༄༅།།མགྲོན་དཀར་བཀྲ་ཤིས་དོན་འགྲུབ་བཞུགས།

མི་གསལ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 03-26


   བསྭོ་བསྭོ།སྟེང་མ་ལྷ་ཡི་ལྷ་ཆེན་བསྭོ།   ལྷ་ཆེན་ཚངས་པ་དཀར་པོ་བསྭོ།   བར་མ་གཉན་གྱི་གཉན་ཆེན་བསྭོ།   གཉན་ཆེན་ཨ་བོ་གེ་འཛོ་བསྭོ།   འོག་མ་ཀླུ་ཡི་ཀླུ་རྒྱལ་བསྭོ།   ཀླུ་རྒྱལ་གཙུག་ན་རིན་ཆེན་བསྭོ།   ང་འབྲས་དཀར་བསམ་པའི་དོན་འགྲུབ་ཀྱིས།ས་བཟང་པོ་སྨོན་ལམ་ལ་ཁ་ནས།ཇ་སྔ་ཇ་དང་པོ་ཁ་ལ་བཞག།ཕྱི་ཇ་གཉིས་པ་ཐབ་ལ་བཏབ།   འདོ་བ་ཁམ་ཆུང་དུང་རྨིག་ཞབས་ལ་ཞོན།སྟག་སྒམ་རྣམ་སྲས་བང་མཛོད་རྒྱབ་ལ་ཁུར།ས་ཡ་ད་ལྕི་ལ་མ་ད་སོས།ས་ལྕི་སོས་ཡག་གི་ཁ་མདོ་ནས།གེ་སར་སྐྱེས་བུ་དོན་འགྲུབ་ཀྱིས།རྟགས་རྟེན་འབྲེལ་ཅན་གྱི་འབྲས་དཀར་སླེབས་འདུག་ཟེར།ལས་དབང་ཐང་ཅན་གྱི་འབྲས་དཀར་སླེབས་འདུག་ཟེར།ཡ་རྟེན་འབྲེལ་ལན་གསུམ་སྒྲིག་བཟླས་ནས་གསེར་སྲང་བཅུ།དངུལ་སྲང་བཞི་བཅུ་ཞེ་ལྔ་བྱིན་ནས་དར་ཉིན་མོ་བདེ་ལེགས་ཤིག་ཉོས་པ་ཕུལ་ནས།ངས་ཉིན་ནས་སྤེན་དཀར་བཏུས།སྲིབ་ནས་སུར་དཀར་བཏུས།ཉིན་སྲིབ་བར་ནས་ཉ་བྲིད་བཏུས་ཏེ་ལྷ་བསང་དཀར་པོ་དགུང་ལ་འཕྱུར་བ་ཞིག་བྱས།ཇ་མི་གཅིག་ཇ་སྣ་བཅོ་བརྒྱད་དེེ།ཇ་ཤར་ཇ་འབོལ་ཇ་བཙོས་ཇ་གསུམ།ཇ་ཤོག་སེར་ཤོག་དམར་ཤོག་དཀར་གསུམ།མེ་ཏོག་གཡང་འཛིན་སྤྲ་ག་གསུམ་ལ་སོགས་པ་བཏབ་ནས་ཁྲ་མོ་གླིང་གི་ཕྱོགས་ལ།ཨ་མྱེ་རྨ་ཆེན་སྤོམ་ར།རྫ་ཡག་ཉེས་ཉི་ཟླ་ཁ་སྤྲོད།ཁྲ་ཕུ་འཛམ་གླིང་ལ་ཁ།གེ་སར་སྐྱེས་བུ་དོན་འགྲུབ།འདོ་རྗེ་རྐྱང་རྒོད་འཕེར་པོ་ལ་སོགས་པ་ལ་མཆོད་དེ།སྔ་དྲོ་གསུམ་ལ་རྟེན་འབྲེལ་བསྒྲིགས་ནས་འོང་།ལྷ་བླ་མ་གསེར་ཞྭ་ཅན་གྱི་རྟེན་འབྲེལ་འགྲིག།ཉིན་གུང་གསུམ་ལ་རྟེན་འབྲེལ་བསྒྲིགས་ནས་འོང་།རྔ་དང་རོལ་མོའི་རྟེན་འབྲེལ་འགྲིག།ཕྱི་དྲོ་གསུམ་ལ་རྟེན་འབྲེལ་བསྒྲིགས་ནས་འོང་།དུང་དང་རྒྱ་གླིང་གི་རྟེན་འབྲེལ་འགྲིག།ན་བ་ནང་གི་མེ་ཏོག་འདྲ་བའི་རྟེན་འབྲེལ་འགྲིག།དགུང་སྔོན་དབྱིངས་ཀྱི་གཡུ་འབྲུག་འདྲ་བའི་རྟེན་འབྲེལ་འགྲིག།རྒྱ་མཚོའི་ནང་གི་གསེར་ཉ་འདྲ་བའི་རྟེན་འབྲེལ་འགྲིག།    འོ་ལགས་སོ་སེང་ཆེན་རིན་པོ་ཆེས།  འབྲས་དཀར་གང་དུ་སོང་ཡིན་ཟེར།   འབྲས་དཀར་སྟོད་ལ་སོང་ཡིན་བཟླས།འབྲས་དཀར་རྒྱ་གར་ཡུལ་ལ་སོང་།  རྒྱ་གར་རྒྱལ་པོའི་ཆོས་སྒོ་ཕྱེས།ཆོས་ཀྱི་བསྟན་པ་དེ་ནས་དར།འབྲས་དཀར་གང་དུ་སོང་ཡིན་ཟེར།འབྲས་དཀར་བར་ལ་སོང་ཡིན་བཟླས།འབྲས་དཀར་བལ་པོའི་ཡུལ་ལ་སོང་།བལ་པོ་རྒྱལ་པོའི་རྒྱུ་སྒོ་ཕྱེས།   རྒྱུ་ཡི་བསྟན་པ་དེ་ནས་དར།    འབྲས་དཀར་གང་དུ་སོང་ཡིན་ཟེར།   འབྲས་དཀར་སྨད་ལ་སོང་ཡིན་བཟླས།  འབྲས་དཀར་རྒྱ་ནག་ཡུལ་ལ་སོང་།རྒྱ་ནག་རྒྱལ་པོའི་ཇ་སྒོ་ཕྱེས།ཇ་ཡི་བསྟན་པ་དེ་ནས་དར།   འོ་ལགས་སོ་སེང་ཆེན་རིན་པོ་ཆེས།   ད་འབྲས་དཀར་ག་ན་འགྲོ་ཡིན་ཟེར།  འབྲས་དཀར་ལུང་པ་ཆུ་མེད་ཡུལ་དུ་འགྲོ་ཡིན་བཟླས།  ལུང་པ་ཆུ་མེད་ཡུལ་ལ་སོང་།   ཆུ་སྣ་རེ་རེ་ཁྲིད་ནས་ཡོང་།  ཆུ་བོ་ཡར་ལུང་གཙང་པོ་ཁྲིད། ལུང་པ་རྩྭ་མེད་ཡུལ་ལ་སོང་།རྩྭ་སྣ་རེ་རེ་ཁྲིད་ནས་ཡོང་།   སྟོད་རྒྱ་གར་གྱི་རྩྭ་མཆོག་གོང་མ་ཁྲིད།  ལུང་པ་རྡོ་མེད་ཡུལ་ལ་སོང་།  རྡོ་སྣ་རེ་རེ་ཁྲིད་ནས་ཡོང་།  ལྷ་སའི་རྡོ་ར་ཁྲ་མོ་ཁྲིད།   འོ་ལགས་སོ་སེང་ཆེན་རིན་པོ་ཆེ།   ངས་འཇིག་རྟེན་ཆགས་པ་རྣམ་གསུམ་བཤད།   བླ་མ་མ་ཆགས་བླ་མ་ཆགས།  །བླ་མ་ཨོ་རྒྱན་པདྨ་ཆགས།  །དཔོན་པོ་མ་ཆགས་དཔོན་པོ་ཆགས།  །དཔོན་པོ་གླིང་རྗེ་གེ་སར་ཆགས།  །མནའ་མ་མ་ཆགས་མནའ་མ་ཆགས།   །མནའ་མ་སེང་ལྕམ་འབྲུག་མོ་ཆགས།   །དེ་འཇིག་རྟེན་ཆགས་པ་རྣམ་གསུམ་ཡིན།།   འོ་ལགས་སོ་སེང་ཆེན་རིན་པོ་ཆེ།ངས་འཇིག་རྟེན་ཆགས་པ་རྣམ་བཞི་བཤད།  ལྷ་ས་མ་ཆགས་ལྷ་ས་ཆགས།  །ལྷ་ས་རྒྱ་མཚོའི་སྟེང་ལ་ཆགས།  །བསམ་ཡས་མ་ཆགས་བསམ་ཡས་ཆགས།  །བསམ་ཡས་བྱེ་མའི་གླིང་ལ་ཆགས།  །དགའ་ལྡན་མ་ཆགས་དགའ་ལྡན་ཆགས།  །དགའ་ལྡན་རི་བོའི་རྩེ་ལ་ཆགས།   །སྡེ་དགེ་མ་ཆགས་སྡེ་དགེ་ཆགས།   །སྡེ་དགེ་སྡེ་གཉིས་བར་ལ་ཆགས།   །འཇིག་རྟེན་ཆགས་པ་རྣམ་བཞི་ཡིན།  འོ་ལགས་སོ་སེང་ཆེན་རིན་པོ་ཆེས།   ངའི་མགོ་ཡི་ར་ལྤགས་དཀར་པོ་ལ། བཤད་པ་དང་བསྟོད་པ་ཨེ་ཡོད་ཟེར། བཤད་པ་དང་བསྟོད་པ་ལོས་ཡོད་བཟླས།   ན་ཉིན་ར་གཡག་བཤས་ལ་ཕབ།  ད་ལོར་ར་ལྤགས་མགོ་ལ་གྱོན།  ཁ་བ་བབ་དུས་ཁ་ཁེབས་བཟོས།  ཉི་མ་དྲོ་དུས་ཉི་ཁེབས་བཟོས། བསེར་བུ་ཡོང་དུས་རླུང་ཁེབས་བཟོས།  ཆར་པ་བབ་དུས་ཆར་ཁེབས་བཟོས།  དར་ཚོན་སེར་པོ་ལྡན་རྒྱུ་དེ།  ལྷ་བླ་མ་དར་བའི་དར་ཚོན་ཟེར།  དར་ཚོན་ཁ་ཞིང་ཆེ་རྒྱུ་དེ།  གསལ་ཉི་ཟླ་འདྲ་བའི་སྤྲུལ་སྐུ་ལ།  བསྟན་པ་རྒྱས་པའི་རྟེན་འབྲེལ་ཡོད།  དར་ཚོན་དཀར་པོ་ལྡན་རྒྱུ་དེ།  གོང་དཔོན་ལུ་དར་བའི་དར་ཚོན་ཟེར།  དར་ཚོན་ཁ་ཞིང་ཆེ་རྒྱུ་དེ།  འོག་སྡེ་དར་བའི་དར་ཚོན་རེད།  དར་ཚོན་སྔོན་པོ་ལྡན་རྒྱུ་དེ།  མ་སྲུ་དར་བའི་དར་ཚོན་ཟེར།  དར་ཚོན་ཁ་ཞིང་ཆེ་རྒྱུ་དེ།  དགའ་སྐྱིད་འཛོམ་པའི་དར་ཚོན་རེད།  ཐོད་དཀྱིལ་མེ་ལོང་ལྡན་རྒྱུ་དེ།  སྐུ་སེང་ཆེན་རྒྱལ་པོའི་ཆ་ལུགས་རེད།  ཁ་སྤུ་མིག་སྤུ་རིང་རྒྱུ་དེ།  ཨ་ཙ་ར་ཡི་ཆ་ལུགས་རེད།   སྣ་མགོ་མགྲོན་བུ་བཏགས་རྒྱུ་འདི།  ཁ་ཆེ་བལ་པོའི་ཆ་ལུགས་རེད།  མ་ནེ་ཨག་ཚོམ་རིང་རྒྱུ་དེ།  ར་མ་རྒྱ་མོའི་ཆ་ལུགས་རེད།  གཡས་ལ་རྒྱ་གཅིག་བྱུག་རྒྱུ་འདི།  རྒྱ་གར་རྒྱལ་པོའི་ཆ་ལུགས་རེད།  གཡོན་ལ་རྒྱ་གཅིག་བྱུག་རྒྱུ་འདི།  རྒྱ་ནག་རྒྱལ་པོའི་ཆ་ལུགས་རེད།  ཆ་ལུགས་མི་གཅིག་ཁ་ཁ་རེད།   ཆོས་ལུགས་མི་གཅིག་སོ་སོ་རེད།

   འོ་ལགས་སོ་སེང་ཆེན་རིན་པོ་ཆེས།   ངའི་ལག་གི་བེར་ཀ་ཁྲ་ཆུང་ལ།  བཤད་པ་དང་བསྟོད་པ་ཨེ་ཡོད་ཟེར།  བཤད་པ་དང་བསྟོད་པ་ལོས་ཡོད་བཟླས།   ངའི་ལག་གི་བེར་ཀ་ཁྲ་ཆུང་འདི།  ཉིན་ནས་བཏུས་པའི་ཤུག་པ་མིན།  སྲིབ་ནས་བཏུས་པའི་འབོ་ལོ་མིན།  ཕ་ཤིང་ལྷ་ཤིང་དཀར་པོ་ཡིན།  མ་ཤིང་ཙནྡན་སྨུག་པོ་ཡིན།  ཚ་བ་རོང་གི་ཚ་སྨྱུག་ཡིན།  ལྷ་ཨོ་རྒྱན་པདྨའི་སྒྲུབ་ཤིང་ཡིན།   མི་ལ་རས་པའི་ཕྱག་བརྟེན་ཡིན།   ཡར་གཡུགས་རྒྱ་གར་ཡུལ་ལ་གཡུགས།  རྒྱ་གར་རྒྱལ་པོའི་ཆོས་སྒོ་ཕྱེས།ཆོས་ཀྱི་བསྟན་པ་དེ་ནས་དར།  ཕར་གཡུགས་བལ་པོའི་ཡུལ་དུ་གཡུགས།བལ་པོ་རྒྱལ་པོའི་རྒྱུ་སྒོ་ཕྱེས།  རྒྱུ་ཡི་བསྟན་པ་དེ་ནས་དར།  མར་གཡུགས་རྒྱ་ནག་ཡུལ་དུ་གཡུགས།  རྒྱ་ནག་རྒྱལ་པོའི་ཇ་སྒོ་ཕྱེས།  ཇ་ཡི་བསྟན་པ་དེ་ནས་དར།  ལག་གི་བེར་ཀ་ཁྲ་ཆུང་འདི།རྒྱབ་ལ་ཁུར་ན་ཁྲ་རིང་བོའུ།  ཁྲ་རིང་བོའུ་ལས་གཟི་འདུག་ཟེར།  མདའ་རྫས་མི་དགོས་ངོ་མཚར་ཆེ།  སྐེད་ལ་དྲངས་ན་སྐེད་གྲི་ཟེར།  རྣོན་པོ་ཡ་ཟི་སྐར་ཕྲན་ཟེར།  གྲི་གྲི་ཤུབས་མི་དགོས་ངོ་མཚར་ཆེ།  ཞབས་ལ་བཅིབས་ན་འདོ་བ་རྟ།འདོ་བ་རྟ་ཡིས་མགྱོགས་འདུག་ཟེར།  ཆས་སྒ་སྲབ་མི་དགོས་ངོ་མཚར་ཆེ།   ལག་གི་བེར་ཀ་ཁྲ་ཆུང་འདི།  ང་ཆུ་ལ་སོང་ན་ཟམ་པ་ཡིན།  བྲག་ལ་སོང་ན་ཕུར་པ་ཡིན།  ཁྱི་རྒོད་ཀྱི་མཆེ་བ་ཕུད་སྤྱད་ཡིན།  མི་རྒོད་ཀྱི་དཔུང་པ་གཅོག་སྤྱད་ཡིན།  རྟ་རྒོད་ཀྱི་སྲབ་མདའ་འཐེན་སྤྱད་ཡིན།

   འོ་ལགས་སོ་སེང་ཆེན་རིན་པོ་ཆེས།   ཁྱོད་རང་ལུས་རྒྱལ་བའི་དཀྱིལ་འཁོར་ལ།  བཤད་པ་དང་བསྟོད་པ་ཨེ་ཡོད་ཟེར།  ངས་རང་ལུས་རྒྱལ་བའི་དཀྱིལ་འཁོར་ལ།  བཤད་པ་དང་བསྟོད་པ་བྱས་ན་ནི།  དབུ་སྐྲ་རྒྱ་ལྕང་ལོ་མ་འདྲ།   ཞལ་ངོ་བཅོ་ལྔའི་དུང་ཟླ་འདྲ།  སྤྱན་གཉིས་ཐོ་རེངས་སྐར་ཆེན་འདྲ།   ཕྱག་གཡས་པ་གསེར་གྱི་རྡོ་རྗེ་འདྲ།   །གཡོན་པ་དངུལ་གྱི་རྡོ་རྗེ་འདྲ།   །མཛུབ་གུ་རྒྱལ་བ་རིགས་ལྔ་འདྲ།  སེན་མོ་ཉི་ཟླ་ཁ་སྤྲོད་འདྲ།   ཨོལ་ཀྲོང་དུང་གི་མཆོད་རྟེན་འདྲ།   མཆིན་པ་རྫ་རི་སྨུག་པོ་འདྲ།  མཁལ་ཚིལ་མར་དཀར་སྤུ་ལུ་འདྲ།  རྒྱུ་མ་གནོད་སྦྱིན་ཞགས་པ་འདྲ།  །པུས་མོ་ཆོས་ཀྱི་འཁོར་ལོ་འདྲ།  ཉྭ་ཡུ་ཙནྡན་སྡོང་པོ་འདྲ།  བཤད་པ་བྱས་ན་དེ་འདྲ་ཡིན།   བསྟོད་པ་བྱས་ན་དེ་འདྲ་ཡིན།

  འོ་ལགས་སོ་སེང་ཆེན་རིན་པོ་ཆེས།   ཁ་ལ་བཟའ་རྒྱུ་ཅི་དགོས་ཟེར།  ཁ་ལ་བཟའ་རྒྱུ་འདི་དགོས་བཟླས།   གཡང་དཀར་ལུག་གི་སྟོད་ལྡེབ་དགོས།   སྟོད་ལྡེབ་གཉའ་བ་འབྱར་མ་དགོས།   ར་མ་རྒྱ་མོའི་ཚང་ར་དགོས།   ཚང་ར་རྔ་འབོག་འབྱར་མ་དགོས།  རྒྱབ་ལ་གྱོན་རྒྱུ་ཅི་དགོས་ཟེར།   སྟག་གཟིག་པགས་པ་སུམ་སྒྲིག་དགོས།   གཅན་གཟན་པགས་པ་སྣེ་གསུམ་དགོས།   དྲོ་འཇམ་ལུ་གུའི་ཚར་ཆུང་དགོས།   སོག་ལྷམ་རྡོག་པ་སུམ་བརྩེགས་དགོས།   དེ་འདྲ་ཡོད་ན་ཆོག་འདུག་བཟླས།  དེ་མིན་མེད་ན་འདྲ་འདུག་བཟླས།  ཡ།  དེ་རིང་གི་ཉི་མ་བཟང་པོ།  སྐར་མ་བཟང་པོ།  འབྲས་དཀར་ཡིད་བཞིན་ནོར་བུ་ངས།  བཤད་པ་དེ་འདྲ་ཞིག་མི་རྒྱག་ཅི་རྒྱག།  བསྟོད་པ་དེ་འདྲ་ཞིག་མི་འབུལ་ཅི་འབུལ་བཟླས་པས།  རྟགས་རྟེན་འབྲེལ་ཅན་གྱི་འབྲས་དཀར་རེད་འདུག།   ལས་དབང་ཐང་ཅན་གྱི་འབྲས་དཀར་རེད་འདུག་ཟེར།   དེ་ནས་ཕོར་པ་ལ་ཨ་འཇའ་བཀྲ་ཤིས།  ལྟོ་བ་ལ་ཡང་འཇའ་བཀྲ་ཤིས་བཟླས་ནས།   འབྲས་དཀར་ང་ཡིས་ལོ་ལ་བསྙལ་བའི་ལོ་ཆང་།  ཟླ་ལ་བསྙལ་བའི་ཟླ་ཆང་།  ཞག་ལ་བསྙལ་བའི་ཞག་ཆང་དེ་ལང་དགོས་བཟླས་ནས་གཅིག་བལྟས་པས།    ཕྱི་ལ་བལྟས་ན་རི་བོ་འདྲ་བ།   རི་བོ་ལ་རི་དྭགས་འཁོར་ས།  ནང་ལ་བལྟས་ན་རྒྱ་མཚོ་འདྲ་བ།   རྒྱ་མཚོ་ལ་ཁ་ཞབས་མེད་པ།  རྒྱ་མཚོ་ལ་ཉ་སྲམ་འཁོར་ས།འབྲས་དཀར་ང་ཡིས་གང་འཐུང་ན་ནི་ཞིམ་ལ་ལ།  དོ་འཐུང་ན་ནི་མངར་ལ་ལ།  གསུམ་འཐུང་ན་ནི་ཅི་ཡིན་དང་འདི་ཡིན་མེད།   ཡར་འཁྱོར་དེ་ཡར་ལ་འཁྱོར།  སྟོད་རྒྱ་གར་གྱི་ཡུལ་ལ་འཁྱོར།  མར་འཁོར་དེ་མར་ལ་འཁྱོར།  སྨད་རྒྱ་ནག་གི་ཡུལ་ལ་འཁྱོར།  ཕར་འཁྱོར་དེ་ཕར་ལ་འཁྱོར།  བལ་པོའི་ཡུལ་ལ་འཁྱོར།   དེ་ནས་བྱེ་རུའི་རྒྱལ་མོའི་ལག་ཡ་མ་གཅིག་ཉོ་དགོས་འདུག་བསམ་ནས་གསེར་ཕྱེ་སྒྲོ་བ་དགུ་བརྒྱ་བྱིན།   དངུལ་ཕྱེ་སྒྲོ་བ་དགུ་བརྒྱ་བྱིན།  གྲོང་སྟོད་ཨ་ཕ་རྒན་པོ་ལ་གཅིག་བསྟན།ཁེ་འདུག་ཁེ་འདུག་ཟེར།  གྲོང་སྨད་ཨ་མ་རྒན་མོ་ལ་གཅིག་བསྟན།  ཕམ་འདུག་ཕམ་འདུག་ཟེར།  ཁེ་ཕམ་མེད་པའི་ཚོང་གཅིག་བརྒྱབ།  ཡག་ཉེས་མེད་པའི་རྟ་གཅིག་རྒྱུག།  དང་པོ་ཚེ་ཚེ་ར་ལ་བཀལ།  ཚེ་ཚེ་ར་ཡིས་མི་ཁྱོག་འདུག།  དེ་ནས་གཡང་དཀར་ལུག་ལ་བཀལ།གཡང་དཀར་ལུག་གིས་མི་ཁྱོག་འདུག།དེ་ནས་འདོ་བ་རྟ་ལ་བཀལ།འདོ་བ་རྟ་ཡིས་མི་ཁྱོག་འདུག།དེ་ནས་སྨུག་ཆུང་དྲེལ་ལ་བཀལ།སྨུག་ཆུང་དྲེལ་གྱིས་མི་ཁྱོག་འདུག།དེ་ནས་ཁྱུང་དཀར་མཛོ་ལ་བཀལ།ཁྱུང་དཀར་མཛོ་ཡིས་མི་ཁྱོག་འདུག།    དེ་ནས་འབྲས་དཀར་ང་ཡིས་ཤོ་དོ་དང་ཡང་དོ་བཟླས་ནས་ཕྲག་པ་གཡས་པའི་ཐོག་ལ་བཞག་ནས་དར་ཉིན་མོ་བདེ་ལེགས་ཤིག་དང་ལྷན་དུ་སེང་ཆེན་ཡིད་བཞིན་ནོར་བུའི་མདུན་དུ་བཞག་ནས།  བྱེ་རུའི་རྒྱལ་མོའི་ལག་ཡ་མ་དེ་མཎྜལ་གསོལ་སྤྱད་བྱས་ཏེ།  ཁྱོད་ཡོན་བདག་ཚང་གི་མི་ལ་ན་ཚ་འོང་མི་ཉན།  ཕྱུགས་ལ་གོད་ཀ་འོང་མི་ཉན།  ཞིང་ལ་བཙའ་སད་སེར་གསུམ་འོང་མི་ཉན།  བཀྲ་ཤིས་པས་ནམ་མཁའ་གང་དགོས།  བྱིན་རླབས་ཀྱི་གཏེར་ཁ་བརྡོལ་དགོས།  ཀི་ཀི་བསྭོ་བསྭོ་ལྷ་རྒྱལ་ལོ།།   ཞེས་པད་སྙིང་བློ་བཟང་གིས་བཤད་པ་ལ་གཞིར་བྱས་ཏེ་རབ་བརྟན་དགེ་ལེགས་ཕུན་ཚོགས་པས་ཆུ་འབྲུག་དབྱུག་པ་ཟླ་བའི་ཚེས་ཉེར་ལྔ་ལ་ས་སྐྱིད་ལྕི་སོས་ཡག་གི་ཁ་མདོ་ནས་བྲིས་པའོ།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1