༄༅།། བོད་ཀྱི་གསོ་རིག་སོག་ཡུལ་དུ་དར་མཆེད་བྱུང་ནས་མི་རིགས་དེའི་སྲོལ་རྒྱུན་གསོ་རིག་ལ་ཤན་ཅི་འདྲ་ཐེབས་ཡོད་དམ།

རྩོམ་པ་པོ། དབང་ཆེན། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ཡོངས་འཛིན་དྲ་བ། སྤེལ་དུས། 03-29


  •   ལོ་རྒྱུས་ཀྱི་ཡིག་ཚང་གཞིར་བཟུང་ནས་དཔྱད་ཚེ་བོད་སོག་བར་གྱི་འབྲེལ་བ་ནི་ས་སྐྱ་པའི་དུས་ཏེ་ཇིང་གིར་ཧན་དང་རྒྱལ་པོ་གོ་དམ་གྱི་སྐབས་ནས་བྱུང་ཞིང། དེ་ནས་བཟུང་སངས་རྒྱས་ཆོས་ལུགས་དང་སྦྲགས་ནས་བོད་ཀྱི་རིག་གནས་ཐམས་ཅད་སོག་ཡུལ་དུ་དར་བའི་དབུ་ཡང་བརྩམས། རིམ་གྱིས་ནང་བའི་བསྟན་པ་སོག་ཡུལ་ཀུན་ཏུ་རྒྱ་ཁྱབ་སྒོས་དར་ནས་སྔ་རྟིང་སོག་ཡུལ་དུ་ནང་བསྟན་དགོན་སྡེ་བཞེངས་པ་དང། དགོན་སྡེ་དེ་དག་གི་ནང་སྨན་པ་གྲྭ་ཚང་བཙུགས་ནས་བོད་ཀྱི་གསོ་རིག་འཆད་ཉན་བྱེད་སའི་ལྟེ་བ་ལྟ་བུར་གྱུར་སྐད། ལོ་རྒྱུས་ཀྱི་རྒྱབ་ལྗོངས་འདི་འདྲའི་ཁྲོད་བོད་ཀྱི་གསོ་རིག་གི་གནའ་བོའི་ཡིག་ཚང་རྣམས་ཀྱང་སྔ་རྟིང་དུ་སོག་པོའི་ཡུལ་ལུང་ལ་མཆེད། ལོ་རྒྱུས་དང་དེབ་ཐེར་ལ་བལྟས་ན་དུས་རབས་བཅུ་གསུམ་པར་དཔལ་ལྡན་རྒྱུད་བཞི་སོག་ཡུལ་དུ་དར་བ་དང། གཞུང་འདི་ཐོག་མར་སོག་ཡུལ་ལ་དར་སྐབས་སོག་མི་རྣམས་ཀྱིས་བོད་ཀྱི་སྐད་ཡིག་གི་ཐོག་ནས་རྒྱུད་བཞིའི་ཟབ་སྙིང་གི་དགོངས་དོན་ལ་སློབ་སྦྱོང་དང་ལག་ལེན་མཛད་པར་བཤད། དཔལ་ལྡན་རྒྱུད་བཞི་དུས་ནམ་ཞིག་ལ་སོག་ཡིག་ཏུ་བསྒྱུར་བའི་སྐོར་ལ་བཞེད་ཚུལ་མི་མཐུན་པ་ཡོད་ཀྱང། རྒྱུད་བཞི་སོག་ཡིག་ཏུ་བསྒྱུར་བའི་སྐོར་ཡི་གེར་བཏབ་པའི་ཟིན་བྲིས་དང་སོག་ཡིག་པར་གཞི་ནི་དུས་རབས་བཅུ་བདུན་པར་བྱུང་བ་རེད། སྐབས་དེར་སོག་ཡིག་གི་པར་གཞི་གཉིས་མཆིས་ཏེ། གཅིག་ནི་དུས་རབས་བཅུ་བདུན་པའི་འགོར་མི་འགྱུར་རྡོ་རྗེ་ཡིས་སོག་ཡིག་ཏུ་བསྒྱུར་ཞིང་ཆིང་རྒྱལ་རབས་སྐབས་པེ་ཅིན་ནས་ཤིང་དཔར་དུ་བརྐོས་པ་ཡིན་ལ། གཞན་གཅིག་ནི་དུས་རབས་བཅུ་བདུན་པའི་དཀྱིལ་དུ་ཛ་ཡ་པཎྜི་ཏ་ནམ་མཁའ་རྒྱ་མཚོས་སོག་ཡོག་ཏུ་བསྒྱུར་པའོ་པར་གཞི་དེ་ཡིན། ཡང་དེབ་ཐེར་ཁ་ཤས་སུ་རྒྱལ་མཆོག་ལྔ་པ་ཆེན་པོའི་དངོས་སློབ་པཎྜི་ཏ་ནམ་མཁའ་རྒྱལ་མཚན་གྱིས་སོག་ཡུལ་དུ་ཆོས་སྤེལ་སྐབས(1642-1662) དཔལ་ལྡན་རྒྱུད་བཞི་སོག་ཡིག་ཏུ་བསྒྱུར་བར་བཤད། དཔལ་ལྡན་རྒྱུད་བཞི་སོག་ཡུལ་ལ་དར་མཆེད་བྱུང་བའི་ཕྱིས་སུ་སྨན་དཔྱད་ཟླ་བའི་རྒྱལ་པོ་དང། མན་ངག་ལྷན་ཐབས། པེེཌཱུརྱ་སྔོན་པོ་སོགས་རིམ་གྱིས་སོག་པོའི་ཡུལ་ལུང་དུ་མཆེད་དེ་སོག་ཡིག་ཏུ་བསྒྱུར་ཡོད། དེ་བཞིན་བོད་ཀྱི་གསོ་དཔྱད་ཀྱི་གཞུང་རྣམས་སོག་ཡིག་ཏུ་བསྒྱུར་བ་དང། ཁྱད་པར་དུ་དཔལ་ལྡན་རྒྱུད་བཞི་འདི་ཉིད་སོག་ཡིག་ཏུ་བསྒྱུར་ཞིང་རྒྱ་ཁྱབ་སྒོས་སོག་པོའི་ཡུལ་ལུང་ཀུན་ཏུ་དར་མཆེད་བྱུང་བ་ནས་བཟུང། སོག་ལུགས་གསོ་རིག་སྨྲ་བ་དང་སྨན་བཅོས་ལས་དོན་པས་བོད་ཀྱི་གསོ་རིག་གི་གཞུང་ལུགས་ལ་སློབ་གཉེར་བྱེད་པའི་གཞུང་ལུགས་ཀྱི་ཕྱི་མོ་ལྟ་བུར་གྱུར། དེ་ནས་ཁོ་ཚོས་སྔར་བས་ལྷག་ཏུ་བོད་ཀྱི་གསོ་རིག་ལ་སློབ་སྦྱོང་དང་ཞིབ་འཇུག་བྱས་ནས་དེའི་ལེགས་ཆའམ་ཉིང་ཁུ་སོག་ལུགས་གསོ་རིག་ནང་དུ་བསྡུ་ལེན་བྱས་ཐོག། མི་རིགས་རང་གི་ཡུལ་སྲོལ་གོམས་གཤིས་དང་སྔར་ཡོད་གསོ་དཔྱད་སོགས་ཀྱིས་ཟུར་བརྒྱན་ཏེ་སོག་ཡུལ་གྱི་གནམ་གཤིས་དང་ས་བབ་ལ་འཚམས་པའི་སོག་པོའི་སྲོལ་རྒྱུན་གསོ་རིག་གི་གཞུང་ལུགས་མ་ལག་གྲུབ་པ་སྟེ། དེའང་བྱེ་བྲག་ཏུ་བཤད་ན། སོག་ལུགས་གསོ་རིག་གི་བྱུང་འཕེལ་བརྒྱུད་རིམ་ཁྲིད་སོག་རིག་སྨྲ་བ་རྣམས་ཀྱིས་བོད་ཀྱི་གསོ་རིག་གི་ཉེས་གསུམ་གྱི་རྣམ་བཞག་དང། འབྱུང་ལྔ་རིག་པ། ཚ་གྲང་གི་རྣམ་བཤད་བཅས་དང། དེ་མིན་ལུས་ཟུངས་བདུན་དང་དྲི་མ་གསུམ། རོ་དྲུག། ནུས་པ་བརྒྱད། ཡོན་ཏན་བཅུ་བདུན་བཅས་ཀྱི་རིགས་ལམ་སོག་ལུགས་གསོ་རིག་གི་ནང་དུ་བསུས་ནས་སོག་པོའི་སྲོལ་རྒྱུན་གསོ་རིག་གི་གཞུང་ལུགས་མ་ལག་གྲུབ་པ་དང་སོགས་ལུགས་གསོ་རིག་འཐུས་ཚང་དུ་བཏང་པ་རེད། གོང་བསྟན་དག་ནི་བོད་ཀྱི་གསོ་རིག་གིས་སོག་པོའི་གསོ་རིག་ལ་ཐེབས་པའི་ཤུགས་རྐྱེན་རྨ་མེད་པ་ཡིན་པ་དང། རིགས་ལམ་དེ་དག་རྡོ་ལ་རི་མོ་བརྐོས་པ་ལྟར་སོག་ལུགས་གསོ་རིག་གི་གཞུང་དུའང་ས་ཁྱབ་རྡོ་ཁྱབ་ཏུ་དར་སྤེལ་བྱུང་ཡོད་པ་འདིས་ཀྱང་བདེན་དཔང་བཙན་པོ་བྱེད་ཐུབ། འདི་ལས་ང་ཚོས་ཤེས་པ་ནི། བོད་ཀྱི་གསོ་རིག་གི་གཞུང་རྙིང་ཁག་སོག་ཡུལ་དུ་དར་མཆེད་བྱུང་བ་ལས་སོག་ལུགས་གསོ་རིག་ལ་དཔྱད་གཞིའི་རིན་ཐང་གཞལ་དུ་མེད་པ་ཞིག་བསྐྲུན་པ་དང། སོག་ལུགས་གསོ་རིག་གི་གཞུང་ལུགས་མ་ལག་གྲུབ་པ་ལ་བླ་ལྷག་གི་མཐུན་རྐྱེན་སྦྱར་ཞིང་ཤུགས་རྐྱེན་ཟབ་མོ་ཐེབས་ཡོད་པ་དང། སོག་ལུགས་གསོ་རིག་དེ་འཐུས་སྒོ་ཇེ་ཚང་དང་ཕུན་སུམ་ཇེ་ཚོགས་སུ་གྱུར་པའི་གོ་རིམ་ཁྲོད་ན་སྣོན་དང་སྣེ་མང་ཅན་དུ་གྱུར་པར་དགེ་མཚན་ལྡན་པའི་ནུས་པ་ཐོན་ཡོད་པ་ནི་བསྙོན་དུ་མེད། མདོར་ན། སོག་པོའི་སྲོལ་རྒྱུན་གསོ་རིག་ད་ལྟའི་ཚད་འདི་ལྟ་བུ་ཞིག་ལ་འཕེལ་རྒྱས་བྱུང་བ་དེ་བོད་ཀྱི་གསོ་རིག་ལ་སློབ་སྦྱོང་དང་ཞིབ་འཇུག་བྱས་ཏེ་དེའི་ལེགས་ཆ་བསྡུ་ལེན་བྱེད་པ་དང་ཁ་བྲལ་ཐབས་མེད་ལ། བོད་ཀྱི་གསོ་དཔྱད་སོག་ཡུལ་དུ་དར་མཆེད་བྱས་ནས་སོག་པོའི་གསོ་རིག་འཕེལ་རྒྱས་དང་འཐུས་ཚང་དུ་སོང་བ་ཡིན་ཞེས་བརྗོད་ཆོག་ཅིང། འདི་ནི་ལོ་རྒྱུས་དང་མཐུན་པའི་སྡོམ་ཚིག་ཡང་དག་པ་ཞིག་ཡིན་པར་སེམས་སོ། །


རྩོམ་ཡིག་སྔོན་མ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1