སྔོན་འགྲོའི་གཏམ། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་བརྒྱ་ལོན་པར་དགའ་སྟོན་རྟེན་འབྲེལ་ཞུ་ཆེད། དེ་རིང་ནས་བཟུང་ངེད་དུས་དེབ་ཏུ”ཏང་གི་ལོ་རྒྱུས་སློབ་སྦྱོང“ཞེས་པའི་ཆེད་དོན་ལེ་ཚན་སྤེལ་ཏེ། ཏང་གི་ལོ་བརྒྱའི་འཕེལ་རྒྱས་བརྒྱུད་རིམ་དང་། ཏང་གི་དོན་རྐྱེན་གལ་ཆེན། དེ་མིན་དུས་སྐབས་སོ་སོའི་དཔེ་མཚོན་དོན་རྐྱེན་དང་ལོ་རྒྱུས་མི་སྣ། གཏམ་རྒྱུད་ངོ་མཚར་ཅན་སོགས་གཞིར་བཟུང་ནས། ཏང་གི་རླབས་ཆེན་བརྒྱུད་རིམ་དང་གཟི་བརྗིད་ལྡན་པའི་གྲུབ་འབྲས་ལ་ཕྱིར་མིག་ལྟ་བར་འཚལ།
ལྔ་བཞི་ལས་འགུལ་ལས་དམངས་ཚོགས་རྨོངས་གཉིད་ལས་བསླངས།
1919ལོའི་ཟླ་5པའི་ཟླ་སྟོད། ཀྲུང་གོས་ཕེ་རིས་གྲོས་ཆིངས་གྲོས་ཚོགས་ཐོག་ཕྱི་འབྲེལ་ཐད་ཕམ་ཁ་བྱུང་བའི་གསར་འགྱུར་དེ་རྒྱལ་ནང་དུ་ཁྱབ་རྗེས། སྤྱི་ཟླ་5པའི་ཚེས་4ཉིན་གྱི་ཕྱི་དྲོའི་ཆུ་ཚོད་1ཡས་མས་སུ། བཙན་རྒྱལ་རིང་ལུགས་ལ་ངོ་རྒོལ་དང་རྒྱལ་གཅེས་ཀྱི་ཁྲོམ་སྐོར་ཆེན་པོ་ཞིག་རྔམ་བརྗིད་ལྡན་པའི་ངང་དངོས་སུ་འགོ་ཚུགས། སློབ་མ་རྣམས་ཀྱིས་ཀྲའོ་ཚང་གི་ཐོག་ཁང་སྟེ་ཚའོ་རུའུ་ལིན་གྱི་སྡོད་ཁང་མེར་བསྲེགས་པར་མ་ཟད། ཀྲང་ཙུང་ཞང་ལ་རྡུང་རྡེག་དྲག་པོ་བཏང་། སློབ་མའི་རྒྱལ་གཅེས་ལས་འགུལ་ལ་སྤྱི་ཚོགས་ཡོངས་ཀྱི་དམངས་ཚོགས་ཀྱི་ཡོངས་ཁྱབ་ཀྱི་རྒྱབ་སྐྱོར་ཐོབ་པ་དང་དེར་མཐུད་ཧྲང་ཧའེ་ཡི་བཟོ་ལས་པས་མགྱོགས་མྱུར་ངང་བཙན་རྒྱལ་རིང་ལུགས་ལ་ངོ་རྒོལ་དང་རྒྱལ་གཅེས་ཀྱི་ལས་མཚམས་ཆེན་པོ་བཞག་སྟེ། སློབ་མ་དང་མཉམ་དུ་རྒྱལ་གཅེས་ཀྱི་བྱ་འགུལ་དུ་མ་སྤེལ་བཞིན། དྲིལ་བསྒྲགས་ཡིག་རིགས་བཀྲམ་ནས་ཁྲོམ་སྐོར་བྱས་པ་རེད། སྤྱི་ཟླ་5པའི་ཚེས་4ཉིན་པེ་ཅིང་གི་སློབ་མའི་ལས་འགུལ་དངོས་སུ་འགོ་ཚུགས་ཏེ། སྤྱི་ཟླ་6པའི་ཚེས་5ཉིན་གྱི”མཚམས་འཇོག་ཆེན་པོ་གསུམ“ཞེས་པའི་འཐབ་འཛིང་བརྒྱུད་དེ་ཚའོ་དང་ཀྲང་། ལུའུ་བཅས་གོ་གནས་ནས་འཐེན་པ་དང་། དེ་ནས་སྤྱི་ཟླ་6པའི་ཚེས་28ཉིན་ཀྲུང་གོའི་སྐུ་ཚབ་ཀྱིས་ཕེ་རིས་ཀྱི་གྲོས་ཆིངས་གྲོས་ཚོགས་ཀྱི་ཞི་ཆིངས་ལ་མིང་རྟགས་མ་བཀོད་པས། ཀྲུང་གོ་མི་དམངས་ཀྱི་བཙན་རྒྱལ་རིང་ལུགས་ལ་ངོ་རྒོལ་དང་རྒྱལ་གཅེས་ཀྱི་འཐབ་འཛིང་ལ་མཇུག་མཐར་རྒྱལ་ཁ་ཐོབ།
བསྒྲགས་གཏམ་ཐོག་མར་བསྒྱུར་ཏེ་བདེན་དོན་ཁྱབ་སྤེལ་གནང་།
1848ལོར་《གུང་ཁྲན་ཏང་གི་བསྒྲགས་གཏམ》བཏོན་པ་ན། མར་ཁེ་སིའི་རིང་ལུགས་དངོས་སུ་དབུ་བརྙེས་པ་མཚོན། འོན་ཀྱང་མི་མང་པོ་ཞིག་དེ་ལ་ཆ་རྒྱུས་མེད། བསྒྲགས་གཏམ་དེའི་རྒྱ་འགྱུར་མ་ཐོག་མ་ནི་ཀྲེ་ཅང་གི་རི་གྲོང་ཆུང་ཆུང་ཞིག་ནས་འཁྲུངས་པ་ཡིན། རེད་དེ་མར་ཁེ་སིའི་རིང་ལུགས་ཀྲུང་གོ་རུ་ཁྱབ་སྤེལ་བྱེད་པར་དཀའ་ཁག་མང་པོ་འཕྲད། ལྔ་བཞི་ལས་འགུལ་གྱི་སྔ་རྗེས་སུ། ཀྲུང་གོའི་དུས་བབ་ཟང་ཟིང་ཆེ་ཞིང་བསམ་བློ་བཅིངས་འགྲོལ་ཆེན་པོ་གཏོང་བའི་གནས་སུ་ཡོད་པས། བསམ་པའི་རླབས་རྒྱུན་གསར་པ་སྣ་ཚོགས་དྲག་ཏུ་འཕྱུར་ཞིང་། སྲོལ་རྒྱུན་གྱི་བསམ་བློའི་འཆིང་རྒྱ་ལས་གྲོལ་ཏེ་མར་ཁེ་སི་རིང་ལུགས་ལ་སྤྱོད་ཚུལ་འཛིན་སྟངས་མི་འདྲ་བར་དམིགས་ཏེ། ལོ་ཤས་རིང་ཤེས་ཡོན་ཅན་རྣམས་ཀྱིས་སྔ་ཕྱིར་རྩོད་གླེང་ཐེངས་གསུམ་བྱས། རྩོད་གླེང་ཐེངས་གསུམ་པོ་བརྒྱུད། མར་ཁེ་སིའི་རིང་ལུགས་ཀྱི་རིག་པའི་གཞུང་ལུགས་འབུར་དུ་ཐོན་ཏེ་བསམ་པའི་རླབས་རྒྱུན་གསར་པའི་ཁྲོད་ཀྱི་འཕེལ་ཕྱོགས་གཙོ་བོར་གྱུར་ཡོད། དེ་བཞིན་སྔོན་ཐོན་གྱི་ཤེས་ཡོན་ཅན་ཁག་གཅིག་གིས་རྩོད་གླེང་ཁྲོད་བསམ་བློའི་མུན་པ་བསལ་ཏེ། མར་ཁེ་སིའི་རིང་ལུགས་དང་མར་ཁེ་སིའི་རིང་ལུགས་མ་ཡིན་པའི་བར་གྱི་དབྱེ་མཚམས་རིམ་བཞིན་གསལ་པོར་ཕྱེ་ནས་བློ་བརྟན་འགྱུར་མེད་ཀྱི་མར་ཁེ་སི་རིང་ལུགས་པར་གྱུར།
ཏང་འཛུགས་གྲ་སྒྲིག་ལ་ས་གནས་ཁག་གིས་བརྡ་ལན་གནང་།
1919ལོའི་ཟླ་6པའི་ཚེས་9ཉིན། ལྔ་བཞི་ལས་འགུལ་མཐོ་རླབས་ཀྱི་དུས་རིམ་དུ་སླེབས་ཤིང་། ཁྲེན་ཏུའུ་ཞིའུ་ཡིས་《པེ་ཅིང་གྲོང་མིའི་བསྒྲགས་གཏམ》གྱི་བསྒྲགས་ཡིག་ཟིན་བྲིས་བཀོད་པར། པེ་ཅིང་སྲིད་གཞུང་གི་རྒྱལ་ཁབ་ཀྱི་ལ་རྒྱ་དང་བདག་དབང་ཤོར་བའི་འཇར་པན་གྱི་ཁ་གཏད་ཀྱི་གྲོས་ཆིངས་མེད་པར་བཟོ་རྒྱུ་དང་། ཚའོ་རུའུ་ལིན་དང་ལུའུ་ཙུང་ཡུས། ཀྲང་ཙུང་ཞང་སོགས་རྒྱལ་འཚོང་ཆོམ་རྐུན་གྱི་དཔོན་གནས་འཐེན་དགོས་པའི་བླང་བྱ་བཏོན་ཡོད། སྤྱི་ཚེས་11པའི་དགོང་མོར། ཁོང་གིས་ལི་ཏཱ་ཀྲའོ་དང་། ཀའོ་དབྱི་ཧན་ལ་དུས་ཆད་བཞག་སྟེ་མཉམ་དུ་འཛམ་གླིང་གསར་པ་ཞེས་པའི་རོལ་རྩེད་ར་བར་བསྒྲགས་ཡིག་འགྲེམ་པར་ཕྱིན་མོད། བསམ་ཡུལ་ལས་འདས་པ་ཞིག་ལ་དེར་སླེབས་མ་ཐག་ཏུ་མྱུལ་ཞིབ་པས་རྗེས་འདེད་བྱས་པ་དང་། ཁང་པའི་སྟེང་གི་མེ་ཏོག་ལྡུམ་རར་བསྒྲགས་ཡིག་གཏོར་སྐབས་འཕྲལ་དུ་ཉེན་རྟོག་པས་འཛིན་བཟུང་བྱས། པེ་ཅིང་སྲིད་གཞུང་གིས་མ་གཞི་ཁྲེན་ཏུའུ་ཞིའུ་འཛིན་བཟུང་བྱས་པ་ན་བསམ་བློ་གསར་པ་དང་རིག་གནས་གསར་པ་ཁྱབ་རྒྱུ་བཀག་འགོག་བྱེད་ཐུབ་པ་དང་། རླུང་འཚུབ་སྤྲིན་འཁྲིགས་ལྟ་བུའི་བཙན་རྒོལ་རྒྱལ་གཅེས་ཀྱི་ལས་འགུལ་འགོག་གནོན་བྱེད་ཐུབ་སྙམ། པེ་ཅིང་དབང་འཛིན་ལས་ཁུངས་ཀྱིས་དོན་ངོ་མ་ནི་ཁྲེན་ཏུའུ་ཞིའུ་ཚོད་འཛིན་ཆེད་དུ་ཡིན་མོད། འོན་ཏེ་ཁྲེན་ཏུའུ་ཞིའུ་འུ་ཐུག་ནས་ཧྲང་ཧའེ་ལ་གསང་བའི་འགྲུལ་བཞུད་བྱེད་དུ་འགྲོ་དགོས་བྱུང་བ་དང་། ལྷོ་ཡི་ཁྲེན་དང་བྱང་གི་ལི་གཉིས་ཀྱིས་མཉམ་དུ་ཏང་བཙུགས་པ་ཞེས་པའི་ལོ་རྒྱུས་ཀྱི་གཏམ་བཟང་གྲུབ་པ་རེད།
ཚོགས་ཆེན་ཐེངས་དང་པོའི་ཐོག་མའི་འདུ་འཛོམས་ཀྱིས་གནམ་འོག་གསར་དུ་བཏོད།
1921ལོའི་ཟླ་7པའི་ཚེས་23ཉིན་གྱི་དགོང་མོའི་ཆུ་ཚོད་8པའི་ཐོག །ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་དང་པོ་ཧྲང་ཧའེ་རུ་འཚོགས། ཚོགས་ཆེན་ཐེངས་དང་པོའི་ཚོགས་གནས་དེ་ཧྲང་ཧའེ་ཡི་ཧྥ་རན་སིས་བཙན་གཡར་ས་ཁོངས་ཝང་ཀྲུ་ལམ་གྱི་ཨང་རྟགས་106པ་ལི་ཧྲུའུ་ཁྲེང་དང་ཁོང་གི་གཅུང་པོ་ལི་ཧན་ཅུན་གྱི་སྡོད་གནས་སུ་བཙུགས་པ་དང་། ཚོགས་ཞུགས་མི་སྣ་བསྡོམས་པས་15ཡོད། གྲོས་ཚོགས་དེ་མ་གཞི་ཁྲེན་ཏུའུ་ཞིའུ་ཡིས་གཙོ་སྐྱོང་གནང་བ་གཏན་འཁེལ་བྱས་མོད། ཁོང་ཉིད་ཀོང་ཀྲོའུ་རུ་གཞུང་དོན་སྒྲུབ་པར་བྲེལ་བ་ཆེ་བས་ཚོགས་འདུར་ཞུགས་མ་ཐུབ། དེ་བཞིན་གནས་སྐབས་སུ་ཀྲ་གོ་ཐའོ་གྲོས་ཚོགས་གཙོ་སྐྱོར་བདམས་པ་དང་། མའོ་ཙེ་ཏུང་དང་། ཀྲོའུ་ཧྥོ་ཧའེ་གཉིས་ཀྱིས་ཟིན་བྲིས་ཀྱི་འགན་ཁུར་གནང་། སྤྱི་ཟླ་7པའི་ཚེས་24ཉིན། ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་གཉིས་པ་འཚོགས་པ་དང་། སྤྱི་ཟླ་7པའི་ཚེས་27ཉིན་དང་ཚེས་28ཉིན། ཚེས་29ཉིན་བཅས་སུ་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་གསུམ་པ་དང་ཐེངས་བཞི་པ། ཐེངས་ལྔ་པ་བཅས་འཚོགས། གྲོས་ཚོགས་ཐོག་ཐུང་མོང་སྒོས་《ཀྲུང་གོ་གུང་ཁྲན་ཏང་གི་རྩ་འཛིན་དང་པོ》ལ་བགྲོ་གླེང་གནང་། སྤྱི་ཟླ་7པའི་ཚེས་30ཉིན་གྱི་དགོང་པོར། སྔར་ཡོད་འཆར་གཞི་ལྟར་འཐུས་མི་རྣམས་ལི་ཚང་གི་གཟིམ་ཤག་ཏུ་འཛོམས་ཏེ་གྲོས་ཚོགས་ཐེངས་དྲུག་པ་འཚོགས་ཏེ། ཐེངས་འདིའི་གྲོས་ཚོགས་ཐོག་《རྩ་དོན》དང་《གྲོས་ཆོད》ལ་གྲོས་འཆམ་དང་། ཀྲུང་དབྱང་ལས་ཁུངས་འདེམས་བསྐོ་བྱས་ནས་ཀྲུང་གུང་གི་ཚོགས་ཆེན་ཐེངས་དང་པོ་གྲོལ་བའི་ཁྱབ་བསྒྲགས་བྱེད་རྩིས་བྱས། འོན་ཀྱང་སྐབས་དེར་གསང་ཞིབ་པ་ནང་དུ་འཛུལ་བས་ཚོགས་འདུ་གནས་སྐབས་སུ་མཚམས་ཆད། དེའི་རྗེས་སུ་འཐུས་མི་ཁག་ཅིག་ཅ་ཞིན་ནན་ཧུའུ་མཚེའུ་ཡི་གྲུ་གཟིངས་ཤིག་གི་ཐོག་ཏུ་སྤོས་ནས་གྲོས་ཚོགས་ཀྱི་མཇུག་མཐའི་གྲོས་ཆོད་བཞག །སྐབས་དེ་ནས་དུས་རབས་བརྒལ་བའི་དོན་སྙིང་ལྡན་པའི་ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་དང་པོ་གྲོལ་བའི་ཁྱབ་བསྒྲགས་བྱས་པ་དང་། ཀྲུང་གོ་གུང་ཁྲན་ཏང་གིས་མི་རིགས་བསྐྱར་དར་ཡོང་བའི་རེ་འདུན་དང་མི་དམངས་བཅིངས་འགྲོལ་གཏོང་བའི་མངགས་བཅོལ་ཟབ་མོ་ཕྲག་ཏུ་འཁུར་ནས་སྡུག་བསྔལ་ཚད་མེད་མྱོང་བཞིན་པའི་ཀྲུང་གོར་དངོས་སུ་དབུ་བརྙེས་པ་རེད།
བཙན་རྒོལ་བཀས་རྒོལ་དང་བཟོ་པའི་ལས་འགུལ་གྱི་མཐོ་རླབས།
ཀྲུང་གུང་གི་ཚོགས་ཆེན་ཐེངས་གཉིས་པ་དེ་1922ལོའི་ཟླ་7པའི་ཚེས་16ཉིན་ནས་ཚེས་23ཉིན་བར་འཚོགས་པ་དང་།བྱས་རྗེས་མངོན་གསལ་ཆེ་ཤོས་ནི་ཏང་གི་རྩ་དོན་མཐོ་ཤོས་དང་རྩ་དོན་དམའ་ཤོས་བཏོན་པ་དེ་རེད། 1922ལོའི་ཟླ་དང་པོའི་ནས་འགོ་ཚུགས་པ་དང་1923ལོའི་ཟླ་2པར། ཀྲུང་གོ་གུང་ཁྲན་ཏང་གིས་དབུ་ཁྲིད་མཛད་པའི་བཟོ་པའི་ལས་འགུལ་ལ་ཐོག་མའི་མཐོ་རླབས་བྱུང་སྟེ། སྔ་གཞུག་ཟླ་13རིང་རྒྱུན་འཁྱོངས་བྱས། བཟོ་པའི་ལས་འགུལ་རབ་དང་རིམ་པའི་ཁྲོད་། ཆེས་མིང་དུ་གྲགས་པ་ལ་ཨན་ཡོན་ལམ་གཏེར་གྱི་ལས་མཚམས་ཆེན་པོ་དང་ཅིན་ཧན་ལྕགས་ལམ་གྱིས་ལས་མཚམས་ཆེན་པོ་བཞག །རྒྱལ་སྤྱིའི་བཟོ་པའི་གྲལ་རིམ་གྱི་ངག་ཐོག་རོགས་སྐྱོར་གྱིས་ཅིན་ཧན་ལྕགས་ལམ་བཟོ་པའི་གསར་བརྗེའི་འཐབ་རྩོད་ལ་སྐུལ་མ་བཏང་། ཅིན་ཧན་ལྕགས་ལམ་གྱི་བཟོ་པའི་ལས་མཚམས་འཇོག་པར་ཡ་ང་བའི་དྲག་གནོན་ཐེབས་མོད། འོན་ཀྱང་དེ་ནི་རླབས་ཆེན་གྱི་གྲུབ་འབྲས་ཤིག་ཡིན་ཞིང་། དེས་བཟོ་པའི་ལས་འགུལ་གཞན་དག་དང་མཉམ་དུ་ཀྲུང་གོའི་བཟོ་པའི་ལས་འགུལ་གྱི་ལེའུ་གསར་པ་ཞིག་བརྩམས་ཡོད། །