དང་པོ།
གངས་ཅན་བོད་ཀྱི་ལུགས་སྲོལ་འཛིན་པའི་བོད་པ་རྣམས་ལ་བཟློ་བར།
མཁས་དབང་ཐུབ་བསྟན་ཕུན་ཚོགས།
ལྷ་སའི་གྲོང་དུ་བོད་ཀྱི་ལོ་ཐོའི་ནང་དུ་ངན་པ་དགུ་འཛོམས་དང་། བཟང་པོ་བཅུ་འཛོམས་ཞེས་པ་འདི་བཀོད་སྲོལ་རྒྱ་ཆེན་པོ་ཞིག་འདུག
འདི་ནི་རྒྱ་ནག་ཞིང་རྩིས་རྙིང་པའི་ལུགས་ཡིན་པ་ལས་བོད་ལུགས་མིན། བོད་ཀྱི་གནའ་བོའི་བོན་གྱི་རིག་གནས་ལས་བྱུང་པའི་འབྱུང་རྩིས་དང་། སྤྱི་ལོ་༡༠༢༧ལོར་བོད་ཡིག་ཏུ་བསྒྱུར་བའི་《དཔལ་དུས་ཀྱི་འཁོར་ལོའི་》གཞུང་དུ་ལུགས་སྲོལ་འདི་མི་འདུག ཁོ་བོས་ན་ལོ་འཕྲིན་ཕྲན་ནང་དུ་གསལ་བཤད་ཅིག་བྲིས་ཡོད་ཀྱང་དར་ཁྱབ་ཆེས་ཆེར་མ་སོང་བར་འདྲ། སླར་ཡང་ལོ་རྗེས་མའི་ལོ་ཐོའི་ནང་དུ་འབྲི་རྒྱུ་ཡིན། ཁོ་བོ་སྤྱི་ལོ་༡༩༨༦ལོར་རྒྱ་ནག་པེ་ཅིང་དུ། ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་ཀྱི་སློབ་དཔྱོད་ཁང་དུ་དགེ་རྒན་བྱེད་པའི་སྐབས་དེར། དེར་བཞུགས་ཀྱི་བོད་ཀྱི་རིག་གནས་ཞིབ་འཇུག་གནང་མཁན་རྒྱ་རིགས་དགེ་རྒན་འགའ་ཞིག་གིས་ཉིན་ཞིག་གཟའ་པ་སངས་ཀྱི་ཕྱི་དྲོ་ཚོགས་འདུས་གྲོལ་རྗེས། བོད་ལུགས་ལོ་ཐོའི་ནང་དུ་ཚེས་པ་ཆད་ལྷག་ཡོད་པའི་རྒྱུ་མཚན་སྐོར་ལབ་གླེང་བྱེད་སྐབས། བོད་རིགས་ཚོས་གཟའ་སྐར་ཡག་པོའི་ཉིན་དེ་འདས་མི་འདོད་པ་གཉིས་བརྩེགས་དང་། གཟའ་སྐར་ངན་པའི་ཉིན་དེ་མི་འདོད་པ་དབྱུགས་ནས་འགྲོ་བཞིན་ཡོད་པ་ནི། ང་ཚོའི་ཞིང་རྩིས་ནང་གི་ངན་པ་དགུ་འཛོམས་དང་། དེའི་གཉེན་པོ་བཟང་པོ་བཅུ་འཛོམས་བྱ་བའི་ལུགས་སྲོལ་དེ་དང་གཅིག་པ་ཡིན་པ་འདྲ། ཞེས་ལབ་གླེང་བྱས་སོང་པས། ངས་དེ་ནས་གསལ་པོ་ཧ་གོ་བྱུང་། དེ་རྗེས་ཁོ་བོས་བོད་ཀྱི་རྩིས་ལུགས་ཡིག་རྙིང་ཁག་ལས་བཙལ་ཀྱང་ངན་པ་དགུ་འཛོམས་དང་བཟང་པོ་བཅུ་འཛོམས་ཞེས་པའི་བཤད་སྲོལ་འདི་མ་མཐོང་ལ། ངན་པ་དགུ་འཛོམས་ཞེས་པ་དེ་ཏག་ཏག་རྒྱ་རྩིས་བོད་འགྱུར་གྱི་ཡིག་ཆའི་ནང་དུ་རྙེད་བྱུང་། དེ་ནི་སྔ་ཤོས་དུས་རབས་བཅུ་བདུན་པ་དང་། བཅོ་བརྒྱད་པའི་རྒྱ་རྩིས་བོད་འགྱུར་གྱི་རྩིས་ལུགས་ནང་མཐོང་རྒྱུ་ཡོད་པ་ཞིག་རེད། དེ་ནས་བཟུང་ངས་ལུགས་སྲོལ་འདི་ལོ་ཐོ་ནང་དུ་བཀོད་རྒྱུ་མཚམས་འཇོགས་བྱས་པ་ཡིན།
ཞེས་ཤར་དཔལ་སྤུངས་པའི་རྩིས་རིག་སྨྲ་བའི་རྒྱལ་ཁམས་པ་ཐུབ་བསྟན་ཕུན་ཚོགས་དེས་རང་རིགས་གཞོན་ནུ་རྣམས་རྨོངས་དད་ཀྱི་ལོག་ལམ་ལས་འགོག་པའི་ཆེད་དུ། རྒྱ་ནག་ཁྲེན་ཏུའི་གྲོང་གི་ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོའི་རང་ཤག་ཏུ་སྤྱི་ལོ་༢༠༡༤ ལོའི་ཟླ་བ་༡༢ པའི་ཚེས་༢༧དང་། བོད་ལུགས་ཟླ་བ་༡༡པའི་ཚེས་༦ཉིན་ངན་པ་དགུ་འཛོམས་ཞེས་འབོད་པའི་ཉིན་དེར་བྲིས་པའོ།།
གཉིས་པ། ལན་དུ།