ཁམ་བུའི་མེ་ཏོག་བཞད་ཅིང་དཔྱིད་ལ་གསོན་ཤུགས་རྒྱས།

དཔལ་མགོན། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།རྔ་བ་བོད་ཡིག་གསར་འགྱུར། སྤེལ་དུས། 04-01



    དཔྱིད་རླུང་འཇམ་པོར་འགྱུར་ཞིང་སྐྱེ་དངོས་ཡོད་ཚད་སླར་ཡང་འབུས་འགོ་བརྩམས། དཔྱིད་ཟླ་གསུམ་པའི་དཔལ་ཡོན་གྱིས་ཡིད་སྨོན་སློང་ཞིང་། དཔྱིད་ཟླ་གསུམ་པའི་ཁམ་བུའི་མེ་ཏོག་གིས་ཀུན་གྱི་མིག་དབང་འཕྲོག ཉེ་ཆར་གསར་འགོད་པ་མཛོད་དགེ་རྫོང་ཐེ་བོ་གྲོང་རྡལ་དུ་བསྐྱོད་པ་ན། གང་སར་ཁམ་བུའི་མེ་ཏོག་གི་ཚོམ་བུ་རེ་རེ་རྣམ་པར་བཞད་ཅིང་། རི་ཀླུང་ཐམས་ཅད་མེ་ཏོག་གི་ཞིང་ཁམས་སུ་བཞེངས། མཛོད་དགེ་རྫོང་ཐེ་བོ་གྲོང་རྡལ་གྱི་ཆ་སྙོམས་ས་བབ་མཐོ་ཚད་ནི་སྨི་2500ཡས་མས་ཡིན་ལ། སྔོ་ཁེབས་སྟུག་ཅིང་གནམ་གཤིས་ཀྱི་དྲོད་གྲང་མཉམ་པས། མཐོ་སྒང་གི་མཛེས་ལྗོངས་ཆུང་ངུ་ཞེས་པའི་མཚན་སྙན་ལྡན། 

    ལོ་རེའི་ཟླ་3པའི་ཟླ་སྨད་ནས་ཟླ་4པའི་ཟླ་དཀྱིལ་ནི། ཐེ་བོ་གྲོང་རྡལ་ལ་མཚོན་ན་ཁམ་བུའི་མེ་ཏོག་རྣམ་པར་བཞད་པའི་དུས་སྐབས་ཡིན། ས་ཆ་འདིའི་ཁམ་བུའི་མེ་ཏོག་ནི་མིའི་ཐབས་ཀྱིས་བཏབ་པའི་ཁམ་བུའི་མེ་ཏོག་དང་མི་འདྲ་བར། ཁ་དོག་ཤིན་ཏུ་མཛེས་ཤིང་ལྟ་ན་སྡུག་ལ་མེ་ཏོག་གི་བཞད་ཡུན་རིང་ཞིང་། དྲི་བསུང་ཤིན་ཏུ་ཞིམ། ཁམ་སྡོང་གི་ཡལ་གའི་མེ་ཏོག་རེ་རེ་དཔྱིད་རླུང་འཇམ་པོའི་ཁྲོད་གཡོ་ཞིང་ལྡེམ་ལ། ཚོན་མདངས་རྣམ་པར་བཀྲ་ཞིང་ཉམས་འགྱུར་སྣ་ཚོགས་ངོམས། རི་ཀླུང་ཀུན་ཏུ་མེ་ཏོག་གི་དྲི་ངད་ཀྱིས་གཏམས་ཤིང་། དཔྱིད་ཀྱི་དཔལ་ཡོན་ལ་གསོན་ཤུགས་གསར་བ་བསྣན་ཏེ། ཐང་རྒྱལ་རབས་ཀྱི་སྙན་ངག་པ་ཏུའུ་ཕུའུ་ཡི་སྙན་ཚིག་མངོན་སུམ་དུ་བཞེངས།

    ས་ཆ་འདིའི་ཁམ་སྡོང་ནི་གཞུང་ལམ་གྱི་གཡས་གཡོན་གྱི་རི་ཁུལ་དུ་སྐྱེས་ཏེ། རི་ཁུལ་གྱི་ལྡེབས་ངོས་གཉིས་སུ་ཚོམ་བུར་བཞད། མིག་གིས་ཕར་ཁམ་བུའི་མེ་ཏོག་ལ་བལྟས་ན།རི་ཀླུང་ཐམས་ཅན་མེ་ཏོག་གིས་བརྒྱན་ཏེ། དཔྱིད་རླུང་འཇམ་པོ་དང་མཉམ་དུ་གར་གྱི་སྟངས་སྟབས་ལ་རོལ་ཞིང་། དྲི་ངད་གང་སར་འཐུལ་ཡོང་། མཛེས་སྡུག་གི་དཔྱིད་ལྗོངས་རེ་རེས་མི་རྣམས་ཀྱི་ཡིད་དབང་འཕྲོག་པས། ཚང་མ་རང་དབང་མེད་པར་ཁམ་བུའི་མེ་ཏོག་གི་ཞིང་ཁམས་ལ་རོལ། ས་གནས་དེའི་མང་ཚོགས་ཀྱི་ངོ་སྤྲོད་ལྟར་ན། དཔྱིད་དཔལ་ཤར་རྗེས་གནམ་གཤིས་ཐང་ཞིང་དྲོད་ལ། དྲོད་ཚད་ཅུང་མཐོར་འཕར་བར་བརྟེན། ད་ལོའི་ཁམ་བུའི་མེ་ཏོག་ནི་སྔོན་ཆད་དང་བསྡུར་ན། ཉིན་བཅུ་ཙམ་གྱི་སྔོན་ལ་བཞད་སོང་། ད་ལྟ་ཁམ་བུའི་མེ་ཏོག་རྣམ་པར་བཞད་པའི་རྫོགས་ལྡན་དུས་སྐབས་ཤར་ཡོད་ཟེར།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1