སྟོད་དུ་ཁ་བའི་མེ་ཏོག་གར་ལ་རྩེན།།
སྨད་དུ་ཆར་གྱི་ཟེགས་མ་ལང་ལོང་གཡོ།།
མཁའ་དབྱིངས་གཅིག་པའི་སྟོད་སྨད་ཧྲག་བར་གྱི།།
དཔྱིད་ཟླ་གསུམ་པའི་ནམ་ཟླ་འགྱུར་བག་རྒོད།།
ཁ་བའི་ཕྱིང་ཞྭ་རི་ལུང་ཐང་ལ་བསྐྱོན།།
གཤོག་ལྡན་བྱེའུས་ཞབས་རྗེས་རི་མོ་བཀོད།།
རླུང་བུ་ཕྲན་ཙམ་ལྡང་བའི་འཕང་འགྲོས་ལ།།
ཕྱེ་མར་བཏགས་པའི་ཁ་བས་མཐོང་ལམ་བསྒྲིབས།།
ལྗང་མྱུག་གསར་དུ་འབུ་བའི་རྟེན་འབྲེལ་ལ།།
རབ་དཀར་ཁ་བས་དཔྱིད་ཀྱི་བུ་ཆུང་སྦྲུམ།།
འདབ་ཆགས་གཤོག་འགྱུའི་ཡང་རྩལ་དགུང་ལ་བསྟོད། །
འབུ་སྲིན་རྨི་ལམ་ཁོང་ནས་སད་ལ་རེམ།།
ཁྲི་གདུགས་ཉི་མ་རི་བོའི་ཕྲག་ལས་འཕགས།།
འོད་ཟེར་སྟོང་ལྡན་འཛིན་མའི་ཐོང་གར་འཕྲོས།།
རེ་ལྟོས་ལྗང་བུས་ས་ཤུན་བརྟོལ་ནས་ཀེར།།
སྔོ་ལྗང་དཔྱིད་ཀྱི་མ་མ་བག་རེ་བྲོ།།
སྤྲིན་པ་གར་དུ་བསྡེབས་པའི་ཉིང་བཅུད་ལས།།
དཔྱིད་ཆར་ཐོག་མ་མི་ཡུལ་མགྲོན་དུ་སླེབས།།
ཞབས་ཁྲུས་ཐེངས་ཤིག་མཛད་པའི་ངང་མདངས་ལ།།
སྣུམ་ལོག་འབྲོག་གི་བུ་མོའི་བཟོ་ལྟ་མངོན།།
དཔྱིད་རླུང་གར་མའི་ཕུ་ལྕག་ལན་འགའ་བྲབས།།
འཁྲི་ཤིང་གཡུ་ལོ་ལྡེམ་པར་ཉེར་བསྡོགས་རྩོམ།།
མེ་ཏོག་ཐེའུ་ཁ་ཕྱེ་བའི་བྲེལ་འཚུབ་སློང་།།
སྦྲང་མས་གཤོག་གླུ་ལེན་པར་གྲེ་བ་བསངས།།
ལྗན་ལྗིན་ཡལ་བར་དོར་བའི་ཆུ་མོའི་རྒྱུན།།
སྙན་མོའི་ངག་ལ་དབྱངས་ཀྱི་གདངས་དྲངས་ཏེ།།
རྩྭ་ཕྲན་ཐ་ཐོར་སྐྱེས་པའི་ཡུར་རྐའི་གཞུང་།།
སྦྲུལ་གཟུགས་ཀྱ་ཀྱུ་བགྲོད་པ་མི་ཚེའི་བཤུལ།།
དཔྱིད་ཉི་དྲོན་མོའི་ཀློང་གི་བུ་ཆུང་གིས།།
དཔེ་ཁུག་ལེབ་མོ་རྒྱབ་ལ་རབ་བཀོད་དེ།།
གདོང་ལ་འཛུམ་ཆུང་སྐར་ཕྲན་འཚེར་བཞིན་དུ།།
གླུ་ཆུང་གོམ་ཁར་བརྒྱུས་ནས་སློབ་རར་ཕྱོགས།།