ཁྲིམས་ལུགས་དྲིལ་སྒྲོག་སློབ་གསོར་ཤུགས་སྣོན་བྱས་ཏེ་དམངས་ཡོངས་ཀྱི་ཁྲིམས་སྐྱོང་འདུ་ཤེས་ཇེ་དྲག་ཏུ་གཏོང་ཆེད། ཉེ་ཆར། བོད་རང་སྐྱོང་ལྗོངས་གཞིས་ཀ་རྩེ་མཐའ་མཚམས་དོ་དམ་ཡན་ལག་རུ་ཁག་འདྲེན་ཐང་མཐའ་མཚམས་མངགས་གཏོང་ཁང་གིས“མི་དམངས་ཉེན་རྟོག་པ་ཁྲི་བརྒྱ་ལྷག་ཁྱིམ་ཚང་ཁྲི་སྟོང་ལ་བསྐྱོད་པའི”བྱེད་སྒོ་དང་ཟུང་འབྲེལ་གྱིས་ས་གནས་དེ་གའི་ཁྲོམ་སྲང་ཆེ་ཆུང་ཀུན་ཏུ“ཁྲིམས་ལུགས་འགག་སྒོར་ཁྱབ་པ”ཞེས་པའི་བརྗོད་གཞིའི་བྱེད་སྒོ་སྤེལ་ཏེ། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་བསམ་བློ་དང་ཀྲུང་དབྱང་གི་ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་པའི་ལས་དོན་གྲོས་ཚོགས་ཀྱི་དགོངས་དོན་མང་ཚོགས་ལ་བརྒྱུད་སྒྲོག་བྱས་པ་རེད།
འདྲེན་ཐང་མཐའ་མཚམས་མངགས་གཏོང་ཁང་གི་ཉེན་རྟོག་པས་མང་ཚོགས་ལ་ཁྲིམས་ལུགས་དྲིལ་སྒྲོག་བྱེད་བཞིན་པ།
བྱེད་སྒོའི་ཁྲོད། མི་དམངས་ཉེན་རྟོག་པ་དག་གིས་འདྲེན་ཐང་གྲོང་བརྡལ་གྱི་སྲང་ལམ་གཙོ་ཤོས་དག་ཏུ་ཁྲིམས་ལུགས་དྲིལ་སྒྲོག་བྱེད་པའི་དུས་མཚུངས་སུ། “ཁྲིམས་ལུགས་དྲིལ་སྒྲོག་ཚོ་ཆུང”བཙུགས་ནས་ཅུང་ཐག་རིང་དུ་གནས་པའི་མང་ཚོགས་ལ་ཁྲིམས་ལུགས་ཁྱིམ་ཏུ་བསྐྱལ་ཏེ་ཁྲིམས་ལུགས་དྲིལ་སྒྲོག་ཆད་ལྷག་དང་འཐུས་ཤོར་མི་ཡོང་པར་ཁག་ཐེག་བྱས་པ་དང་། “མི་རེ་རེའི་ཁྲིམས་ལུགས་རྟོགས་པ་དང་རང་རྟོགས་སྒོས་ཁྲིམས་ལ་བརྩི་སྲུང་ཞུ་བའི”རྣམ་པ་ལེགས་པོ་བསྐྲུན་པ་རེད།
མི་དམངས་ཉེན་རྟོག་པས་ཚོང་ཁང་གི་ཚོང་བདག་དང་མཉམ་དུ《བདེ་འཇགས་སྲུང་སྐྱོང་དོ་དམ་འགན་འཁྲིའི་ཡི་གེར》མིང་རྟགས་འགོད་བཞིན་པ།
“ཨ་ཅག 《བདེ་སྐྱོང་དོ་དམ་འགན་འཁྲིའི་ཡི་གེའི》དེབ་འདི་ནི་རྒྱ་བོད་ཤན་སྦྱར་ཅན་ཞིག་ཡིན་ལ། ཁྱོད་ཀྱིས་སྔོན་ལ་ཐེངས་ཤིག་གཟིགས་རོགས། དོན་མི་རྟོགས་པ་ཡོད་ན་ངས་ཁྱོད་ལ་འགྲེལ་བཤད་བྱས་ཆོག”ཅེས“ཁྲིམས་ལུགས་ཐང་བཤམས”ཀྱིས་སྒྲོག་མཁན་ཉེན་རྟོག་ཏའེ་དབྱང་གིས་དེ་གར་ཁྲིམས་ལུགས་གནད་དོན་བློ་འདྲིར་ཡོང་པའི་ཤར་པའི་མང་ཚོགས་ལ་དེ་སྐད་བརྗོད། ཁྲིམས་ལུགས་བཤམས་སྟེགས་སུ《བདེ་སྐྱོང་དོ་དམ་ཁྲིམས་ཆད་བཅའ་ཁྲིམས》ཕུད་ད་དུང《རྩ་ཁྲིམས》《དམངས་ཁྲིམས་སྐོར་གྱི་ཁྲིམས་གཞུང》《བོད་རང་སྐྱོང་ལྗོངས་མཐའ་མཚམས་དོ་དམ་བཅའ་ཁྲིམས》སོགས་དྲིལ་སྒྲོག་ལག་དེབ་ཡོད་ཅིང་། འདྲེན་ཐང་མཐའ་མཚམས་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པ་ཞེ་ཧྲི་ཐའོ་ཡིས“ད་རེས་ཀྱི་ཁྲིམས་ལུགས་དྲིལ་སྒྲོག་འདིར་ང་ཚོས་མང་ཚོགས་ཀྱི་ཉིན་རྒྱུན་འཚོ་བ་དང་འབྲེལ་བའི་ཁྲིམས་ལུགས་བཅའ་ཁྲིམས་སྐོར་ངོ་སྤྲོད་བྱེད་ཀྱི་ཡོད་ལ། དུས་མཚུངས་སུ། དྲིལ་སྒྲོག་ལ་ཕན་འབྲས་ལོན་ཆེད། ང་ཚོས་དྲིལ་སྒྲོག་ལག་དེབ་ཡོད་ཚད་ནི་རྒྱ་བོད་ཤན་སྦྱར་བྱས་ཡོད་ཅིང་། ཡི་གེ་མི་ཤེས་པའི་མང་ཚོགས་ལ་ད་དུང་མི་རིགས་ལས་བྱེད་པས་འགྲེལ་བཤད་དྲིལ་སྒྲོག་གནང་གི་ཡོད། དེ་མིན་ང་ཚོས་ད་དུང་ཁྲིམས་ལུགས་བློ་འདྲི་མཁོ་འདོན་གྱིས་དེ་གར་བློ་འདྲིར་ཡོང་བའི་མང་ཚོགས་ལ་ཞིབ་ཕྲའི་ཁྲིམས་ལུགས་དོན་ཚན་འགྲེལ་བཤད་དང་ནང་དོན་འགྲེལ་བརྗོད་བྱེད་ཀྱི་ཡོད”ཟེར། ཕྱོགས་གཞན་ཞིག་ཏུ “ཁྲིམས་ལུགས་དྲིལ་སྒྲོག་ཚོ་ཆུང”གི་ལས་དོན་ཡང་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད་པ་དང་། ཚོ་ཆུང་གི་མི་དམངས་ཉེན་རྟོག་པ་རྣམས་ཀྱིས་ཁྲིམས་ལུགས་བཅའ་ཁྲིམས་སྐོར་གྱི་དྲིལ་སྒྲོག་ལག་དེབ་རྒྱབ་ཏུ་ཁུར་ཏེ་སྲང་ལམ་ཆེ་ཆུང་ཀུན་ཏུ་བསྐྱོད་ནས་ཁ་འཐོར་དང་ཐག་རིང་དུ་གནས་པའི་མང་ཚོགས་ལ་ཁྲིམས་ལུགས་ཁྱིམ་ཏུ་བསྐྱལ་བའི་དུས་མཚུངས་སུ། ས་གནས་དེ་གའི་མགྲོན་ཁང་དང་ཚོང་ཁང་གི་ཚོང་བདག་དང་མཉམ་དུ《བདེ་འཇགས་སྲུང་སྐྱོང་དོ་དམ་འགན་འཁྲིའི་ཡི་གེར》མིང་རྟགས་བཀོད་དེ་ཕྱོགས་གཉིས་ཀའི་བདེ་འཇགས་དོ་དམ་ཕྱོགས་ཀྱི་ཞིབ་ཕྲའི་འགན་ཁུར་དང་འོས་འགན་སྔར་བས་ཇེ་གསལ་ཏུ་བཏང་སྟེ། ཁོངས་གཏོགས་ས་ཁུལ་གྱིས་བདེ་འཇགས་སྒྲིག་གཞི་སྲུང་སྐྱོང་དང་། ཁྲིམས་འགལ་བྱས་ཉེས་ཅི་རིགས་སྔོན་འགོག་བྱེད་པར་ཁྲིམས་ལུགས་ཀྱིས་རྨང་གཞི་བརྟན་པོ་བསྐྲུན་ཡོད་པ་རེད།
རྒྱུས་ལོན་བྱུང་པ་ལྟར་ན། འདྲེན་ཐང་མཐའ་མཚམས་མངགས་གཏོང་ཁང་གི་ད་རེས་ཀྱི“ཁྲིམས་ལུགས་འགག་སྒོར་ཁྱབ་པ”ཞེས་པའི་བརྗོད་གཞིའི་བྱེད་སྒོས་མང་ཚོགས་ཀྱིས་ཁྲིམས་ལུགས་བཅའ་ཁྲིམས་དང་འབྲེལ་ཡོད་སྲིད་ཇུས་ཤེས་ཚད་ཇེ་མཐོང་བཏང་ཡོད་ལ། མང་ཚོགས་ཀྱིས་ལས་ཀ་ཁྲིམས་ལྟར་སྒྲུབ་པ། དོན་དག་ལ་འཕྲད་རྗེས་ཁྲིམས་འཚོལ་བ། གནད་དོན་ཐག་གཅོད་བྱེད་པར་ཁྲིམས་སྤྱོད་པ། འགལ་ཟླ་སེལ་བར་ཁྲིམས་ལ་བརྟེན་པའི་ནུས་ཤུགས་གོ་ཆོད་ཇེ་དྲག་ཏུ་བཏང་ཡོད་པ་རེད།