ངག་གི་རྒྱུད་སྐུད་མགྲིན་སྙན་མས།།
སྣ་ཚོགས་ཡིད་དགའ་འགུག་གླུ་འཁྲོལ།།
རྟེན་འབྱུང་བག་ཆགས་རིག་པའི་གཤིས།།
འདི་ན་རྫོགས་པའི་ཉམས་དབྱངས་འཐེན།།
གང་དག་ས་དང་ལམ་མ་ཞུགས།།
དེ་འདྲིས་ལྕམ་གྱི་མཛའ་བརྩེ་མེད།།
འོན་ཀྱང་སྣང་བ་ཞེན་པའི་དབྱངས།།
གར་གྱི་ལྷ་མོའི་རྒྱན་དུ་བཞེངས།།
རྣམ་པར་དག་པའི་འཁོར་ལོའི་མགོན།།
སྐྱབས་མཆོག་མཚུངས་མེད་ཡིད་བཞིན་གྱིས།།
རྣམ་ཐར་འོད་སྟོང་ལྡན་པའི་གཟུགས།།
གང་ཁྱོད་མཛེས་པའི་ཡོན་ཏན་སོགས།།
སྡེབ་ལེགས་ཚིག་གིས་རབ་རྒྱན་པས།།
དེ་བས་སོ་སྐྱེ་ཕལ་བའི་བློས།།
མི་འབྲལ་འདོད་པའི་གད་རྒྱང་གིས།།
རྟག་ཏུ་མཛའ་བའི་ལོངས་སུ་སྤྱོད།།
མཐོ་པོའི་ཁྲི་དང་དམའ་བའི་ཐང་།།
གཟར་བའི་ལམ་དང་བདེ་བའི་ཞིང་།།
རྒྱལ་བའི་ལུང་དང་འདོད་པའི་ངག།
གང་དག་ཁྱབ་ལ་མཛད་པ་གང་།།
ཕྱོགས་ཞེན་ཆགས་པའི་སྡང་བས་སྟོབས།།
སུ་ལའང་ཐུགས་དགོངས་མ་དཀྲུགས་པར།།
ཞི་བའི་ཚོགས་སུ་ལྷམ་མེར་བཞུགས།།
སྔོན་ཚེ་དེ་བཞིན་གཤེགས་པའི་ལུང་།།
ད་ལྟ་ཕལ་བ་བདག་གི་དབྱངས།།
སྔོན་ཚེ་བདེ་སྟོང་བྱམས་པའི་གཟུང་།།
ད་ལྟ་འཕྲུལ་བའི་ཞེན་དབྱངས་སོགས།།
གང་དང་གཅིག་ན་ཞེན་མེད་ཀྱིས།།
ཐམས་ཅད་མཉམ་པའི་མ་མ་དེ།།
ས་བཅུ་ཕྱིན་པའི་འཕགས་མ་གྲགས།།
དད་པ་གསེར་གྱི་སྡོང་པོ་ལ།།
འཛུམ་པའི་སྨིན་ལེགས་ཀྱུ་རུ་རུ།།
དེ་ལ་གཡས་འཁྱིལ་དུང་གི་སྒྲས།།
བགས་ཆགས་ཞེན་པའི་གཉིད་ལས་དགྲོལ།།
མགོན་ལ་བཞེངས་པའི་གུར་ཁྱིམ་ནས།།
ཐུགས་རྗེའི་ཆར་སྤྲིན་ཤར་ར་ར།།
དེ་ལ་བསིལ་བའི་ཤམ་བུ་ཡིས།།
སྒྲིབ་པའི་མེ་ལྕེ་གཟེབས་སུ་བཅིངས།།
བདེ་ཆེན་རོལ་བའི་ངང་ཚུལ་གྱིས།།
དག་པ་ལྷ་ཡི་མཛའ་གླུ་བླངས།།
དེ་ཐོས་གསུང་གི་གདུལ་བྱ་ཡི།།
གང་ཁྱོད་རྟག་ཏུ་བསྟེན་པར་བྱ།།