འཁྲུངས་འདས་བར་གྱི་འགྲོ་སྐྱོད། གླིང་གི་རྗེས་ཤུལ་བཙལ་བའི་སྐོར།

གངས་དབང་གིས་བྲིས་ཤིས་པར་བླངས། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 03-31


བཞི་པ། སྟག་རོང་ཨ་ནུ་གཟིག་འཕེན་གྱི་མཁར་ཤུལ།


ཨ་སྟག་ལྷ་མོའི་མཁར་ཤུལ་ལས་ཕྱིར་ལོག་དུས། གྲོགས་པོ་ཞིག་གིས་ཁངས་ལུང་ན་གནའ་སྔོན་མར་འབྲོང་མང་པོ་ཡོད་མྱོང་ཡང་། དེང་སང་གཅིག་ཀྱང་མཐོང་རྒྱུ་མི་འདུག་ཅེས་ཟེར་བར། ངས་གནའ་སྔོན་མ་ལྟ་བུའི་འབྲོང་རྒོད་ཡོད་ན། ཨ་སྟག་ལྷ་མོ་ལྟ་བུའི་མི་སྣ་དཔའ་རྩལ་ཅན་ཡང་ཡོད་དགོས་རྒྱུ་རེད་ཅེས། རྩེད་མཚར་འཆད་བཞིན་གངས་པ་ཡུལ་ཚོའི་གངས་པ་དགོན་པའི་ཐོག་གི་ལུང་པ་ནང་ཡོད་པའི་སྟག་རོང་ཨ་ནུ་གཟིག་འཕེན་གྱི་མཁར་ཤུལ་མཇལ་དུ་སོང་། གནམ་གྲུ་གསུམ། ས་གྲུ་གསུམ་ཞེས་པ་ལྟ་བུའི་རི་གདོང་གསུམ་བར་ལ་རྡོ་རྩིག་གི་ཤུལ་གྲུ་བཞི་མ་མཐོང་ལ་མ་མཐོང་ཙམ་ཞིག་ཡོད་པ་དེ་ནི། སྟག་རོང་ཨ་ནུ་གཟིག་འཕེན་གྱི་མཁར་རྫོང་མི་འགྱུར་བེའུ་སྟག་རྫོང་གི་ཤུལ་རེད་ཟེར། ཁོང་ནི་སྟག་རོང་དཔོན་པོ་ཁྲོ་ཐུང་གི་བུ་གཉིས་པ་ཡིན་ཡང་། ཁྲོ་ཐུང་གི་གཡོ་སྒྱུ་དང་དགྲ་བོ་ལ་མགོ་འདོགས་པའི་བྱ་སྤྱོད་ལ་མཐའ་གཅིག་ཏུ་དགག་པ་རྒྱག་མཁན་ཞིག་རེད་ཟེར། ལ་ལས་ཁོང་ནི་སྟག་རོང་ཁྲོ་ཐུང་གི་བུ་མིན་པར་སྤུན་ཡིན་ཚུལ་ཡང་བཤད་སྲོལ་འདུག །ཁོང་གིས་ཧོར་གླིང་གཡུལ་འགྱེད་སོགས་ཀྱི་སྐབས་སུ་བྱས་རྗེས་བླ་ན་མེད་པ་བཞག་ཡོད་པ་ནི། གླིང་སྒྲུང་དེ་ལ་ལྟོས་དང་ཤེས། རྒན་ཞི་ཆུང་གིས་གསུངས་པ་ལྟར། གླིང་དཔའ་ཐུལ་སུམ་ཅུའི་ནང་། ཨ་ནུ་གཟིག་འཕེན་ནི་གྲི་རྩལ་དང་ཞགས་པ་སྤྲུལ་གྱི་ཨ་ལུང་གི་འགུགས་རྩལ་ལ་ཤིན་ཏུ་མཁས་ཏེ། དཔའ་ཐུལ་སུམ་ཅུས་ཤར་རྨ་རྒྱལ་སྦོམ་རའི་མདུན་ལ་དམག་རྩལ་སྦྱོང་བའི་སྐབས་སུ། ཨ་ནུ་གཟིག་འཕེན་གྱིས་ཨ་མྱེས་རྨ་ཆེན་སྦོམ་རའི་བླ་གཟིག་ཁྱུང་གི་སྒོ་ང་ཟེར་བ་དེ། ཞགས་པ་སྦྲུལ་གྱི་ཨ་ལུང་གིས་བཟུང་སྟེ་དཔའ་ཐུལ་རྣམས་ཀྱི་དབུས་སུ་འཕངས་པ་ན་མཚན་དེ་ལྟར་ཐོགས་པར་གྲགས། ཧོར་གླིང་གཡུལ་འགྱེད་ནང་གསལ་བ་ལྟར་ན། ཨ་ནུ་གཟིག་འཕེན་གྱི་ཆིབས་རྟ་ལ་ཕོ་རོག་སྟོང་འཚང་ཟེར་བ་དང་། ཁོང་གི་ཆ་ལུགས་ནི་གོས་ཆེན་དམར་པོའི་གོས་གཅིག་གྱོན། ལིང་ཕོ་བ་རིས་སྐེད་རགས་བཅིངས། ཞྭ་མོ་པད་མ་གཡས་འཁྱིལ་ལ་སྟོང་སྐུད་དམར་པོའི་འཛར་ལོ་བརྒྱན། རྨ་བྱའི་སྒྲོ་ཡིས་འཕྲུ་གཅིག་བཙུགས། སག་ལྷམ་འཇའ་རིས་དགུ་སྐོར་ལ། དར་སྐུད་སླས་མས་ལྷམ་སྒྲོག་བཅིངས། ཞེས་པ་ལྟར་ཁྱད་ཆོས་མངོན་གསལ་དོད་པ་དང་། ཁོང་གིས་ཧོར་གླིང་གཡུལ་འགྱེད་སོགས་ཀྱི་སྐབས་སུ་བྱས་རྗེས་ཆེན་པོ་བཞག་ཡོད།

མཁར་ཤུལ་དེའི་འགྲམ་ལ་མ་ཎི་རྡོ་འབུམ་རྙིང་པ་མང་པོ་མཇལ་རྒྱུ་འདུག །ལུང་པ་ལས་བཞུར་བའི་ཆུ་ཕྲན་ཞིག་གི་འགྲམ་ན་ཡོད་པའི་རྡོ་ཟུར་གསུམ་མ་ཞིག་གི་ཐོག་ལ། དཔའ་བོ་ཞིག་གིས་རྟ་ཞོན་པའི་རྡོ་བརྐོས་རི་མོ་འདྲ་མོ་ཞིག་སྣང་མོད། གསལ་པོར་མི་མཐོང་བས་འོལ་ཚོད་བྱས་པ་ཙམ་ལས་རྡོ་བརྐོས་ཡིན་མིན་གཏན་འཁེལ་བྱེད་མ་ཕོད། མཁར་ཤུལ་གྱི་ཕར་གའི་རི་གདོང་དེ་ལ་གླང་མའི་གདོང་ཞེས་འབོད་པ་ལས། དེ་མིན་ས་མིང་དང་ཆུ་མིང་སོགས་གོ་མ་བྱུང་ལ། གླིང་སྒྲུང་དང་འབྲེལ་བ་ཡོད་པའི་རྟགས་མཚན་གཞན་ཅི་ཡང་མི་སྣང་མོད། མཁན་སྤྲུལ་རྣམས་ཀྱིས་སྒྲུང་ཡིག་ནང་བཀོད་པ་ལྟར་དུ་དེ་ནི་སྟག་རོང་ཨ་ནུ་གཟིག་འཕེན་གྱི་མཁར་ཤུལ་དུ་ངོས་འཛིན་མཛད་པ་རེད་འདུག

སྟག་རོང་ཨ་ནུ་གཟིག་འཕེན་གྱི་མཁར་ཤུལ་ལས་ཕྱིར་ལོག་སྟེ། སྟག་ཐོག་ཡུལ་ཚོའི་ཁོངས་སུ་ཡོད་པའི་སྒ་སྐྱ་ལོ་ཚང་གི་མཁར་ཤུལ་རེད་ཅེས་པ་དེ་རུ་སོང་། ས་ཤོག་དེ་ལ་སྐྱ་ལོ་གཡང་སྡེ་ཕྱུག་མོ་ཞེས་འབོད་སྲོལ་འདུག །སྟག་ཐོག་དགོན་པའི་འགྲམ་ན་ཡོད་པའི་མཁར་ཤུལ་དེའི་དཀྱིལ་ལ་ས་འབུར་འབུར་ཙམ་དང་། མཐའ་འགྲམ་ལ་རྩིག་པ་ཞིག་ཤུལ་ཙམ་ལས་དེ་མིན་ཅི་ཡང་མི་སྣང་། མཁར་ཤུལ་ཡོད་སའི་མདུན་གྱི་ན་ཐང་ཆེན་པོ་ན་གྱ་གྱུར་བཞུར་བའི་ཆུ་དེ་ལ་སྐྱ་ཆུ་ཟེར། རྒྱབ་ལ་སྐྱ་མཚོ་ཟེར་བའི་མཚོ་ཞིག་ཡོད་པར་གྲགས། མཁར་ཤུལ་དེ་ནི་སྒ་སྐྱ་ལོ་ཚང་གི་ཡིན་མིན་ཐག་མ་ཆོད་མོད། ས་ཆ་དང་མཚོ་ཡི་མིང་ནང་སྐྱ་ཡིག་ཡོད་པས་སྒ་སྐྱ་ལོ་ཚང་དང་འབྲེལ་བ་ཡོད་པ་ཞིག་མིན་ནམ་སྙམ།

མེས་པོ་ཚོའི་དྲིན་ལས་རི་ཆུའི་བར་ལ་ད་དུང་ལོ་རྒྱུས་ཀྱི་རྗེས་དྲན་མང་པོ་ལྷག་འདུག་ཅིང་། སྲིད་གཞུང་དང་ཡུལ་མི་ཚོས་ཅི་ཐུབ་ཀྱིས་དེ་དག་སྲུང་སྐྱོང་བྱས་ཡོད་པས། རང་ཡུལ་གྱི་རི་ཆུའི་བར་ལོ་རྒྱུས་རིག་གནས་ཀྱི་རྟགས་མཚན་འཚོལ་བའི་ང་ལ་མཚོན་ན། ཐང་ལས་ནོར་བུ་རྙེད་པ་ལྟ་བུ་ཞིག་རེད། ཡིན་ན་ཡང་རྗེས་ཤུལ་དེ་དག་ལ་གནས་སྐབས་སུ་ཁུངས་ལུང་དང་བཅས་པ་གསལ་པོར་བཤད་རྒྱུ་མེད་པས། ལུང་དང་རིགས་པ་ཁྱེར་ཤོག་ཟེར་མཁན་ཚོའི་སེམས་པ་མགུ་བའི་རྒྱུ་མཚན་བཤད་རྒྱུ་མེད་མོད། རང་གིས་འཇོན་ཚད་ཀྱིས་དེ་དག་གི་ད་ཡོད་ཀྱི་རྣམ་པ་པར་མིག་དུ་ལེན། ངག་རྒྱུན་རྣམས་ཡིག་འབྲུར་འབེབས་རྒྱུ་ནི། ང་རང་གིས་བསྒྲུབ་འོས་ལ་སྒྲུབ་ཐུབ་པའི་ལས་ཀ་ཞིག་རེད་ཅེས་རང་སེམས་རང་གིས་སྐུལ་བཞིན། དར་ལག་རྫོང་ཐོག་ལོག་སྟེ་ཁ་ཟས་ཐབས་ཆག་ཅིག་བཟས་རྗེས་དགའ་བདེ་རྫོང་གི་ཕྱོགས་སུ་སོང་།

དགའ་བདེ་རྫོང་གི་མངའ་ཁོངས་སུའང《ཧོར་གླིང་གཡུལ་འགྱེད》ལས། རྨ་སྟོད་རྩེ་ལྷ་བཅུ་གསུམ་གདའ། །རྨ་རྨད་མཐོན་པོ་དགུ་སྒྲིལ་གདའ། །ཞེས་པའི་རྨ་སྨད་མཐོན་པོ་དགུ་སྒྲིལ་ལས་བྲག་རིའི་མར་སྒམ་མཐོན་པོ་དང་། ཁོ་ཐེའུ་ཤེའུ་སྙིང་མཐོན་པོ། ཆ་ཡི་དུང་རི་མཐོན་པོ་ཡོད་ལ། འབྲུག་མོའི་ཐབ་སླང་དང་། གླིང་གི་རྟ་རྒྱུག་ཐོག་མའི་རྟེན་འབྲེལ་སྒྲིགས་ས་གླིང་རྟེན་འབྲེལ་མའམ་གླིང་རྟེན་འབྲེལ་དེའུ། འདུ་ར་སྟག་ཐང་ཁྲ་མོ། ཨ་ཁུ་ཁྲོ་ཐུང་གི་མཁར་བཙན་པོ་ཕོ་རོག་སྙིང་རྫོང་སོགས་ཀྱང་ཡོད་པར་གྲགས།

རྫོང་དང་བར་ཐག་སྤྱི་ལེ་གཉིས་ཙམ་ན། དུད་ཁ་བརྒྱ་དང་སུམ་ཅུ་ལྷག་ཙམ་ཡོད་པའི་བོད་གྲོང་ཞིག་ཡོད་པ་དེ་ལ་དུར་བུད་སྙན་ངག་གྲོང་ཚོ་ཟེར། དེའི་ནང་ལ་གེ་སར་རིག་གནས་ཀྱི་ལོ་རྒྱུས་སྙན་ངག་གླིང་སོགས་བཞེངས་འདུག །གྲོང་ཚོ་དེ་ལ་སྙན་ངག་གྲོང་ཚོ་ཞེས་པ་ནི། བླངས་ན་འཛད་མཐའ་མེད་པའི་ངག་དབང་རིག་འཛིན་དང་། བྲིས་ན་འཛད་མཐའ་མེད་པའི་གུ་རུ་རྒྱལ་མཚན། ཞེས་པ་ལྟར་སྒྲུང་པ་མང་པོ་འཁྲུངས་མྱོང་ལ། ཡུལ་མི་ཚོའང་གླིང་སྒྲུང་ལ་དགའ་བས་མ་ཚད་མང་ཤས་ཀྱིས་སྒྲུང་རེ་བཤད་ཤེས་པས། གླིང་སྒྲུང་རྒྱུན་འཛིན་དང་དར་སྤེལ་བྱེད་བའི་ཆེད་དུ། ཐོག་མར་མིང་ནས་འགོ་བཙུགས་ཏེ་དུར་བུད་སྙན་ངག་གྲོང་ཚོ་ཞེས་མིང་སྙན་མོ་ཞིག་བཏགས་པ་རེད་འདུག །དེ་ནི་ཡུལ་སྐོར་ལྗོངས་རྒྱུ་དར་བ་དང་གནས་སྤོས་གཏན་སྡོད་ཀྱི་ལས་ཀ་སྤེལ་བའི་དུས་སུ། སྲོལ་རྒྱུན་རིག་གནས་ཉམས་སུ་མ་འཇུག་པར་རྒྱུན་འཛིན་བྱེད་ཐབས་ཡག་ཤོས་ཤིག་རེད་བསམས།

སྟོད་སྨད་བར་གསུམ་ན་ནམ་མཁའི་སྐར་མ་ལྟར་ཡོད་པའི་གླིང་སྒྲུང་སྐོར་གྱི་རྗེས་ཤུལ་རྣམས་ལས། འགའ་རེ་ནི་དངོས་སུ་མཇལ་འདོད་ཆེན་པོ་སྐྱེས་ལ། འགའ་ཤས་ནི་རྣ་བས་ཐོས་པ་དང་པར་རིས་ལས་མཐོང་བ་ཙམ་གྱིས་ཆོག་པའི་སེམས་ཁམས་ཀྱི་འབྱུང་རྐྱེན་ཅི་ཡིན་ངས་ཀྱང་མི་ཤེས། གཅིག་བྱས་ན་མི་སྣ་ལ་ཆ་རྒྱུས་དང་དགའ་ཞེན་ཡོད་མེད་ཀྱི་རྐྱེན་ཡིན་ནའང་ཐང་། རེད་དེ། ལོ་རྒྱུས་རིག་གནས་འཚོལ་མཁན་ཞིག་ཡིན་ན། དེ་འདྲའི་བསམ་བློ་ཡོད་མི་རུང་མོད། ཨུ་ཚུགས་ཀྱི་བསམ་བློ་དེ་འགོག་མ་ཐུབ་པས། དགའ་བདེ་རྫོང་གི་ས་ཆ་སོ་སོར་མ་སོང་བར་མགོ་ལོག་ཁུལ་དུ་ལོག་སོང་ངོ་། །


ལྔ་པ། མཚོ་གསུམ་དང་སྒ་སྐྱ་ལོ་ཚང་གི་མཁར་ཤུལ།

ཉིན་གསུམ་གྱི་རིང་ལ་ཨ་མྱེས་རྨ་ཆེན་སྦོམ་ར་ལ་གངས་སྐོར་ཐེངས་གཅིག་བྱས་རྗེས། ཞོགས་པ་སྔ་མོ་ནས་མགོ་ལོག་ཁུལ་རྟ་བོར་གྲོང་རྡལ་ནས་ཆུ་ཚོད་གསུམ་ལྷག་ཙམ་སོང་བ་ན་རྨ་སྟོད་རྫོང་ནང་སླེབས། ས་བབ་ཅུང་མཐོ་བས་མགོ་ན་ཞིང་དབུགས་འཚང་ཡང་། ངལ་གསོ་ཁོམ་མེད་པར་ཀུན་གྱི་ངག་ལ་རླུང་ལྟར་གྲགས་པའི་མཚོ་སྔོ་རེངས་སྐྱ་རེངས་གྲོ་རེངས་གསུམ་མཇལ་དུ་སོང་། རྨ་ཆུའི་སྟོད་རྒྱུད་སྲུང་སྐྱོབ་བྱེད་པའི་ཆེད་དུ་ཡུལ་སྐོར་ལྗོངས་རྒྱུའི་སྲོལ་ཕྱེ་མེད་པས། རྫོང་གི་ཉེ་ས་ན་འགག་སྒོ་ཞིག་ཡོད་ཀྱང་ང་ཚོས་སྐོར་ལམ་ཞིག་བསྐོར་ཏེ་རྨ་ཆུ་འོངས་སའི་ཕྱོགས་དེ་ནས་སྤྱི་ལེ་བཞི་བཅུ་ཙམ་སོང་རྗེས། སྒོ་ཆེན་ཞིག་བཞེངས་འདུག་མོད་སྒོ་སྲུང་མི་འདུག །དེ་ནས་བལྟས་ན་མཚོ་སྔོ་རེངས་ཀྱི་ཟུར་ཙམ་མཐོང་ཐུབ་པས་མགོ་ན་བའང་ཅུང་ལྷོད་ལྷོད་དུ་ཆགས་སོང་། དེ་ནས་ཅུང་ཙམ་སོང་བ་ན་མཚོ་སྔོ་རེངས་ཞེས་བརྐོས་ཡོད་པའི་རྡོ་ཕ་བོང་ཞིག་མཐོང་མ་ཐག་རླངས་འཁོར་ལས་བབ་སྟེ་མཚོའི་འགྲམ་ལ་འགྲོ་དུས། མཚོའི་དཀྱིལ་ནས་གཅིག་རྗེས་གཉིས་མཐུད་དུ་འཕྱུར་བའི་མཚོ་རླབས་ཀྱི་ཤག་སྒྲ་རྒྱུན་ཆད་མེད་པར་རྣ་ལམ་དུ་གྲགས་ཤིང་། མཚོ་ངོས་སུ་ཆུ་བྱ་འགའ་འཕུར་ཞིང་སྐྱོད་པ་དང་། མཚོ་མཐའི་རྩྭ་ཐང་དུ་འབྲི་མ་རྣམས་ཀྱིས་མགོ་བོ་བསྒུར་ནས་རྩྭ་ཆུར་རོལ་བ་ནི། འབྲོག་མི་ཚོ་ལ་དཀར་འོ་མ་འཁྱིལ་བའི་ཆེད་དུ་ཡིན་པ་ལྟར་དང་། ཡ་རུ་རྣམས་ཀྱིས་ཕར་རྒྱུག་ཚུར་རྒྱུག་བྱེད་པ་ནི། བྱིས་པ་བསམ་མེད་ཚོས་གབ་རེས་འཚོལ་རེས་བྱེད་པ་དང་མཚུངས། གཡག་རྒོད་ཚོས་འབྲི་མ་དང་ཡ་རུ་རྣམས་ཀྱི་ཉེ་འགྲམ་དུ་རྫིག་ཉམས་ཀྱིས་གོམ་པ་སྤོ་བཞིན། མཚམས་མཚམས་སུ་ཧར་སྒྲ་རེ་འབྱིན་པ་ནི། ཁོ་ཚོའི་ལྷིང་འཇགས་བག་ཕེབས་ཀྱི་འཚོ་བ་དཀྲུག་མཁན་གྱི་མི་རྣམས་ལ་འཁང་ར་བྱེད་པ་དང་འདྲ།

གྲོགས་པོ་ཞིག་གིས་མཚོའི་འགྲམ་ནས་རྡེའུ་རི་མོ་ཅན་ཞིག་བླངས་ཏེ་མཚོ་སྔོ་རེངས་ཀྱི་དྲན་རྟེན་ཡིན་ཞེས་པས། ངས་ཀྱང་རྡོ་ལེབ་ཆུང་ཆུང་གོར་གོར་ཅན་ཞིག་བཙལ་རྗེས། དེའི་ཐོག་ལ་མཚོ་སྔོ་རེངས་ཞེས་བརྐོས་ཏེ་རྗེས་དྲན་གྱི་མཚོ་རྡོ་ཞེས་རྒྱབ་ཁུག་ནང་བཅུག་པ་ཡིན།

དེ་ནས་མུ་མཐུད་དུ་མཚོ་སྐྱ་རེངས་དང་གྲོ་རེངས་ཀྱི་ཕྱོགས་སུ་སོང་། ལམ་བར་དུ་ལྡེམ་ལྡེམ་དུ་གཡོ་བའི་རྩྭ་སྔོན་པོ་དང་། ལྷུང་ལྷུང་དུ་བཞུར་བའི་རྨ་ཆུ་དལ་འགྲོ་རིང་མོ། བར་སྣང་དུ་འཕར་ལྡིང་བྱེད་པའི་བྱ་བྱེའུ་སྣ་ཚོགས། རི་སྒང་ལ་བག་ཕེབས་ཀྱིས་རྒྱུ་བའི་རྟ་ནོར་ལུག་གསུམ་བཅས་ཀྱིས། ས་རྒྱ་ཆེ་ཡང་མི་གྲངས་ཉུང་བའི་རྨ་སྟོད་ཀྱི་ཡུལ་ལ་གསོན་ཉམས་ཤིག་བསྣན་འདུག །ཁྱད་པར་དུ་བར་བར་ལ་རྐྱང་ཁེར་རྐྱང་རེ་མཐོང་ཞིང་། དེ་ཚོ་ལས་ལ་ལས་རྩྭ་ཁམ་གང་ཟ་བཞིན་སྔ་ལྟ་དང་ཕྱི་ལྟ་རེ་བྱེད་ལ། འགའ་ཤས་ནི་ཚུགས་སུ་ལངས་ཏེ་རྔ་མ་གཡུག་ཙམ་གཡུག་ཙམ་བྱེད་པ་ནི། མི་མང་ཚོགས་པའི་འདུ་འཛི་ལ་མ་མོས་པས་ཟུར་ཞིག་ལ་བྲོས་ཏེ། རང་ཉིད་རང་གིས་བདག་པོ་རྒྱག་པའི་ང་རང་དང་འདྲ་སྣང་ཤར་བྱུང་།

དེ་ལྟར་མཚོ་སྔོ་རེངས་ཀྱི་རྒྱུད་དེད་ནས་སྐྱ་རེངས་གྲོང་ཚོ་ལ་སླེབས་དུས། གྲོང་པའི་ཐོག་ལ་མཚོ་བར་དཀར་རྩེ་ཞེས་པའི་རི་མགོར་སོང་། རི་མགོ་དེ་ན་རྨ་ཆུའི་ཆུ་འགོ་ཞེས་པའི་དྲན་རྟེན་རྡོ་རིང་ཞིག་བཞེངས་འདུག་པ་དང་། རྡོ་རིང་ངོས་སུ་པན་ཆེན་སྐུ་ཕྲེང་བཅུ་པ་དང་ཧུའུ་ཡའོ་པན་གཉིས་ཀྱི། རྨ་ཆུའི་ཆུ་འགོ་ཞེས་བོད་རྒྱ་ཡིག་རིགས་གཉིས་ཀྱི་ཕྱག་བྲིས་འདུག །གླིང་སྒྲུང་ལས། རྨ་སྟོད་རྩེ་ལྷ་བཅུ་གསུམ། རྨ་སྨད་མཐོན་པོ་དགུ་སྒྲིལ། ཞེས་པ་ལྟར་མཚོ་བར་དཀར་རྩེ་ནས་ཡག་རྭ་སྟག་རྩེ་དང་། བྱུ་རུ་སྟག་རྩེ། དམར་ལ་མཚལ་རྩེ། གཡག་རྔ་ལབ་རྩེ། དཀར་ལིའི་ལྷ་རྩེ། བང་ཚང་གཡུ་རྩེ། ཧུ་ལ་སྟག་རྩེ་བཅས་ལས་འགའ་ཤས་གསལ་པོར་མཇལ་ཐུབ་པས། དམངས་ཁྲོད་དུ་རི་བརྒྱད་ཀྱིས་མཚོ་གསུམ་བསྐོར། མཚོ་གསུམ་གྱིས་མཚོ་བར་དཀར་རྩེ་བསྐོར་ཞེས་པ་ལྟར། མཚོ་བར་དཀར་རྩེ་ནས་ལྟ་དུས། མདུན་ན་མཚོ་སྔོ་རེངས་དང་། རྒྱབ་ན་མཚོ་སྐྱ་རེངས། མཚོ་སྐྱ་རེངས་ཀྱི་སྣེ་ལ་མཚོ་གྲོ་རེངས་མཐུད་ཡོད་པ་གསལ་པོར་མཐོང་ཐུབ།

པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་པས་མཚོ་སྐྱ་རེངས་ནི་རྨ་ཆུའི་འགོ་ཁུངས་ཡིན་ཞེས་དགོངས་ལ། ལ་ལས་མཚོ་སྐྱ་རེངས་ཀྱི་མགོ་ན་ཡུལ་ཤུལ་མངའ་ཁོངས་ཀྱི་ཡག་རྭ་སྟག་རྩེ་ཞེས་པ་ནས། མཁར་ཆུ་ཞེས་པའི་ཆུ་ཞིག་མཚོ་སྐྱ་རེངས་ན་བབ་པས། རྨ་ཆུའི་ཆུ་འགོ་ནི་ཡུལ་ཤུལ་གྱི་ས་ཆ་ན་ཡོད་ཅེས་བཤད་ཀྱང་། གང་ལྟར་མདོ་རྩ་གཅིག་པ་རེད། མཚོ་བར་དཀར་རྩེ་ནས་བལྟས་པ་ན། མཚོ་སྐྱ་རེངས་ལས་འོངས་པའི་རྨ་ཆུ་ནི་མཚོ་སྔོ་རེངས་ཀྱི་སྒལ་ཚིགས་ལྟར། དཀྱིལ་ནས་ཤགས་སེར་རྒྱུགས་པས་མཚོ་རྨ་ལ་མི་འདྲེས། རྨ་མཚོ་ལ་མི་འདྲེས་ཞེས་པའི་བཤད་རྒྱུན་འདུག་ལ། མཚོ་སྔོ་རེངས་ནང་རྡོ་ཞིག་ཡོད་པ་དེ་ལ་དམངས་ཁྲོད་དུ་འབྲུག་མོའི་ར་མས་ཁྲིད་ཅེས་ཟེར་སྲོལ་སྣང་།

གླིང་སྒྲུང་ནང་ཡང་ཡང་མཐོང་བའི་མཚོ་སྐྱ་རེངས་དང་སྔོ་རེངས། གྲོ་རེངས་གསུམ་ནི་མཚོའི་མདོག་ཁ་ལ་བརྟེན་ནས་མིང་བཏགས་པ་ཡིན་ངེས། མཚོ་སྐྱ་རེངས་ཁ་ནས་སྐྱ་ལོ་བསྡད། །མཚོ་སྔོ་རེངས་ཁ་ནས་སྔོ་ལོ་བསྡད། །མཚོ་གྲོ་རེངས་ཁ་ནས་གྲོ་ལོ་བསྡད། །ཅེས་པ་ལྟར་བོད་ཀྱི་རིགས་རྒྱུད་སྒ་ཞེས་པས་ས་བཟུང་བ་འདྲ་ལ། མཚོ་གྲོ་སྔོ་གཉིས་ཀྱི་འགྲམ་ལ་སྔོ་ལོ་སྤུན་མཆེད་གཉིས་ཀྱི་མཁར་ཤུལ་དང་། མཚོ་སྐྱ་རེངས་འགྲམ་ལ་སྐྱ་ལོ་ཚང་གི་མཁར་ཤུལ་ཡོད་པར་གྲགས་པས། མཚོ་བར་དཀར་རྩེ་ལས་བབ་སྟེ་མཚོ་སྐྱ་རེངས་དངོས་སུ་མཇལ་དུ་སོང་།

མཚོ་སྐྱ་རེངས་ཀྱི་ཕྱོགས་སུ་འགྲོ་བའི་ལམ་དུ། མཚམས་མཚམས་སུ་རྨ་ཆུ་ནི་མཐོ་སྒང་གི་སྐ་རགས་ལྟ་བུ་སྒེག་ཉམས་ཀྱིས་བཞུར་བ་མཐོང་། མཚོ་སྐྱ་རེངས་ཀྱི་འགྲམ་ལ་སླེབས་དུས། མཚོ་ཁ་ལས་རྟ་རྒོད་སྲབ་ལས་ཤོར་བ་ལྟར། རྦ་རླབས་འཕྱུར་ཞིང་མདུན་དུ་བཞུར་བ་དེ་ནི་རྨ་ཀླུང་སྒེག་མོའི་ཆུ་འགོ་རེད་འདུག །དེའི་ཐོག་ལ་ཟམ་པ་ཞིག་ཡོད་པ་དེ་ནི་རྨ་ཆུའི་ཟམ་པ་དང་པོ་རེད་ཟེར། དེ་ནས་ལྟ་དུས། མཚོའི་འགྲམ་ལ་རི་འབུར་འབུར་ཞིག་ཡོད་པ་དེ་ནི། སྒ་སྐྱ་ལོ་ཚང་གི་མཁར་ཤུལ་ཡོད་ས་རེད་འདུག །རྨ་ཆུའི་ཆུ་འགོ་དང་འབྲུག་མོའི་ཕ་གཞིས་མཐོང་དུས། སེམས་རྩ་དྲོས་ཏེ་མགྱོགས་པོར་རི་བོའི་ཉ་ག་བརྒྱུད་དེ་རི་འབུར་འབུར་དེ་རུ་སོང་། རི་འབུར་འབུར་དེའི་རྩེ་མོར་ལ་བཙས་ཤིག་དང་། དེའི་འགྲམ་ལ་མཚོ་སྐྱ་རེངས་ལ་ཁ་འཁོར་བའི་སྒ་སྐྱ་ལོ་སེང་ལྕམ་འབྲུག་མོའི་སྐུ་འདྲ་ཞིག་བཞེངས་འདུག །སྐུ་འདྲའི་ཞབས་ལ་མཁར་ཤུལ་གྲུ་བཞི་མ་ཞིག་གི་རྩིག་རྨིང་གི་ཤུལ་གསལ་པོར་མཐོང་བ་དང་། མཁར་ཤུལ་གྱི་དཀྱིལ་ལ་རྡོ་ཡི་མཎྜལ་གྱི་མཆོད་པ་དང་། འགྲམ་ལ་བསང་སྒང་ཞིག་འདུག །མཁར་ཤུལ་ནས་མཚོ་སྐྱ་རེངས་ཀྱི་འགྲམ་བར་ལ་འབྲུག་མོའི་ཆུ་ལེན་སའི་ཆུ་ལམ་ཞིག་ཡོད་ཅེས་གོ་མྱོང་བས་ཞིབ་ཀྱིས་བཙལ་ཡང་། རྡོ་འགའ་རེ་གཅིག་རྗེས་གཉིས་མཐུད་ཀྱིས་བསྒྲིགས་ཡོད་པའི་སྐྱ་ལམ་རབ་རིབ་ཙམ་ལས། ཆུ་ལམ་ཡིན་ཐག་ཆོད་པ་གསལ་པོ་ཞིག་མ་མཐོང་།

འདི་ནི་མཚོ་སྐྱ་རེངས་ཁ་ལ་བསྡད་པའི་སྒ་སྐྱ་ལོ་ཚང་གི་མཁར་ཤུལ། སྒ་སྐྱ་ལོ་སེང་ལྕམ་འབྲུག་མོའི་གསས་མཁར་རེད་ཅེས་ཀུན་གྱི་ངག་ལ་རླུང་ལྟར་གྲགས། ཧོར་གླིང་གཡུལ་འགྱེད་ལས། སྐྱ་ལོའི་སྟོན་པ་རྒྱལ་མཚན་ལ། །ཕོ་བྲང་སྟག་རྩེ་ཟེར་བ་གདའ། །ཞེས་པ་ལྟར་ན། འདི་ནི་ཕོ་བྲང་སྟག་རྩེའི་མཁར་ཤུལ་ཡིན་དགོས། གླིང་སྒྲུང་ནང་སྔོ་རེངས་གད་པ་དང་སྐྱ་རེངས་གད་པ་ཞེས་ཡང་ཡང་བཀོད་ཡོད་པ་ལྟར། ཕོ་བྲང་ཡོད་སའང་མཚོ་སྐྱ་རེངས་འགྲམ་གྱི་རི་འབུར་འབུར་གྱི་ངོས་ལ་ཆགས་ཡོད་པས་གཏམ་དེ་བདེན་པ་ཞིག་རེད་འདུག །

དེ་ཡང་སྒ་སྐྱ་ལོ་སེང་ལྕམ་འབྲུག་མོ་ཞེས་མཚན་ཐོགས་དོན་ནི། སྒ་ཞེས་པ་ནི་བོད་ཀྱི་རུས་མཛོད་ནང་སྒ། ལྡོང་། འབྲི། དབྲ། བསེ། ཞེས་པ་ལྟར་བོད་ཀྱི་རུས་རྒྱུད་ཅིག་ཡིན་ལ། དཔའ་རྩལ་ཆེན་པོ་སྒ་དང་བློ་ཁོག་ཆེན་པོ་ལྡོང་། གདུག་རྩུབ་ཆེན་པོ་རྨུ། ངང་རྒྱུད་རིང་པོ་དབྲ་ཞེས་གྲགས་པ་དང་། སྐྱ་ལོ་ཞེས་པ་ནི་སྒ་སྐྱ་ལོ་སྟོན་པའི་རྒྱལ་མཚན་གནའ་སྔོན་མར་དབུས་གཙང་ཕྱོགས་སུ་བསྡད་ཡོད་ཀྱང་། རྗེས་མར་ཨ་མདོ་ཕྱོགས་སུ་ཡོང་དུ་སློབ་དཔོན་པད་མ་འབྱུང་གནས་ཀྱི་ལུང་བསྟན་ལྟར། མཚོ་སྐྱ་རེངས་ཀྱི་ཁ་ལ་གཞིས་ཆགས་པས་མཚན་དེ་ལྟར་ཐོགས་པ་དང་། སེང་ལྕམ་འབྲུག་མོ་ཞེས་པ་ནི་གླིང་སྒྲུང་ནང་བཤད་ཚུལ་ཅུང་མི་འདྲ་བ་གཉིས་ཡོད་དེ། གཅིག་ནི། གངས་རི་ཤེལ་རྫོང་ལས། ང་སེང་ལྕམ་སྐུ་དེ་འཁྲུངས་ཉིན་ལ། །ཨ་སྔོན་དགུང་ནས་འབྲུག་གཅིག་གྲགས། །ན་དམར་གཞུང་ནས་རྐྱང་གཅིག་འཚེར། །དཀར་ཡག་གངས་ནས་སེང་གེ་འགྱིང་། །སེང་ལྕམ་འབྲུག་མོ་དེ་ནས་ཐོགས། །ཞེས་པ་དང་། གཉིས་ནི་སྒྲུང་པ་གྲགས་པས་བཤད་པའི་འཁྲུངས་གླིང་ལས། ང་དབྱར་ལ་མ་འཁྲུངས་དགུན་ལ་འཁྲུངས། །དགུན་ལོ་གསར་ཚེས་པ་གཅིག་ལ་འཁྲུངས། །མཐོ་དགུང་སྔོན་དབྱིངས་ནས་གཡུ་འབྲུག་གྲགས། དཀར་ཡག་གངས་ལ་དུང་སེང་འགྱིངས། །དོག་མོའི་ས་ནས་ལྕམ་ཞིག་འཁྲུངས། །སེང་ལྕམ་འབྲུག་མོ་དེ་ནས་བཏགས། །ཞེས་པ་གཉིས་ལས་མི་འདྲ་ས་ནི་རྐྱང་ཞིག་འཚེར་བ་དང་། ལྕམ་ཞིག་འཁྲུངས་པ་གཉིས་ལས་དེ་མིན་འདྲ་མོ་རེད་མོད། ཞིབ་ཏུ་བསམས་ན་དེ་ནི་ཡིག་འབྲུ་ལ་བལྟས་ནས་ཆེ་བསྟོད་ཀྱི་ཚིག་རྒྱན་བཞག་པ་ཙམ་ལས། དོན་ངོ་མར་མོ་ལ་ཆུང་དུས་ནས་འབྲུག་མོ་ཟེར་ལ། གླིང་གི་རྟ་རྒྱུག་རྒྱན་འཇོག་ཐོག་ལ་འབྲུག་མོ་དང་སྐྱ་ལོ་ཚང་གི་རྒྱུ་ནོར་མང་པོ་རྒྱན་དུ་བཞག་སྟེ། ཇོ་རུ་རྟ་རྒྱུག་རྒྱན་འཇོག་ལས་གེ་སར་ཏེ་སེང་ཆེན་ནོར་བུ་དགྲ་འདུལ་ཞེས་མཚན་ཐོགས་རྗེས། འབྲུག་མོ་ཁོའི་བཙུན་མོའམ་ལྕམ་ལ་གྱུར་པ་ནས་བཟུང་། སེང་ཆེན་ནོར་བུ་དགྲ་འདུལ་གྱི་ལྕམ་འབྲུག་མོ་ཞེས་པའི་བསྡུས་མིང་ཡིན་པ་འདྲ།

གླིང་དཀར་དྭངས་སྨན་མཆེད་བརྒྱད་ཀྱི་གཙོ་མོ་འབྲུག་མོའི་ཆུང་མེ་ཏོག་འཐུ་རོགས་དང་། ཆེ་ལུ་གུ་འཚོ་རོགས་སྔོ་ལོའི་བུ་མོ་ལྡེམ་འགྱུར་དང་ནེའུ་ཆུང་། གྲོ་ལོའི་བུ་མོ་དར་བཟང་ལྷ་མོ་དང་པད་དཀར་མཛེས་ལྡན་སོགས་ལས། འབྲུག་མོ་ནི་བུད་མེད་ཀྱི་དྭངས་རྩེ་ཡིན་པས། གླིང་སྒྲུང་ནང་མོའི་ལུས་ངག་ཡིད་གསུམ་གྱི་ཡོན་ཏན་ཧ་ཅང་གསོན་ཉམས་དོད་པོས་ཞིབ་འབྲི་བྱས་ཡོད་པ་ཚང་མས་དེར་གཟིགས་ཆོག་པས་བསྐྱར་འབྲི་མི་བྱེད།

འཇིག་རྟེན་ཕོ་ཕྱེད་མོ་ཕྱེད། ལུང་པ་རྩྭ་ཕྱེད་ཆུ་ཕྱེད། ཕྱེད་ཀ་མེད་ན་ཕྱེད་ཀ་ཕུང་། སྐྱེ་ཕོ་རབ་ཅིག་གིས་རྒྱ་ཆེན་དོན་ཞིག་འགྲུབ་པར་དྲང་ཕྱོགས་ཀྱི་མཐུན་རྐྱེན་དགོས་ལ། ལྡོག་ཕྱོགས་ཀྱི་བར་ཆད་ཀྱང་ཡོད་དགོས། དོན་ངོ་མར་བུ་ཇོ་རུ་གེ་སར་སར་སྡང་པའི་དགྲ་ལ་སར། དོན་འགྲུབ་འགྲུབ་ཁྲ་མོ་གླིང་ལ་འགྲུབ་པར་མ་འགོག་བཟའ་སྙིང་རུས་ཅན་གྱི་བྱམས་སྐྱོང་དང་། ལྕམ་འབྲུག་མོའི་དུངས་སེམས་ཐོབ་པ་གཉིས་ལས་གལ་འགངས་གང་ཆེ་རེད།

མཚོ་སྐྱ་རེངས་ཀྱི་འགྲམ་ལ་བབ་སྟེ་རྡོ་འཇོང་འཇོང་ཞིག་བཙལ་རྗེས་དེའི་ཐོག་ལ་མཚོ་སྐྱ་རེངས། ལྕམ་འབྲུག་མོ་ཞེས་བརྐོས་ཏེ་ཕྱིར་ལོག་འགོ་ཚུགས། རྨ་ཆུའི་ཐོག་གི་ཟམ་པ་དང་པོ་བརྒལ་ཏེ་ཕྱིར་ལྟ་ཞིག་བྱེད་དུས། མཚོ་མར་འབབ་རྒྱ་མཚོའི་ཁ་གསོ་ཞེས་པ་ལྟར། རྨ་ཆུ་ལྕགས་ནག་འབབ་རྒོད་དེས་རྒྱང་རིང་གི་ཕུགས་འདུན་གྱི་ཆེད་དུ། ཕྲག་ཐོག་ལ་འགན་ལྕི་ཆེན་མོ་ཞིག་ཁུར་ཏེ་ཡར་འབབ་ཨ་ལུང་ལངས་ལངས་དང་། མར་འབབ་སྤྱང་མོ་འདུར་འདུར་གྱིས་མདུན་དུ་བཞུར་བཞིན་སྣང་། སྐབས་དེར། གླིང་སྒྲུང་ནང་ཆུ་བཙན་བཤད་པར། རྨ་ཆུའི་ཁུགས་སོ་རེ་རེ་ན། །ཕ་བླ་མའི་ཆོས་ར་བཟུང་བ་གདའ། །མི་དཔོན་གྱི་ཁྲིམས་ར་བཟུང་བ་གདའ། །རྟ་བྱང་མའི་རྒྱག་སྣེ་བུད་པ་གདའ། །མདའ་སྐྱེན་པོའི་བྱང་ཚབ་བཞག་པ་གདའ། །བུ་དཔའ་བོའི་དཔའ་སྐད་དི་རི་གདའ། །ཨ་མཆོད་སྟོང་གི་ཤོག་སྒྲ་གདའ། །ཞེས་པ་དྲན་དུས། རྨ་ཆུ་ནི་མི་རིགས་འདིའི་འཛམ་གླིང་བསྐོར་བའི་ཕོ་ཉ་ཡིན་ལ། ཕོ་ཉ་འདིས་བྱམས་སེམས་ཀྱི་དོན་དང་ཞི་བདེ་ཡི་བདུད་རྩི་གནང་བས། ཁུགས་སོ་རེ་རེ་ན་རིག་གནས་དཔལ་ཡོན་གྱི་ཆུ་འཁོར་འཁྱིལ་ཏེ། རྨ་ཆུའི་དཔལ་ཡོན་ཞེས་ཡར་དེད་ན་འགོ་ཁུངས་ཡོད་པ། བར་བརྒྱུད་ན་ཡན་ལག་རྒྱས་པ། མར་སོང་ན་རྒྱང་ཕུགས་ཡོད་པ་ཞིག་རེད་ཨང་བསམས།

མཚོ་སྐྱ་རེངས་ལས་ཕྱིར་ལོག་པའི་ལམ་བར་དུ། མཚོ་གྲོ་རེངས་ཀྱི་འགྲམ་ལའང་རྡོ་གོར་གོར་ཞིག་བཙལ་ཏེ་མཚོ་གྲོ་རེངས་ཞེས་བྲིས་ནས་དྲན་རྟེན་དུ་ཁྱེར་བ་ཡིན། ཕྱི་དྲོའི་ཉི་འོད་ནི་འཇམ་ལྷོད་ལྷོད་ཀྱིས་སྤང་རི་དང་མཚོ། རྨ་ཆུའི་ངོས་སུ་ཤར་ཏེ། གནམ་སྔོན་མོ་ལ་ཡོན་ཆབ་ཕུལ་བ་དང་ས་ཆེན་པོར་མཆོད་པ་ཕུལ་བ་དང་མཚུངས། རྐྱང་དང་དགོ་བ་འགའ་རེ་རི་མགོ་ལས་མཚོ་འགྲམ་དུ་བབ་སྟེ་ཆུ་འཐུང་དུ་ཡོང་བ་དང་། རི་སྐེད་ན་སྤྱང་ཀི་འགའ་རེས་རྣ་བ་ཀྲོང་ཀྲོང་དུ་བཙུགས་ཏེ་སོ་ལྟ་བྱེད་བཞིན་འདུག །གྲོགས་པོ་ཡིས་ལམ་བར་དུ་སྤྱང་ཀི་མཐོང་ན་དགྲ་ལྷ་དར་ཞེས་དགའ་དགའ་བྱས་ཀྱང་། ངས་ཉམ་ཆུང་བའི་དགོ་བ་དེ་ལ་ཕྱིར་ལྟ་ཡང་ཡང་བྱེད་དགོས་བྱུང་། ཕྱིར་ལྟ་ཡི་མིག་ལམ་དུ་མགོ་ལ་མི་མཛའ་རྒོ་བ་ཅོག་ཞུ་དང་། ལུས་ལ་མི་མཛའ་བེའུ་རྩག་མཐའ་གྱོང་། རྐང་ལ་མི་མཛའ་རྟ་ལྷམ་དམར་སུག་གྱོན་ཞེས་པའི་ཇོ་རུ་ཆུང་དུས་ཀྱི་སྣང་བརྙན་ཤར་ལ། རྣ་ལམ་དུ་ཁྲབ་ཀྱི་སིལ་སྒྲ་དང་། རྟ་ཡི་རྨིག་སྒྲ། མི་ཡི་འུར་སྒྲ་བཅས་གྲག་སྣང་སྐྱེས་བྱུང་།

སྟོད་ལ་གངས་རི་ཡོད་པས་ཁ་བ་ཆགས། །རི་མཐོན་པོ་མེད་ན་ཁ་བ་ཆགས་ཐབས་མེད། །བར་ལ་རྩྭ་ཐང་ཡོད་པས་མཚོ་མོ་འཁྱིལ། །ཐང་ཡངས་མོ་མེད་ན་བཞུར་ལམ་དོག །ཆུ་རྨ་ཆུས་གསོས་པའི་ཡུལ་མི་ཚོར། བོད་ཁ་བ་ཅན་གྱི་བཀའ་དྲིན་ཆེ། །

ཕྱིར་ལོག་སྟེ་རྫོང་ཐོག་ཏུ་མ་སླེབས་གོང་ནས་མུན་རུབ་སོང་། མུན་རུབ་བུ་ལ་སྔ་ཕྱི་མེད་ཅེས་པ་ལྟར། རླངས་འཁོར་ག་ལེར་བསྐོར་ནས་དགོང་མོ་ཆུ་ཚོད་བཅུ་ཡས་མས་ལ་གཞི་ནས་རྨ་སྟོད་རྫོང་ཐོག་ཏུ་སླེབས་བྱུང་། རྫོང་ཐོག་ཏུ་སླེབས་རྗེས་ས་དེ་གའི་རིག་གནས་པ་ཞིག་དང་ཁ་བརྡ་ཡུན་རིང་བྱས་པ་ལས་གོ་བ་ལྟར་ན། གླིང་སྒྲུང་ནང་ལས་སྐད་གྲགས་ཆེ་བའི་ཧོར་གླིང་གཡུལ་འགྱེད་བྱེད་ས་ནི། རྨ་སྟོད་རྫོང་མཛོ་ར་གྲོང་རྡལ་གྱི་དུག་ན་སྡེ་བ་ན་ཡོད་པ་དང་། ས་དེ་ལས་མི་ཡི་རུས་པ་དང་ཁྲབ་བྱང་། མདའ་རྩེ་མང་པོ་བུད་མྱོང་བ་རེད་ཟེར། ཧོར་གླིང་གཡུལ་འགྱེད་ལས། ས་འདི་ཡི་ས་ངོ་མ་ཤེས་ན། །ཐང་གཅིག་ལ་མིང་གཉིས་ཐོགས་ལེ་དེ། །འགའ་རེས་རྨ་སྲིབ་ན་ཆེན་ཟེར། །འགའ་རེས་ཨ་ཕྱི་དུག་ཐང་ཟེར། །ཧོར་གུར་དཀར་དམག་སྒར་འདེབས་ས་རེད། ཅེས་པ་དང་། ཧོར་གླིང་གཡུལ་འགྱེད་སྐབས་སུ་ཧོར་དམག་དང་གླིང་དམག་གཉིས་ཀྱིས། རྨ་ཆུ་བཅད་ནས་ཕར་འགྲོ་ཚུར་འོངས་བྱས་ཚུལ་བཅས་ལ་བལྟས་ན། ཧོར་གྱི་ས་ཆ་ནི་རྨ་སྟོད་ཀྱི་ཁོངས་སུ་ཡོད་པ་ལས། ར་དགའ་ས་དྲག་དང་ལུག་དགའ་ས་སྤང་ལྟར་ཅི་འདོད་གང་འདོད་དུ་བཤད་རུང་བ་ཞིག་མ་རེད་སྙམ། དེ་མིན་རྟ་རྒྱུགས་རྒྱན་འཇོག་གི་རྒྱུགས་འགོ་ཀུ་ར་རྫ་དང་རྒྱུགས་རྟིང་ཨ་བཞི་དེའུ་ཞེས་པ་ནི། རྨ་སྟོད་རྫོང་རྨ་ཆུ་ཡུལ་ཚོ་ན་ཨ་བཞི་དེའུ་དང་ཡུལ་ཤུལ་ཁུལ་གྱི་ཆུ་དམར་ལེབ་རྫོང་གི་རྨ་སྟོད་ཡུལ་ཚོ་ན་ཀུ་ར་རྫ་ཡོད་པའི་ཟེར་སྲོལ་འདུག་པ་ལྟར་ན། རྟ་རྒྱུགས་རྒྱན་འཇོག་སྐབས་ཀྱི་རྒྱུགས་ཐག་ཧ་ཅང་རིང་ཡང་དེང་སང་ལྟར་རྟ་གཅིག་བཞོན་ཏེ་འགོ་ནས་མཇུག་བར་རྒྱུགས་པ་མ་ཡིན་པར། རྟ་མང་པོ་བརྗེ་ལེན་བྱས་ནས་རྒྱུགས་ཚད་འགྲན་པ་ཡིན་སྲིད་པས་དགོས་མེད་ཀྱི་དོགས་པ་ཟ་མི་དགོས་སོ།

སྔོན་མར་གླིང་སྒྲུང་ཀློག་དུས་སྒྲུང་ནང་གི་མི་སྣ་དང་ས་མིང་ཆུ་མིང་རྣམས་ཐོས་ལོ་ཙམ་ལས་མེད་པ་དང་། མི་རྣམས་ཀྱིས་གེ་སར་སྒྲུང་ནི་དོན་དངོས་ལས་བརྒལ་བའི་ལྷ་སྒྲུང་རེད་ཅེས་པས་ཤུགས་རྐྱེན་ཐེབས་ཏེ། རྒྱུ་མཚན་མེད་པར་གཞན་དག་གི་རྗེས་སུ་རྒྱུག་དུས་ཀྱང་ཡོད་མྱོང་མོད། ཡུལ་དངོས་སུ་སླེབས་ཏེ་སྒྲུང་ནང་གི་ས་མིང་དང་ཆུ་མིང་སོགས་མཇལ་དུས། གཞི་ནས་ལོ་རྒྱུས་སྙན་རྩོམ་རིང་མོ་ཞེས་པ་ལ་ལོ་རྒྱུས་ཀྱི་གཞི་ལྡན་པ་དང་། རིག་གནས་ཀྱི་གསང་བ་མང་པོ་སྦས་ཡོད་པ་གོ་བས་གླིང་སྒྲུང་ལ་བདེན་ཁ་མི་སྟེར་རང་སྟེར་རེད།

མགོ་ལོག་ཁུལ་ན་ལས་འབྲེལ་ཡོད་པའི་གླིང་སྒྲུང་སྐོར་གྱི་རྗེས་ཤུལ་རྣམས་མཇལ་ཚར་རྗེས། ཡུལ་ཤུལ་ཁུལ་གྱི་མངའ་ཁོངས་སུ་འགྲོ་ཐག་བཅད་པ་ཡིན། དེ་ནའང་རི་ཆུ་དང་ས་རྡོ། རྩྭ་རྩི་ཤིང་། ཐ་ན་མཁའ་དབུགས་བཅས་ཀྱིས་ས་ཆ་དེ་ཁོ་ན་ལ་ཡོད་པའི་ཁྱད་ཆོས་བསྟན་ཏེ། ང་ཚོའི་ལུས་ངག་ཡིད་གསུམ་གྱི་ངལ་དུབ་བསལ་ཐག་ཆོད་པའི་གདེང་ཚོད་སྐྱེས།

ཞོགས་པར་སྐྱ་མདའ་བཏང་མ་ཐག་མགྲོན་ཁང་ལས་བུད་དེ། རྨ་སྟོད་རྫོང་ནང་བཞེངས་ཡོད་པའི་གླིང་གེ་སར་གྱི་སྐུ་འདྲ་དེ་མཇལ་དུ་སོང་། བོད་ཁུལ་གྱི་ས་ཆ་གཞན་དག་གི་གེ་སར་ཐང་ཆེན་ན་ཡོད་པའི་གེ་སར་གྱི་སྐུ་འདྲ་ཕལ་ཆེར་ནི། ལྷ་རྟ་ལ་བཞོན་པའི་རྣམ་པ་ཡིན་མོད། རྨ་སྟོད་རྫོང་ན་མདུན་དུ་ཇོ་རུས་ལྷ་རྟ་བཞོན་པ་ཞིག་དང་། དེའི་རྒྱབ་ལ་གེ་སར་གསེར་ཁྲིར་བཞུགས་པའི་སྐུ་འདྲ་ཞིག་བཞེངས་འདུག །དེ་ལྟར་བཞེངས་པའི་རྒྱུ་མཚན་ནི། གེ་སར་འཁྲུངས་ནས་ཡུན་མ་རིང་བར། ཨ་ཁུ་ཁྲོ་ཐུང་གིས་མ་བུ་གཉིས་རྨ་ཡུལ་ལ་བསྐྲད་པ་ནས་བཟུང་། ཡུལ་དེར་གཞིས་ཆགས་ཏེ་ཕྱོགས་བཞིའི་དགྲ་བཞི་འདུལ་བའི་འཕྲིན་ལས་རྒྱས་པ་ཡིན་པས་རེད་ཟེར། སྒྱུ་རྩལ་ནི་སྨྲ་བརྗོད་མི་དགོས་པའི་སྐད་ཆ་ཞིག་སྟེ། འདྲ་སྐུ་དེ་གཉིས་ལས་གེ་སར་གྱི་སྐུ་ཚེ་གཅིག་གི་སྣེ་གཉིས་གསལ་པོར་མཐོང་བས། བློ་གྲོས་རིག་པ་ལས་འཁྲུངས་པའི་ཐབས་ཤེས་དེ་ལ་ཡིད་སྨོན་འཆོར་བཞིན་ཡུལ་ཤུལ་གྱི་ཕྱོགས་སུ་སོང་།

འོམ་བུ་ཨ་ནུ་དཔའ་སེང་དང་ཕོ་བྲང་སེང་འབྲུག་སྟག་རྩེ། ཨ་མྱེས་རྨ་ཆེན་སྦོམ་ར། མཚོ་སྔོ་རེངས། སྐྱ་རེངས། གྲོ་རེངས་སོགས་མཇལ་བའི་རིང་ལ་གནམ་གཤིས་ཧ་ཅང་ཡག་ན་ཡང་། ཡུལ་ཤུལ་ཕྱོགས་སུ་འགྲོ་འགོ་ཚུགས་པའི་ཉིན་དེའི་སྔ་མོར་སྨུག་པ་འཁྲིགས་ཏེ། མདུན་གྱི་འགྲོ་ལམ་ཡང་གསལ་པོར་མཐོང་མི་ཐུབ་པས། གླིང་གི་རྗེས་ཤུལ་མཇལ་རྗེས་ཀྱི་ཚོར་སྣང་འཆད་བཞིན་རླངས་འཁོར་དལ་མོར་བསྐོར་ཏེ་སོང་། དེ་ལྟར་གླིང་གི་སྤྱི་དཔོན་རོང་ཚ་ཁྲ་རྒན་གྱི་གནས་རིའི་ལ་བཙས་སོགས་རྒྱང་མཇལ་བྱས་རྗེས། ཡུལ་ཤུལ་ཁུལ་གྱི་ཁྲི་འདུ་རྫོང་དུ་སླེབས། ། ༼ མུ་འགོད།༽ 


རྩོམ་ཡིག་སྔོན་མ།
སྤྱིའི་དེབ་40པ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1