《ཁ་བཏགས་དཀར་པོ།》བོད་ཡིག་དུས་དེབ་དངོས་སུ་འགྲེམ་སྤེལ་བྱས།

ཏིང་འཛིན་བཀྲ་ཤིས་ཀྱིས་བསྒྲིགས། རྩོམ་སྒྲིག་པ།ཏིང་འཛིན་བཀྲ་ཤིས།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 12-31


    《ཁ་བཏགས་དཀར་པོ།》བོད་ཡིག་དུས་དེབ་དེ་2014ལོའི་ཟླ་10པར་དངོས་སུ་གཉེར་འགོ་ཚུགས་ནས་ད་བར་དེབ་གཉིས་ཕུད་ཟིན། དུས་དེབ་འདི་ནི་སི་ཁྲོན་དུས་དེབ་ཚོགས་པ་མ་རྐང་ཚད་ཡོད་འགན་འཁྲི་སྤྱི་གཉེར་ཁང་གིས་གཙོ་གཉེར་བྱས་ཤིང་ །ཁ་བཏགས་དཀར་པོ་རྩོམ་སྒྲིག་ཁང་གིས་རྩོམ་སྒྲིག་བྱས་པའི་ཞིང་ཆེན་རིམ་པའི་ཟླ་རེའི་དུས་དེབ་ཅིག་ཡིན།ནང་དོན་ལ་ཁྱོན་བསྡོམས་ལེ་ཚན་བདུན་ཡོད་དེ། ཇུས་བཟང་ཁུ་བྱུག་མགྲིན་གླུ་དང་། གངས་ལྗོངས་དགའ་བའི་སྟོན་མོ།མཛེས་པའི་གངས་ལྗོངས་ཕྱུག་མོ། གསར་རྩོམ་པད་མ་འདབ་བརྒྱད། རིག་གནས་དགོས་འདོད་ཀུན་འབྱུང་།དཔྱད་རྩོམ་རིག་པའི་རྩེད་འཇོ། ཤེས་བྱ་རླབས་ཀྱི་ཟེགས་མ་བཅས་ཡོད།
               དུས་ཀྱི་འགྲོས་དང་འགྲོགས་ཏེ་མི་རབས་ནས་མི་རབས་ཀྱི་རིག་གནས་འདུ་ཤེས་སྣ་མང་ཅན་དང་འཛམ་གླིང་ཅན་དུ་ཕྱོགས་བཞིན་པའི་སྐབས་འདིར།འུ་ཚོ་སྒང་པ་བོད་ཀྱི་རིག་གནས་དེ་ཡང་ཁུ་སིམ་མེར་གཉིད་དུ་མི་འཇོག་པར་ངག་ནས་སྐྱོར་བ་དང་།བློ་ཡིས་དཔྱོད་པ། དཔྱད་དོན་གཞུང་དུ་ཕབ་པའི་སྲོལ་རྒྱུན་བཟང་པོ་སྔར་ནས་ཡོད་པ་གཞིར་བཞག་སྟེ།ང་ཚོས་རང་རེའི་བོད་ཀྱི་རིག་གནས་འདུ་ཤེས་ཀྱི་ངོ་བོར་འཐིམ་པའི་《ཁ་བཏགས་དཀར་པོ།》འདི་ཉིད་དངོས་སུ་རྒྱ་ཆེའི་ཀློག་པ་པོ་རྣམ་པའི་མིག་གི་དགའ་སྟོན་དུ་བསྟར་ཐུབ་པ་བྱུང་།
            འདི་ནི་འོ་སྐོལ་སྨྱུག་ཐོགས་པ་དང་ཀློག་པ་པོ་དག་གིས་བསམ་བློ་བརྗེ་རེས་དང་བརྒལ་བརྟག་བྱེད་སའི་ཤེས་རིག་གི་ཞིང་ས་གཤིན་པོ་ཞིག་ཡིན་ལ།སྤྱི་ཚོགས་འཚོ་བའི་འཕེལ་རིམ་དང་འགྱུར་ལྡོག་གསར་རྗེན་དུ་སྟོན་པའི་ཆ་འཕྲིན་གྱི་མེ་ལོང་དྭངས་མ་ཞིག་ཀྱང་ཡིན།ང་ཚོས་དུས་རབས་གསར་པའི་གོམ་འགྲོས་དང་བོད་ཀྱི་རིག་གནས་ཁོར་ཡུག་ལ་ཁ་ཕྱོགས་ནས། ཐུན་མོང་མ་ཡིན་པའི་གཙུག་ལག་རིག་གནས་སྤྱི་དང་ལྷག་པར་དུ་བོད་ཀྱི་ཡུལ་ཆོས་རིག་གནས་དང་སྲོལ་རྒྱུན་རིག་གནས་བཟང་པོ་དག་མ་ཉམས་གོང་སྤེལ་དང་ཉམས་པ་སོར་ཆུད་བྱ་སླད་དུས་དེབ་འདི་ཉིད་དྲི་མེད་དྭངས་གཙང་གི་ལྷ་དར་དཀར་པོ་ཡུག་གཅིག་གི་དོད་དུ་རྒྱ་ཆེའི་ཀློག་པ་པོ་ཀུན་གྱི་སྤྱན་ལམ་དུ་འབུལ་བ་ཡིན།
འབྲེལ་བ་བྱེད་ཡུལ། སི་ཁྲོན་ཁྲེན་ཏུའུ་གྲོང་ཁྱེར་ཚོང་ལས་ཁྲོམ་ལམ་སྒོ་རྟགས་ཨང་3པ་《ཁ་བཏགས་དཀར་པོ།》རྩོམ་སྒྲིག་ཁང་།
རིན་གོང་། དེབ་རེ་ལ་སྒོར་15ཡིན།
འབྲེལ་བ་བྱེད་ཡུལ། འོད་ཟེར།
ཁ་པར་ཨང་གྲངས། 028-86602127 13340963777
ཡིག་སྒྲོམ། swzdyg@163.com


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1