“སྦྲང་ཆར་རྩོམ་རིག་བྱ་དགའ”ནི་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གི་རྩོམ་རིག་དུས་དེབ་ཆེ་གྲས༼སྦྲང་ཆར༽རྩོམ་སྒྲིག་ཁང་གིས་སྤེལ་བའི་བོད་རིགས་ཀྱི་རྩོམ་རིག་གི་བྱ་དགའི་གཟིགས་བཟོས་མཐོ་ཤོས་དེ་ཡིན་པ་དང་། ལོ་གསུམ་རེར་ཐེངས་རེ་སྤེལ་གྱིན་ཡོད་ཅིང་། མིག་སྔའི་བར་སྐབས་དགུ་བདེ་བླག་ངང་སྤེལ་ཡོད། བྱ་དགའ་འདི་སྤེལ་བ་ནས་བཟུང་། སྤྱི་ཚོགས་ལས་རིགས་ཁག་དང་ལྷག་དོན་དུ་བོད་རིགས་རྩོམ་པ་པོའི་ཚོགས་ནང་མཐོང་ཆེན་པོ་བྱེད་ཀྱི་ཡོད།
སྐབས་བཅུ་པའི་“སྦྲང་ཆར་རྩོམ་རིག་བྱ་དགའ”དེ་༼སྦྲང་ཆར་རྩོམ་རིག་བྱ་དགའི་དཔྱད་འདེམས་བྱ་ཐབས༽ཀྱི་གཏན་འབེབས་ལྟར། དཔྱད་འདེམས་ཨུ་ཡོན་ལྷན་ཁང་གིས་ཐོག་མའི་དཔྱད་འདེམས་དང་བར་གྱི་གཤིབ་སྡུར། མཐའ་མའི་ཐག་གཅོད་བཅས་བྱས་པ་བརྒྱུད། 2018---2020ལོའི་བར་༼སྦྲང་ཆར༽དུས་དེབ་ཐོག་བཀོད་པའི་བརྩམས་ཆོས་ལས“སྦྲང་ཆར་རྩོམ་རིག་བྱ་དགའ”3དང་། “སྦྲང་ཆར་དཔྱད་བརྗོད་བྱ་དགའ”1 “སྦྲང་ཆར་སྨྱུག་གསར་བྱ་དགའ”2བཅས་འདེམས་ཐོན་བྱུང་ཡོད། ད་ཐེངས་བདམས་ཐོན་བྱུང་བའི་བརྩམས་ཆོས་དང་རྩོམ་པ་པོའི་མིང་སྤྱི་བསྒྲགས་བྱས་ཡུན་ཉིན་བདུན(2021ལོའི་ཟླ4པའི་ཚེས10ནས2021ལོའི་ཟླ4པའི་ཚེས16ཉིན་བར)ཡིན་པས། གལ་སྲིད་བྱ་དགའ་ཐོབ་པའི་བརྩམས་ཆོས་ལ་བསམ་འཆར་འདྲ་ཡོད་ཚེ། སྤྱི་བསྒྲགས་བྱས་ཡུན་ནང་ངག་ཐོག་དང་ཡིག་ཐོག་གང་རུང་ནས“སྦྲང་ཆར་རྩོམ་རིག་བྱ་དགའི”དཔྱད་འདེམས་ཨུ་ཡོན་ལྷན་ཁང་ལ་ལན་ཆ་བྱེད་ཆོག
“སྦྲང་ཆར་རྩོམ་རིག་བྱ་དགའ”ཐོབ་མཁན་གྱི་བརྩམས་ཆོས་དང་རྩོམ་པ་པོའི་མིང་།
༼ཟྭ༽ (སྒྲུང་ཐུང་།) རྩོམ་པ་པོ། ཚེ་དབང་རྣམ་རྒྱལ།
༼ཡིད་ཆེས་དང་རྨ་ཁ།༽ (སྒྲུང་འབྲིང་།) རྩོམ་པ་པོ། རིག་ལྡན་རྒྱ་མཚོ།
༼དྲན་པས་མ་ཟིན་པའི་སྐྱིད་གྲོང་།༽(ལྷུག་རྩོམ།) རྩོམ་པ་པོ། བུ་ཚེ་རིང་རྒན་པ།
“སྦྲང་ཆར་དཔྱད་བརྗོད་བྱ་དགའ”ཐོབ་མཁན་གྱི་བརྩམས་ཆོས་དང་རྩོམ་པ་པོའི་མིང་།
༼བོད་ཀྱི་རྩོམ་རིག་མཐའ་དཔྱོད་ཀྱི་གནས་བབ་དང་མ་འོངས་འཚོལ་ཞིབ༽
(རིགས་པའི་གཞུང་ལུགས་ཀྱི་དཔྱད་བརྗོད། ) རྩོམ་པ་པོ། ར་ས་བསྟན་འཛིན་ཆོས་གྲགས།
“སྦྲང་ཆར་སྨྱུག་གསར་བྱ་དགའ”་ཐོབ་མཁན་གྱི་བརྩམས་ཆོས་དང་རྩོམ་པ་པོའི་མིང་།
༼ཟིན་དེབ་དམར་པོ།༽ (སྒྲུང་ཐུང་།) རྩོམ་པ་པོ། གནམ་ལྷ་རྒྱལ།
༼ཕ་ཡུལ་གྱི་མགྱོགས་བྲིས།༽ (སྙན་ངག)རྩོམ་པ་པོ། ལྷ་ལུང་རྒྱ་མཚོ།