༄༅།།བོད་ཀྱི་གསོ་རིག་སྨན་རྫས་ཀྱི་ཐོག་མའི་བྱུང་ཚུལ།

རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ཁམས་པའི་རིག་གནས་དྲ་བ། སྤེལ་དུས། 04-08


བོད་ཀྱི་གསོ་རིག་དང་། སྨན་རིག་ལ་དུས་ཡུན་ཤིན་དུ་རིང་བའི་ལོ་རྒྱུས་ཡོད་པ་དང་། མེས་རྒྱལ་གསོ་རིག་ནོར་བུའི་བང་མཛོད་ནང་གི་གྲུབ་ཆའི་གཙོ་བོ་ཞིག་ཡིན། དེ་ནི་ལོ་ངོ་བརྒྱ་སྟོང་རིང་བོད་ཀྱི་ངལ་རྩོལ་མི་དམངས་ཀྱིས་ནད་རིགས་སྣ་ཚོགས་དང་འཐབ་རྩོད་བྱས་པ་བརྒྱུད་རིམ་བཞིན་ཐུན་མོང་མ་ཡིན་པའི་རིག་པའི་གཞུང་ལུགས་ཀྱི་མ་ལག་དང་། ཕུན་སུམ་ཚོགས་པའི་སྨན་བཅོས་ལག་ལེན་གྱིས་ཕྱུག་པ། བོད་ཀྱི་ཁྱད་ཆོས་ངོ་མཚར་ཅན་དང་ལྡན་པའི་སྨན་གཞུང་འོད་སྟོང་འཕྲོ་བ་འདི་ལྟ་བུ་གསར་གཏོད་བྱས་པ་ནས་བཟུང་མི་དམངས་ཀྱི་བདེ་ཐང་དང་། མི་རིགས་གྲ་རྒྱས་ཡོང་རྒྱུར་འབུལ་འོས་པའི་ལེགས་སྐྱེས་ཕུལ་བར་བརྟེན་རྒྱ་ཆེའི་མང་ཚོགས་ཁྲོད་དུ་བོད་ཀྱི་གསོ་རིག་དང་སྨན་རིག་ལ་བླ་ན་མེད་པའི་གདེང་འཇོག་དང་། ཡིད་ཆེས་ཚད་མེད་ཞུ་བའི་ཁར། ད་ལྟ་ཏང་གི་འགོ་ཁྲིད་དང་། མི་རིགས་སྲིད་ཇུས་ཀྱི་འོད་སྣང་འཕྲོ་བའི་འོག་བོད་ཀྱི་གསོ་རིག་ཉིན་བཞིན་ཡར་རྒྱས་ཡོང་བཞིན་ཡོད། ཕྱིན་ཆད་སྔར་ལས་ལྷག་པའི་གོང་འཕེལ་འགྲོ་རྒྱུ་གདོན་མི་ཟ་བར་མཐོང་སྟེ།  ད་ལམ་རང་རེ་བོད་ཀྱི་གསོ་བ་རིག་པའི་སྔོན་བྱུང་ལོ་རྒྱུས་འཕེལ་རྒྱས་ཇི་བྱུང་སྐོར་ཆེད་དུ་བརྗོད་པ་ ༼བོད་ཀྱི་གསོ་རིག་སྨན་རྫས་ཀྱི་ཐོག་མའི་བྱུང་ཚུལ་དང་འཕེལ་རྒྱས་སྐོར་རགས་ཙམ་བརྗོད་པ་གཞོན་ནུ་ཀུན་ཏུ་དགའ་བའི་གཏམ༽ཞེས་པ་འདི་བཞིན་ཕྱོགས་སྒྲིག་བྱས་པ་ཡིན    དང་པོ། སྔོན་གྱི་ལོ་རྒྱས་ཐོག་འཁོད་པར་གཞིགས་ན་བོད་ལྗོངས་འདི་བཞིན་གདོད་མའི་དུས་སུ་ཆུ་བོའི་གཏེར་ཆེན་པོ་འབའ་ཞིག་ཡིན་པར་གྲགས་པ་དང་། དེ་རྗེས་ཀོང་ཆུ་བརླག་ཅེས་པའི་ཟོམ་བྱུང་བས། ། རྒྱ་མཚོའི་ཆུ་རྣམས་ཁ་བྲི་སྟེ་རིམ་པས་ས་གཞིའི་རྣམ་པ་དང་། སྲོག་ཆགས། རྩི་ཤིང་། ནགས་ཚལ་ཆགས་པ་བཅས་ཀྱིས་འཛམ་གླིང་གི་གཙུག་གཏོར་ལྟ་བུའི་རི་མཐོ་ཞིང་། ས་གཙང་བ། བསིལ་ལ་མཛེས་པའི་ཡུལ་ཁམས་ཁྱད་འཕགས་གངས་རིའི་ཕྲེང་བས་ཀུན་ནས་བསྐོར་བའི་ཁ་བ་ཅན་འདི་བྱུང་། དེའི་སྐོར་ལོ་རྒྱུས་མཁས་ཅན་དཔའ་བོ་གཙུག་ལག་ཕྲེང་བསམཛད་པའི་༼མཁས་པའི་དགའ་སྟོན༽ནང་། སྟོད་ཀྱི་མངའ་རིས་སྐོར་གསུམ་རྫིང་གི་ཚུལ། ། བར་གྱི་དབུས་གཙང་རུ་བཞི་ཡུར་བ་འདྲ། ། སྨད་ཀྱི་མདོ་ཁམས་སྒང་དྲུག་ཞིང་ལྟ་བུ། ཀུན་ཀྱང་ཆུ་ཡི་རྒྱ་མཚོ་གྱུར་བའི་ནང་། ། ཀོང་གི་ཆུ་བརླག་ཅེས་པའི་ཟོམ་བྱེ་བས། ། རུ་བཞི་ཆུ་ཡིས་གང་བ་དེ་རུ་ཐིམ། ། ཆུ་ཕྲན་གཞན་ཡང་དེ་ལྟར་ཐིམ་པ་ཡིས། ། བོད་ཁམས་ཡུལ་གྱི་རྣམ་པ་གསར་པོར་དོད། །མངའ་རིས་སྐོར་གསུམ་ཤ་རྐྱང་རི་དྭགས་གླིང་། ། བར་གྱི་རུ་བཞི་སྟག་གཟིག་གཅན་གཟན་གླིང་། ། སྨད་ཀྱི་སྒང་དྲུག་འདབ་ཆགས་བྱ་ཡི་གླིང་། ། ཞེས་བོད་ཀྱི་ཡུལ་ཁམས་ཀྱི་ཐོག་མའི་ཆགས་ཚུལ་སྐོར་རགས་རིམ་དུ་གསུངས་པ་དང་། དེང་གི་ཆར་རང་ལྗོངས་ཀྱི་འཛིན་མའི་ཁོངས་ནས་ཪྙེད་པའི་གནའ་བོའི་མཚོ་ནང་གི་དུང་དཀར་རྡོ་ལ་འགྱུར་བ་དང་། དེ་མིན་མཚོ་ནང་གི་སེམས་ཅན་རྡོ་འགྱུར་བྱུང་བའི་རིགས་ལ་དེང་རབས་ཚན་རིག་མཁན་ཚོས་ཞིབ་འཇུག་བརྟག་དཔྱད་བྱས་རྗེས་བོད་ལྗོངས་འདི་བཞིན་ཡ་ཐོག་ནས་ཆུ་གཏེར་ཆེན་པོས་ཡོངས་སུ་གང་བ་ཞིག་ཡིན་པར་ར་འཕྲོད་བྱུང་བ་དེས་གོང་གི་ཤོད་ཚུལ་ལ་སྒྲུབ་བྱེད་ཡོད་པར་ལུང་རིགས་ཚད་མ་གསུམ་གྱིས་དཔང་པོ་འཕེར་བ་དང་། ། དེ་རྗེས་བོད་ཡུལ་གྱི་རང་བྱུང་ཁོར་ཡུག་དང་། ས་ཁམས་ལ་འགྱུར་ལྡོག་བྱུང་བའི་གོ་རིམ་བརྒྱུད་དེ་དུས་ནམ་གྱི་ཚེ་མིའི་འགྲོ་བ་བསྐྱེད་བསྲིང་བྱུང་བ་ཡིན་ཞེ་ན། ཇི་སྐད་དུ་༼མཁས་པའི་དགའ་སྟོན༽ལས། བོད་ཁམས་ཡུལ་དུ་རུང་བར་གྱུར་ནས་ཀྱང་། ། དང་པོ་མི་མ་ཡིན་གྱི་ཡུལ་དུ་གྱུར། ། གནོད་སྦྱིན་ལ་སོགས་བཅུ་ཡིས་དབང་བྱས་སྐད། ། ཡུལ་གྱི་མིང་ཡང་བཟང་ཡུལ་རྒྱན་མེད་ཟེར། ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1