རྒྱལ་སྲིད་སྣ་བདུན་གྱི་མཚོན་དོན་བཤད་པ།

དབང་ཆེན་གྱིས་བྲིས། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 03-31


རྒྱལ་སྲིད་སྣ་བདུན་ཞེས་པ་འདི་ཆོས་ལུགས་ལོ་རྒྱུས་ཀྱི་ཐ་སྙད་ལས་འཕྲོས་པའི་གཏམ་ཞིག་ཡིན་སྟབས། འཁོར་ལོས་བསྒྱུར་བའི་རྒྱལ་པོ་ལས་གཞན་པའི་རྒྱལ་པོ་ཕལ་པ་རྣམས་ལ་རྒྱལ་སྲིད་སྣ་བདུན་གྱི་ཐབས་ཐང་མི་མངའ་བ་ཞིག་ཡིན་པར་ཤེས་ཐུབ། དེའང་བསྐལ་པ་རྫོགས་ལྡན་གྱི་དུས་སུ་སྐྱེ་རྒུ་རྣམས་ཚེ་ལོ་གྲངས་མེད་ཐུབ་པ་ནས་བརྒྱད་ཁྲི་ཡན་ཆད་ཀྱི་སྐབས་དེར་འཁོར་ལོའི་བསྒྱུར་བའི་རྒྱལ་པོ་བྱོན་པ་ཡིན་ལ་དེ་མན་ཆད་ལ་བྱོན་པ་མ་གསུངས་ལ། རྒྱུ་མཚན་ནི་དེའི་ལུས་དང་ཡོ་བྱད་འདུལ་བའི་སྐྱེ་བོ་ལ་སོགས་པ་མི་རྫོགས་པའི་རྒྱུ་མཚན་གྱིས་འབྱོན་པར་མི་བཞེད་དོ། སྟོབས་ཀྱི་འཁོར་ལོས་བསྒྱུར་བའི་རྒྱལ་པོ་ནི། སྐྱེ་རྒུ་རྣམས་ཚེ་ལོ་བརྒྱ་པ་ཡན་ཆད་ལ་བྱོན་པར་བཞེད་ལ། དེ་ལ་དབྱེ་ན་གསེར་གྱི་འཁོར་ཅན་ཞེས་གསེར་གྱི་འཁོར་ལོས་བསྒྱུར་བའི་རྒྱལ་པོ་ཞེས་བྱུང་བ་གྲགས་ལ་དེ་ཡིས་གླིང་བཞི་ཆར་དབང་དུ་བསྒྱུར་ནས་མི་དགེ་བ་བཅུ་སྤངས་ཏེ་དགེ་བ་བཅུ་ལ་བཀོད་པར་མཛད་དོ། །དེའི་འོག་ཏུ་དངུལ་གྱི་འཁོར་ལོ་ཅན་ཞེས་དངུལ་གྱི་འཁོར་ལོས་བསྒྱུར་བའི་རྒྱལ་པོ་ཞེས་བྱུང་བ་གྲགས་ལ་དེ་ཡིས་ཤར་ལྷོ་ནུབ་སྟེ་གླིང་གསུམ་ལ་དབང་དུ་བསྒྱུར་ནས་བསྙེན་བཀུར་སོགས་བྱས་ཏེ་དགེ་བའི་ལས་ཀྱི་ལམ་ཡང་དག་པར་ལ་དཀྲི་བར་མཛད་དོ། །དེའི་འོག་ཏུ་ཟངས་ཀྱི་འཁོར་ལོ་ཅན་ཞེས་ཟངས་ཀྱི་འཁོར་ལོས་བསྒྱུར་བའི་རྒྱལ་པོ་བྱོན་ཏེ་ཛམྦུ་གླིང་འདི་ལ་དབང་དུ་བསྒྱུར་ནས་དམ་པའི་ཆོས་དང་མི་མཐུན་པའི་ལས་བགྱིས་པའི་རྒྱལ་ཕྲན་རྣམས་ལ་མཚོན་དང་དུག་སོགས་ཀྱི་སྡིག་ནས་བཀའ་བསྒོ་དང་དམ་བསྒྲགས་སོགས་ཀྱི་བསྐུལ་མ་གནང་བར་མཛད་དོ། །རྒྱལ་པོ་དེ་དག་བསོད་ནམས་དགེ་བའི་ཚོགས་ཀྱིས་མཚན་དང་དཔེ་བྱད་ཀྱི་སྐུ་མངའ་ཞིང་རིན་པོ་ཆེ་ཉེར་གཅིག་གི་རྒྱན་ཅིང་ལོངས་སྤྱོད་ཕུན་སུམ་ཚོགས་པ་ལ་དབང་འབྱོར་བའི་སྐལ་བ་དང་ལྡན་པར་ཡིན་ནོ།། དེ་ཡང་ཞི་བ་ལྷས་རྣལ་འབྱོར་པ་ཡང་བློ་ཁྱད་ཀྱིས། །གོང་མ་གོང་མ་རྣམས་ཀྱིས་གནོད་ཅེས་གསུངས་པ་ལྟར་བསོད་ནམས་དགེ་བའི་སྟོབས་ཀྱིས་རྒྱལ་པོ་གོང་མ་རྣམས་ཀྱིས་འོག་མ་རྣམས་དབང་ཐང་གི་ཟིལ་གྱིས་གནོན་ཞིང་། འཁོར་ལོས་རིན་ཐང་ལས་ཡུལ་གྱི་ཁྱད་པར་མངའ་ཁོངས་གི་ཚད་གཞི་ཡང་རྒྱ་ཆེ་ཆུང་ཅི་རིགས་བྱུང་བར་བཤད་དོ།། སྤྱིར་འཁོར་ལོས་བསྒྱུར་རྒྱལ་ཞེས་པའི་ཐ་སྙད་འདི་འཁོར་ལོ་ལ་བརྟེན་ནས་དུས་གསུམ་དང་ཡུལ་ཉེ་རིང་སོགས་ལ་དབང་བསྒྱུར་བར་བྱེད་པའི་རྒྱལ་པོ་ཞིག་གི་མཚན་དུ་གྲགས་པ་ཡིན་ལ། རྒྱལ་པོ་དེས་ཡུལ་དུས་གནས་སྐབས་སོགས་འཁོར་ལོས་དབང་བསྒྱུར་བའི་གནས་དེར་རྒྱལ་སྲིད་རིན་པོ་ཆེ་སྣ་བདུན་ཡང་དེའི་རྗེས་སུ་འགྲོ་བ་བཤད་དོ། །གོང་དུ་ཞུས་པ་དེ་དག་འཁོར་ལོས་བསྒྱུར་བའི་རྒྱལ་པོ་ཇི་ལྟར་བྱུང་བའི་ཚུལ་ཡིན་ནོ། །


མཚན་བཟང་སྐུ་མངའ་དགེ་བའི་ལས་ལམ་བཅུ། །རྒྱ་ཆེར་སྤྱོད་པའི་སྤྱད་པ་མི་འདོར་བར། །བསོད་ནམས་སྟོང་གིས་བསྐྲུན་པའི་དགེ་ཚོགས་ཀྱིས། །འཁོར་ལོས་བསྒྱུར་བའི་རྒྱལ་སྲིད་དམ་པ་ཐོབ། །ཅེས་པ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །གཤམ་དུ་བཤད་བྱ་དངོས་ལ་འཁོར་ལོས་བསྒྱུར་བའི་རྒྱལ་པོ་དེ་ཉིད་འཁོར་ལོ་ལ་བརྟེན་ནས་གང་དུ་འཕོ་བའི་གནས་དེ་ཉིད་ལ་འཁོར་རྒྱལ་སྲིད་སྣ་བདུན་དེའི་རྗེས་སུ་འགྲོ་ཞིང་དབང་བསྒྱུར་བར་བྱེད་པ་གྲགས་ལ་། དེ་དག་གི་མཚོན་དོན་དང་བཅས་ཅུང་ཟད་བཤད་པ་ལ། འཁོར་ལོ་རིན་པོ་ཆེའི་ཁྱད་ཆོས་དང་ཡོན་ཏན་གྱི་ཁྱད་པར་ནི།

དང་པོ། ལེགས་སྦྱར་གྱི་སྐད་དུ་ཙ་ཀྲ་རཏྣ་སྟེ་འཁོར་ལོ་རིན་པོ་ཆེ་ནི། རྣམ་སྣང་མངོན་བྱང་གི་རྒྱུད་ལས་རྒྱལ་སྲིད་སྣ་བདུན་གྱི་སྒོ་ནས་དབང་གི་མཐའ་བརྟེན་སྦྱིན་པའི་ཚིགས་སུ་བཅད་པ་ལས། ལྷ་རྫས་ལས་གྲུབ་ལྟེ་བ་ཤིན་ཏུ་བཟླུམ། །རྩིབས་སྟོང་ལྡན་ཞིང་མུ་འཁྱུད་རབ་མཉམ་བཟང་། །སྡང་བའི་དགྲ་ལས་རྣམ་པར་རྒྱལ་གྱུར་པའི། འཁོར་ལོ་རིན་ཆེན་དམ་པས་དབང་བསྐུ་རོ། །ཞེས་གསུངས་པ་ལྟར་བདག་ཅག་གི་སྟོན་པ་བཀའ་དྲིན་ཅན་གྱིས་ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས། །བདུད་རྩི་ལྟ་བུའི་ཆོས་ཞིག་ཁོ་བོས་རྙེད། སུ་ལ་སྟོན་ཀྱང་གོ་བ་མི་འགྱུར་བས། །མི་སྨྲ་ནགས་ཀྱི་ནང་དུ་གནས་པར་བྱ། །ཞེས་ཆོས་མི་གསུང་བར་དབེན་པའི་ནགས་ཁྲོད་དུ་བྱམས་པའི་ཏིང་ངེ་འཛིན་ལ་བཞུགས་པར་བརྩམ་པ་ན། སུམ་ཅུ་རྩ་གསུམ་གྱི་ལྷའི་གནས་ནས་བརྒྱ་བྱིན་དང་ལྷ་ཚངས་པ་སོགས་ཀྱིས་དུང་དང་འཁོར་ལོ་སོགས་ཕུལ་ནས་ཆོས་འཁོར་བསྐོར་བར་སྐུལ་བའི་ཚེ་ན་ཆོས་དུང་དང་ཆོས་འཁོར་སོགས་ཀྱི་མཐུན་རྐྱེན་རྟེན་འབྲེལ་གྱི་ཆེ་བར་གཟིགས་ནས་དེ་མཐུན་གྱི་ཡུལ་ཝ་ར་ཎ་སི་གྲོང་སྲོང་ལྷུང་བ་རི་དྭགས་ཀྱི་གནས་སུ་འཁོར་ལྔ་སྡེ་བཟང་པོ་ལ་བཀའ་དང་པོ་བདེན་བཞིའི་ཆོས་འཁོར་བསྐོར་བར་གྲགས་ལ། སྐབས་དེར་ལྷ་ཚངས་པས་ཕུལ་བའི་ལྷ་རྫས་ཀྱི་དམ་པ་་གསེར་གྱི་འཁོར་ལོ་རྩིབས་སྟོང་དང་ལྡན་པའི་མཚུངས་ཆོས་ཆོས་དང་མི་མཐུན་པའི་ཕས་རྒོལ་གྱི་ལས་དང་ཉོན་མོངས་པའི་མི་མཐུན་ཕྱོགས་འཇོམས་པ་མཚོན་ཞིང་། འཁོར་བ་རྒྱུ་འབྲས་ཀྱི་མཐའ་དང་མྱང་འདས་ཞི་བ་ཕྱོགས་གཅིག་པའི་མཐའ་གཉིས་སུ་མི་ལྷུང་བར་མཚོན་བྱེད་ལྟེ་བ་ཟླུམ་པོ། འཁོར་ལོའི་མུ་འཁྱུད་ཀྱི་ཞེང་མི་མཉམ་པར་མེད་པས་ཆོས་ཐམས་ཅད་མཉམ་པར་ཉིད་རྟོགས་པ་མངོན་དུ་གྱུར་པའི་དོན་མཚོན་ཞིང་རྩིབས་སྟོང་གི་སྡང་བར་བྱེད་པའི་ཕས་རྒོལ་གྱི་དགྲ་ཡིས་ཚུར་མི་ཚུགས་ཤིང་ཕར་འཇོམས་པར་བྱེད་པའི་ཁྱད་ཆོས་དང་ལྡན་ཞིང་གང་དུ་འཕོ་བའི་གནས་དེར་ཐོགས་པ་མེད་པར་གྱུར་བས་དུས་ཀྱི་ཁྱད་པར་དུ་འཕགས་པའི་དོན་མཚོན་པའོ།།

གཉིས་པ། མ་ཎི་རཏྣ་སྟེ་ནོར་བུ་རིན་པོ་ཆེ་ནི། ཡང་དེ་ཉིད་ལས། རིན་ཆེན་ངོ་བོ་ལྷ་རྫས་བེེཌཱུརྱ། །ཀུན་ཏུ་དཔག་ཚད་ཙམ་དུ་སྣང་བྱེད་ཅིང་། །དྲི་མེད་ཉིན་མོ་ཇི་བཞིན་མཚན་དེ་བཞིན། །ནོར་བུ་རིན་ཆེན་དམ་པས་དབང་བསྐུར་རོ། །ཞེས་གསུངས་ཏེ་འཁོར་ལོས་བསྒྱུར་བའི་རྒྱལ་པོ་དེ་ཡིས་ཐབས་བསོད་ནམས་སྟོང་གིས་བསྐྲུན་པའི་ནོར་བུ་རིན་པོ་ཆེ་རྒྱུ་ངོ་བོ་བཟང་ཞིང་དགེ་བ། འབྲས་བུ་དགོས་འདོད་ཀྱི་ཆར་འབེབས་ཤིང་གསོལ་བ་བཏབ་པས་འདོད་དོན་ཡིད་བཞིན་དུ་སྨིན་ཞིང་འགྲུབ་པར་བྱེད་ཅིང་། ལྷ་རྫས་བེེཌཱུརྱའི་ཁ་དོག་དང་འོད་ཀྱིས་སྣང་བས་དུས་དང་རྣམ་པ་ཀུན་ཏུ་དཔག་ཚད་དང་རྒྱང་གྲགས་མང་པོའི་ཚད་ལ་སྣང་བར་བྱེད་ཅིང་། རྡུལ་དང་ནག་ནོག་སོགས་གྲིབ་མའི་ཆོས་ཀྱི་སྟོང་ཞིང་ཉི་མའི་དཀྱིལ་འཁོར་གྱི་གཟི་འོད་ཇི་ལྟར་བ་བཞིན་དུ་མཚན་མོའི་དུས་སུའང་མུན་པའི་སྒྲིབ་པ་སངས་ཏེ་ཉིན་མོའི་སྣང་བ་དང་མི་བྲལ་བར་ནོར་བུ་རིན་པོ་ཆེ་དེ་ལ་དབང་བསྒྱུར་བར་བྱེད་པར་ནི་ཤེས་བྱའི་ཡོན་ཏན་གྱི་ཆེ་བའི་དོན་མཚོན་པ་ཡིན་ནོ། །

གསུམ་པ། ཝ་ཏི་རཏྣ་སྟེ་བཙུན་མོ་རིན་པོ་ཆེ་ནི། ཡང་དེ་ཉིད་ལས། གཟུགས་མཛེས་ལྟ་ན་སྡུག་ཅིང་ཚུལ་བཟང་མ། །ལྤགས་པའི་མདངས་ལེགས་འཇམ་ཞིང་དྲི་མཆོག་ལྡན། །ཡིད་འོང་འདོད་དགུའི་རེག་བྱ་དང་ལྡན་པའི། །བཙུན་མོ་རིན་ཆེན་དམ་པས་དབང་བསྐུར་རོ།། ཞེས་གསུངས་ཏེ་དེ་ཡང་འཁོར་ལོས་བསྒྱུར་བའི་རྒྱལ་པོ་དེ་ཡིས་འཁོར་རྒྱལ་སྲིད་སྣ་བདུན་གྱི་ནང་ཚན་བཙུན་མོ་རིན་པོ་ཆེའི་ཁྱད་ཆོས་ནི་གཟུགས་ཀྱི་ལང་ཚོ་གསར་པའི་ཆ་བྱད་ཀྱི་མཛེས་ཤིང་ལྟས་པ་ཙམ་གྱིས་སྙིང་དུ་སྡུག་པ་དང་ཡིད་དབང་འཕྲོག་ཅིང་བུད་མེད་ཀྱི་མཚན་རྟགས་ཆེ་བའི་ཡོན་ཏན་བཅུ་དང་། ཡ་རབ་དམ་པའི་ཀུན་སྤྱོད་དང་ཚུལ་ལྡན་གྱི་བཞིན་བཟང་ཉ་གང་བཅོ་ལྔའི་ཟླ་བ་ལྟར་གསལ་ཞིང་རྒྱས་པའི་ཁྱད་ཆོས་དང་ལྡན་པ། དཀར་ལ་ཅུང་ཟད་དམར་བའི་ལྤགས་པའི་ཤའུ་ལ་གསལ་འཚེར་འོད་ཀྱི་བཀྲག་མདངས་ལེགས་པར་རྒྱས་ཤིང་འཇམ་པའི་དཔལ་ལ་དྲི་བཟང་སྤོས་ངད་ཀྱི་དྲི་མཆོག་རྟག་ཏུ་ལྡང་བ་དང་ལྡན་པ། ཡིད་དུ་འོང་བའི་འདོད་དགུའི་ཡོན་ཏན་གྱི་ཁྱད་པར་འཇམ་གཉེན་འཁྲི་བག་སོགས་རེག་བྱའི་ཁྱད་པར་དུ་མ་དང་ལྡན་པའི་བཙུན་མོ་རིན་པོ་ཆེ་ལ་དབང་བསྒྱུར་བ་བྱེད་པ་ནི་ཡོན་ཏན་གྱི་ཆེ་བའི་དོན་མཚོན་པར་བྱེད་པ་ཡིན་ནོ། །

བཞི་པ། མ་ཧཱ་ཏ་རཏྣ་སྟེ་བློན་པོ་རིན་པོ་ཆེ་ནི། དེ་ཉིད་ལས། གང་ཡང་རྒྱལ་ལ་མུ་ཏིག་མདངས་ལྡན་པའི། །གསེར་སོགས་མང་པོ་ཐུབ་ལ་ཕུལ་བ་ལྟར། །བཟོད་ལྡན་མཚུངས་པའི་ཁྱིམ་བདག་ནོར་ལྡན་པའི། །བློན་པོ་རིན་ཆེན་དམ་པས་དབང་བསྴུར་རོ།། ཞེས་གསུངས་པ་ལྟར། འཁོར་ལོས་བསྒྱུར་བའི་རྒྱལ་པོ་དེ་ཡིས་འཁོར་རྒྱལ་སྲིད་སྣ་བདུན་གྱི་ནང་ཚན་བློན་པོ་རིན་པོ་ཆེ་ནི་མི་མཐུན་པའི་ཕྱོགས་གང་ལ་ཡང་ཞུམ་པ་མེད་པའི་སྙིང་སྟོབས་ཀྱིས་རྣམ་པར་རྒྱལ་ལ་བཞིན་བཟང་མུ་ཏིག་གི་མདངས་རབ་གསལ་བ་དང་ལྡན་པ། གསེར་དང་རིན་པོ་ཆེའི་རིགས་སོགས་མང་པོ་ཐུགས་མཉེས་པར་བྱ་བའི་ཕྱིར་ཐུབ་པའི་དབང་པོ་མཆོག་ལ་དུས་གཅིག་ཏུ་ཕུལ་བ་ལྟར་བྱས་ཀྱང་། མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པའི་ས་ཐོབ་ཀྱི་སེམས་དཔའ་ཞིག་དང་མཚུངས་པར་ལྡན་པའི་ཁྱིམ་བདག་ཤེས་བྱའི་ནོར་གྱིས་འབྱོར་པ་དང་ལྡན་པའི་བློན་པོ་རིན་པོ་ཆེའི་དབང་བསྒྱུར་པ་ནི་ཤེས་བྱའི་ཡོན་ཏན་དཔག་ཏུ་མེད་པས་ཕྱུག་པའི་དོན་མཚོན་པར་བྱས་སོ། །

ལྔ་པ། ཧ་སྟི་རཏྣ་སྟེ་གླང་པོ་རིན་པོ་ཆེ་ནི། དེ་ཉིད་ལས། ཡན་ལག་ཐམས་ཅད་ལེགས་སྐྱེས་ས་ལ་ནི། །རབ་གནས་གངསཅན་རི་འདྲ་གླང་པོ་ཆེ། །རྒྱལ་པོ་ལ་འོས་མཁའ་ལ་རབ་འགྲོ་བའི། །གླང་པོ་རིན་ཆེན་དམ་པས་དབང་བསྐུར་རོ། །དེའང་འཁོར་ལོས་བསྒྱུར་བའི་རྒྱལ་པོའི་རྒྱལ་སྲིད་སྣ་བདུན་གྱི་ནང་ཚན་གླང་པོ་རིན་པོ་ཆེ་ཞེས་གསུངས་ཏེ་ཡན་ལག་ཅེས་དཔུང་ཚོགས་ཡན་ལག་བཞི་སྟེ་ལེགས་པར་སྐྱེས་པ་ནི་དམག་གི་དཔུང་ཚོགས་ཡན་ལག་བཞི་བརྗོད་བྱར་བྱས་པ་ནི་རྟའི་དམར་གི་དཔུང་ཚོགས་དང་། གླང་པོ་ཆེའི་རྐང་པ་བཞིའི་དམག་གི་དཔུང་ཚོགས་དང་དེ་བཞིན་དུ་ཤིང་རྟའི་དམག་གི་དཔུང་ཚོགས་དང་རྐང་ཐང་དམག་གི་དཔུང་ཚོགས་བཞིའི་ས་ཆེན་པོ་འདིར་རབ་ཏུ་གནས་པ་མཚོན་བྱེད་ནི་རབ་ཏུ་མཐོ་བའི་གངས་ཅན་པའི་རི་ལྟར་བླང་པོ་ཆེ་གཅིག་པུའི་མཚོན་པར་བྱས་ཡོད་ལ། ཡན་ལག་བཞིའི་དཔུང་ཚོགས་བཞི་དང་། གླང་པོ་ཆེ་ཕལ་པ་སྟོང་གི་སྟོབས་མངའ་ཞིང་གངས་ཅན་པའི་རི་རབ་ལྟར་གཟི་བརྗིད་ཆེའི་དོན་མཚོན་པ་དང་། དོན་དུ་རྟ་དང་གླང་པོ་ཆེ་ཤིང་རྟ་བུ་ཆུང་གི་དཔུང་རྣམས་ཡིན། འཁོར་ལོས་བསྒྱུར་བའི་རྒྱལ་པོ་ཁོ་ན་ལ་འོས་པའི་མཁའ་ལ་རབ་ཏུ་འགྲོ་བའི་སྤྲིན་གྱི་འདབ་མ་སྟེ་ནམ་མཁའི་གླང་པོ་ཞེས་གང་དུ་གཤེགས་པའི་རྒྱལ་པོའི་འཁོར་དཔུང་གི་ཚོགས་དེ་དག་མཁའ་ལ་སྤྲིན་གཡོ་བ་ལྟར་དབང་དུ་བསྒྱུར་བ་མཚོན་པར་བྱས་སོ། །

དྲུག་པ། ཏུ་རྃ་ག་ཨ་ཤྭ་རཏྣ་སྟེ་རྟ་མཆོག་རིན་པོ་ཆེ་ནི། དེ་ཉིད་ལས། ཐོ་རངས་དུས་སུ་ཕྱོགས་རྣམས་མ་ལུས་པའི། །ས་རྣམས་བསྐོར་ཏེ་སླར་ཡང་ལྡོག་ནུས་པའི། །རྨ་བྱའི་མགྲིན་པའི་སྤུ་ལྟར་ཡིད་འོང་པའི། །རྟ་མཆོག་རིན་ཆེན་དམ་པས་དབང་བསྐུར་རོ།། ཞེས་གསུངས་ཏེ། འཁོར་ལོས་བསྒྱུར་བའི་རྒྱལ་པོ་དེས་འཁོར་རྒྱ་སྲིད་སྣ་བདུན་གྱི་ནང་ཚན་རྟ་མཆོག་རིན་པོ་ནི་སྔ་མོ་ཐོ་རོངས་ནས་དོ་ནུབ་དགོང་མོའི་བར་འཛམ་གླིང་གི་སའི་ཕྱོགས་ཐམས་ཅད་མ་ལུས་པར་ལན་གསུམ་དུ་བསྐོར་ནས་དོ་ནུབ་སླར་ཕྱིར་ལྡོག་ནུས་པའི་མྱུར་འགྱོགས་ཀྱི་རྫུལ་འཕྲུལ་གྱི་ཤུགས་དང་ལྡན་པས་རྒྱལ་པོའི་བཀའ་ཡིས་འཛམ་གླིང་གི་སའི་དཀྱིལ་འཁོར་ཀུན་ལ་མ་ཁྱབ་པ་མེད་པར་དང་རྫུལ་འཕྲུལ་གྱི་མྱུར་ཤུགས་དང་ལྡན་པས་བཀའི་སྐད་ཅིག་གིས་རྒྱལ་ཁམས་ཡོངས་ལ་ཁྱབ་པར་མཚོན་ཡོད་ཅིང་། ལུས་ཀྱི་སྤུ་རྣམས་རྨ་བྱའི་མགྲིན་པ་ལས་སྐྱེས་པའི་སྤུ་སྡུག་ལྟར་མཛེས་ཤིང་ཡིད་དུ་འོང་བས་རྒྱལ་པོའི་མགྲིན་པ་ནས་སྒྲོགས་པའི་གཏམ་སོགས་ཡིད་ལ་འཐད་པའི་དོན་དང་ལྡན་པར་མཚོན་ཞིང་། ཅང་ཤེས་ཞེས་མིང་དེའི་འཁོར་ལོས་བསྒྱུར་བའི་རྒྱལ་པོའི་ཐུགས་ཀྱིས་ཅི་ཡང་ཤེས་པར་མཚོན་ཡོད་ཅིང་དེ་ལྟ་བུའི་རྒྱལ་སྲིད་དབང་བསྒྱུར་བའི་དོན་མཚོན་པའོ། །

བདུན་པ། ཁཌྒརཏྣ་སྟེ་དམག་དཔོན་རིན་པོ་ཆེ་ནི། དེ་ཉིད་ལས། འགྲོ་དང་ལྡོག་དང་ཀུན་ནས་འོང་འགྱུར་པའི། །མ་ལུས་བདུད་དཔུང་འཇིག་པར་བྱེད་པ་སྟེ། །དཔའ་བརྟན་འབྱོར་པའི་དཔུང་དང་བཅས་པ་ཡི། །དམག་མི་རིན་ཆེན་དམ་པས་དབང་བསྐུར་རོ།། ཞེས་གསུངས་ཏེ། ཕྱོགས་མཚམས་ཀུན་ནས་ཕར་འགྲོ་བ་དང་ཚུར་ལྡོག་པ་ནི་དོན་ཆེན་སྒྲུབ་པར་མཚོན་ལ་དེའང་ཉི་མ་གཅིག་དང་ཞགས་པོ་གཅིག་སོགས་དུས་རེས་འགའ་བ་དང་སྐད་ཅིག་ཙམ་མ་ཡིན་པར་དུས་དང་རྣམ་པར་ཀུན་ཏུ་ཆོས་ལྡན་གྱི་རྒྱལ་སྲིད་ལ་དབང་བསྒྱུར་ཞིང་བདག་ཏུ་འཛིན་པ་བྱེད་པ་དང་། དེ་ཡང་ཆགས་སྡང་སོགས་ཉོན་མོངས་པའི་དབང་དུ་མ་སོང་བར་གནས་སྐབས་དང་མཐར་ཐུག་གི་དོན་མ་ལུས་པར་འགྲུབ་པའི་ཆེད་དུ། ལྷའི ་བུའི་བདུད་དང་ཉོན་མོངས་པའི་བདུད། ཕུང་པོའི་བདུད། འཆི་བདག་གི་བདུད་དེ་བདུད་བཞི་དཔུང་དང་བཅས་པ་འཇིག་པར་བྱེད་པ་སྟེ། དཔའ་བོའི་བློ་རབ་ཏུ་བརྟན་ཞིང་བརྩོན་འགྲུས་ཀྱིས་འབྱོར་པ་ཕུན་སུམ་ཚོགས་པ་དང་ལྡན་པའི་དཔུང་ཚོགས་ཡན་ལག་བཞི་དང་བཅས་པས་རྒྱལ་ཐབས་ཀྱི་དབང་བསྒྱུར་བའི་དོན་མ་ལུས་པར་མཚོན་པར་བྱས་ཡོད།

བརྒྱད་པ། མཇུག་བསྡུ་བ། དེ་ལྟར་རྒྱལ་སྲིད་རིན་པོ་ཆེ་སྣ་བདུན་ཞེས་གོང་དུ་ཞུས་པ་དེ་དག་ནི་དངོས་པོའི་དཔའ་ཡོན་དང་རིག་པའི་གཞུང་ལུགས་ཟུང་དུ་འབྲེལ་བའི་གཏམ་གྱིས་སྙད་པའི་རྒྱ་ཆེ་བའི་ཀློག་པ་པོ་རྣམས་ཀྱིས་རྒྱུད་ལ་གནའ་བོའི་གསོལ་རྒྱུན་རིག་གནས་ཀྱི་གཞིར་བཟུང་སྟེ་ནང་ཆོས་ཀྱི་མཚོན་དོན་དང་སྦྲག་ནས་ཡིད་ལ་སྤྲོ་བ་བརྟས་པའི་ཉེ་རྒྱུར་གྱུར་པའི་ཀུན་སློང་དང་བཅས། ལུས་སེམས་དགའ་བདེའི་ཁྱབ་པའི་སྨོན་ལམ་བཅས་གུས་ཞབས་པ་དབང་ཆེན་གྱིས་སྦྱར་བས་དགེ་ཞིང་བཀྲ་ཤིས་པའི་རྒྱུ་གྱུར་ཅིག ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1