་ན་གསར་བྱུང་ཞིིག་ཏུ་བརྩིས་ཆོག་པས། དེ་ལ་དུས་རབས་ཀྱི་ཁྱད་ཆོས་དང་དགོས་མཁོ་སྐོང་ཐུབ་པའི་རིན་ཐང་ཁྱད་པར་ཅན་ཡོད་པ་དང་། སློབ་གསོ་དེང་རབས་ཅན་ལ་ཁ་ཕྱོགས་པར་སྣེ་ཁྲིད་ཀྱི་ནུས་པ་གལ་ཆེན་ཡོད་པ་རེད། ཡིན་ནའང་།ཕྲན་གྱིས་བསམས་ན་མི་རིགས་སོ་སོའི་རིག་གནས་དང་རིན་ཐང་གི་ལྟ་བ། སློབ་གསོའི་བྱེད་ཐབས་ཀྱི་ཁྱད་ཆོས་སོགས་མི་འདྲ་བའི་དབང་གིས། རང་ཅག་གི་སློབ་གྲྭ་ཆུང་འབྲིང་ལ་མཚོན་ནས་བཤད་ན་ལྟ་ཁྲིད་སྦྱོང་གསུམ་གྱི་སློབ་ཁྲིད་བྱེད་ཐབས་འདི་ཐད་ཀར་བླང་དོར་གང་ཡང་མེད་པའི་སྒོ་ནས་བེད་སྤྱད་བཏང་ན་མི་འགྲིག་སྙམ་།སློབ་ཁྲིད་བྱེད་ཐབས་འདི་གཉིས་ཟུང་འབྲེལ་བྱེད་རྒྱུ་ཧ་ཅང་གལ་ཆེ་སྙམ་སྟེ། བྱེ་བྲག་ཏུ་བཤད་ན་སློབ་ཁྲིད་བྱེད་ཐབས་འདི་གཉིས་ཀའི་ལེགས་ཆ་དང་ཞན་ཆར་ངོས་ཟིན་གསལ་བོ་ཡོད་པར་བྱས་ཐོག་ཚན་རིག་དང་མཐུན་པའི་སྒོ་ནས་ཕན་ཚུན་གཅིག་གྲོགས་གཅིག་གིས་བྱེད་ཐུབ་པ་བྱས་ཏེ། མི་རིགས་རང་གི་སློབ་གསོའི་གནས་བབ་དང་འཚམ་ཞིང་སློབ་མའི་བསམ་གཞིག་དང་སློབ་སྦྱོང་གི་བྱེད་ཐབས་དང་འཚམ་པའི་ལུགས་ཤིག་འཚོལ་ཞིབ་བྱེད་ཐུབ་ན་དེ་ལས་བཟང་བ་མེད་པར་འདོད། དཔེར་ན། བོད་ཡིག་སློབ་ཁྲིད་ཅིག་ལ་མཚོན་ན་དགེ་རྒན་གྱིས་བསླབ་ཕྱིའི་སྔོན་སྦྱོང་དང་བློར་འཛིན་གྱི་ལས་བྱ་དེ་མུ་མཐུད་དུ་བཀོད་སྒྲིག་བྱས་པའི་ཞར་ལ་སློབ་ཁྲིད་སྐབས་སུ་སློབ་མའི་སྔོན་སྦྱོང་གི་རྨང་གཞིའི་ཐོག་ཁྲིད་ཆས་འོས་འཚམ་བཟོས་ཏེ་ལྟ་ཁྲིད་སྦྱོང་གསུམ་གྱི་ལམ་ནས་དཔེ་ཁྲིད་བྱེད་པ་དང་། སློབ་ཁྲིད་གྲོལ་དུས་སུ་ཡང་མང་ཉུང་དང་དཀའ་སླ་རན་པའི་བསླབ་ཕྱིའི་ལས་བྱ་ཕྲན་ཙམ་བཀོད་སྒྲིག་བྱས་ཏེ་སློབ་མའི་བསླབ་ཕྱིའི་རང་རྟོགས་ཀྱི་གོམས་གཤིས་ཡག་པོ་སྐྱེད་སྲིང་བྱེད་རྒྱུའི་ཐད་ལ་དོ་སྣང་ཆེན་པོ་བྱས་ཚེ། སློབ་མའི་ཆུ་ཚད་ཀྱང་ཡུན་གྱིས་ཇེ་ལེགས་སུ་འགྲོ་ངེས་སྙམ། མདོར་བསྡུས་ན། ལྟ་ཁྲིད་སྦྱོང་གསུམ་ལ་ངོས་ཟིན་གཏིང་ཟབ་ཅིག་ཡོད་པའི་ཐོག་ད་གཟོད་སློབ་ཁྲིད་བྱེད་ཐབས་འདི་ཇི་ལྟར་ལག་ལེན་བྱ་རྒྱུའི་ཐད་ལ་བསམ་གཞིག་བྱས་ན་དེར་བསྟུན་གྱི་གྲུབ་འབྲས་འོས་འཚམ་ཞིག་ལོན་ངེས་སྙམ། །

* རྟ་མགྲིན་ཚེ་རིང་། ནུབ་བྱང་མི་རིགས་སློབ་ཆེན་གྱི་ཀྲུང་གོའི་མི་རིགས་ཆ་འཕྲིན་ལག་རྩལ་ཞིབ་འཇུག་གླིང་གི༢༠༢༠ལོའི་རབ་འབྱམས་ཞིབ་འཇུག་སློབ་མ་ཡིན།


① 顾彭飞 对“先学后教,当堂后教”教学模式的理解与感悟[J]中学教学参考2010(20)

② 刘金玉 试论“先学后教,当堂训练”教学模式的本质特征[J]江苏教育研究2011(31)

③ 王伟 先学后教,当堂训练之我见[J]中华教学教研优秀文集2006(12)

④ 蔡林森 推广“先学后教,当堂训练”教学法的体会[J]天津教育2011(5)

⑤ 刘金玉“先学后教,当堂训练”:解决五大难题[J]课程与教学管理2009(5)



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1