མགར་ཚང་ནི་བོད་བཙན་པོ་རྒྱལ་རབས་ཀྱི་དུས་སྐབས་སུ་མི་རབས་འགས་བློན་ཆེན་པོའི་འགན་དབང་ཕྲག་ཏུ་ཁུར་མྱངས་བའི་ཁྱིམ་རྒྱུད་ཆེན་པོ་ཞིག་ཡིན་ཞིང་། བོད་ཀྱི་བཙན་པོ་ཉེར་དྲུག་པ་ཁྲི་སྒྲ་དཔུང་བཙན་གྱི་སྐབས་སུ་མགར་སྒྲ་རྫི་མུ་དང་། སྤུ་རྒྱལ་ཉེར་བདུན་པ་ཁྲི་ཐོག་རྗེ་བཙན་གྱི་སྐབས་སུ་མགར་གཉའ་བཙན་ལྡེམ་བུ། སྤུ་རྒྱལ་ཉེར་དགུ་པ་ཁྲི་གཉན་གཟུང་བཙན་གྱི་སྐབས་སུ་མགར་ཁྲི་འབྲིང་།སྲོང་བཙན་དང་མང་སྲོང་གི་སྐབས་སུ་མགར་སྟོང་བཙན་ཡུལ་བཟུང་། འདུས་སྲོང་མང་པོ་རྗེའི་བློན་པོ་མགར་བཙན་སྙ་ལྡོམ་བུ། མགར་ཁྲི་འབྲིང་སོགས་མགར་རུས་ཅན་རྣམས་ཀྱིས་སྤུ་རྒྱལ་བོད་ཀྱི་ཆབ་སྲིད་དང་། ཕྱི་འབྲེལ། དམག་དོན། མཐའ་མཚམས་བརྟན་སྲུང་།མངའ་ཁོངས་རྒྱ་བསྐྱེད་དང་གོང་སྤེལ་གཏོང་བར་ཕྱག་རྗེས་བླ་ན་མེད་པ་བཞག་ཡོད། ལྷག་པར་དུ་མགར་རུས་ཁྱིམ་རྒྱུད་ཀྱི་ཚབ་མཚོན་མི་སྣ་བོད་བློན་རིག་པ་ཅན་ཞེས་སྙན་པའི་གྲགས་པ་སྲིད་ན་འབར་བའི་བཙན་པོ་སྲོང་བཙན་སྒམ་པོའི་མེད་ཐབས་མེད་པའི་བློན་ཆེན་བཞིའི་གྲས་ཀྱི་བོད་བློན་མགར་སྟོང་བཙན་ཡུལ་བཟུང་བྱ་བ་དེ་ཉིད་ཀྱིས་སྲོང་བཙན་གྱིས་སྲིད་སྐྱོང་བར་རམ་འདེགས་དང་བོད་ཆེན་པོའི་རྒྱལ་ཁམས་འཛུགས་པ། དམག་ཤུགས་ཀྱིས་མངའ་ཁོངས་རྒྱ་བསྐྱེད། རྒྱ་བལ་མི་རིགས་བར་དུ་འབྲེལ་བ་བཙུགས་པ་སོགས་བྱས་རྗེས་ཆེན་པོ་བཞག་ཡོད་པ་མ་ཟད། སྲོང་བཙན་སྐུ་འདས་རྗེས་མང་སྲོང་ན་ཚོད་མ་སྨིན་པའི་བར་དུ་བོད་ཆེན་པོའི་ཆབ་སྲིད་བགྲང་ལོ་བཅུ་ཕྲག་ལྷག་ལ་ལེགས་པར་བསྐྱངས་སྟེ་མགར་ཚང་གི་ཆབ་སྲིད་ཁྱད་དབང་དང་ཚོགས་ཁག་སྟོབས་ཤུགས་འཕེལ་རྒྱས་ཀྱི་རྩེ་མོར་སོན། དེ་དུས་བོད་ཀྱི་བྱ་བ་ཆེ་ཆུང་ཐམས་ཅད་མགར་ཚང་ལ་མ་བརྟེན་པར་ཐག་མི་ཆོད་པའམ། མགར་ཚང་གིས་སྲིད་དབང་གི་ཚབ་བྱེད་པའི་སྣང་ཚུལ་ཀྱང་མངོན་ཏེ་མཐའ་བཞིའི་རྒྱལ་ཁབ་ཀུན་ལས་དབང་བཙན་ཞིང་ཤུགས་ཆེ་བས་བོད་ཆེན་པོ་ཞེས་མཚན་གྱི་སྙན་པ་འཛམ་གླིང་དུ་གྲགས་པ་བྱུང་།
མགར་ཚང་གི་བླ་མཚོ་ཡིན་པར་གྲགས་པའི་མགར་མཚོ་དང་འགྲམ་དུ་ཐོ་ཡོར་མང་པོ་བཙུགས་ཡོད་པའི་རྣམ་པ། ལུའུ་ཅན་གྱིས་པར་བླངས།
ལོ་རྒྱུས་ཡིག་ཚང་ཁག་ཏུ་བཀོད་ཡོད་པ་ལྟར་ན་མགར་རུས་ཀྱི་མེས་པོ་གོང་མ་མི་ཉག་བཞག་བྲག་ལྷ་རྩེ་ནས་མར་བབས་པར་གྲགས། དཀོན་མཆོག་རྡོ་རྗེས་པར་བླངས།
དེ་བས་བོད་ཆེན་པོའི་སྲིད་ཀྱི་ཀ་བ་ལྟ་བུ་བྱས་མྱངས་པའི་མགར་གྱི་རུས་སམ་ཁྱིམ་རྒྱུད་ཀྱི་འབྱུང་ཡུལ་དངོས་གང་ཡིན་སྐོར་ལ་དེང་དུས་ཞིབ་འཇུག་དང་མཐོང་ཆེན་གནང་མཁན་ཧ་ཅང་ཉུང་ཞིང་། དུས་ཀྱི་འགྱུར་འགྲོས་དང་བསྟུན་ནས་མགར་རུས་ཀྱི་འབྱུང་གཞི་དངོས་དེ་ཉིད་མཁྱེན་གསལ་ཡོད་མཁན་སྲིད་མཐའི་ཙམ་དུ་ཟད། ད་ལྟ་སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་རྟའུ་རྫོང་གི་ཁོངས་སུ་གཏོགས་པའི་མདོ་ཁམས་མི་ཉག་མགར་ཐར་ཞེས་པའི་ཡུལ་འདི་ནི་མགར་རུས་ཀྱི་འབྱུང་གཞི་དངོས་ཡིན་ཞིང་། ཡུལ་འདི་ལ་ཚལ་པའི་ 《དེབ་དམར།》ནང་དུ་གྷ་ཐག་ལ་སོགས་མི་ཉག་གི་ཡུལ་ཐམས་ཅད་ཅེས་པ་དང་།《ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད།》ལས་མི་ཉག་གྷ་ལ་སོགས་ཞེས་པ། 《མཁས་པའི་དགའ་སྟོན།》དུ། དེ་ཡང་ཤར་ནི་རྒྱ་ནག ལྷོ་ན་འཇང་། ནུབ་ན་བོད། བྱང་ཧོར་གྱིས་བཅད་པའི་དབུས་ནི་མི་ཉག་གི་རྒྱལ་ཁམས་ཏེ་ཕྱིས་གོ་དན་གྱིས་བཟུང་བ་གྷ་དང་བྱང་ངོས་སོགས་ནི་ཡུལ་གྱི་དངོས་གཞི་ཡིན་ལ།རབ་སྒང་དང་ཚར་སྒང་རྣམས་ཀྱང་མི་ཉག་ལ་གཏོགས་སོ་ཞེས་པ་ལས་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའོ་ཁྲོད་དུ་མི་ཉག་འགའ་དང་། མི་ཉག་གྷ། གྷ་ཐག འགའ་ཐག སྒོ་གདོང་སྒོ་མོ་སོགས་འབྲི་སྲོལ་མང་ཙམ་བྱུང་ཡོད་འདུག
རྒྱང་རིང་ནས་མཐོང་བའི་བཞག་བྲག་ལྷ་རྩེ་དང་མགར་ལུང་། དཀོན་མཆོག་རྡོ་རྗེས་པར་བླངས།
མགར་ལུང་དུ་ཡོད་པའི་མགར་ཚང་གི་གནའ་བོའི་རྗེས་ཤུལ། དཀོན་མཆོག་རྡོ་རྗེས་པར་བླངས།
ལོ་རྒྱུས་ཡིག་ཚང་ཁག་ལས་མགར་རུས་ཀྱི་ཁུངས་བཤད་པ།
དེའང་《གུ་བཀྲའི་ཆོས་འབྱུང་།》ལས།ཐོག་མར་བོད་འདིར་མི་ཡི་འགྲོ་བ་ཆགས་ནས་རིང་ཞིག་ན། ཤར་མི་ཉག་བཞག་ར་དཀར་པོའི་རི་རྩེ་ལ་སྟེང་འོད་གསལ་གྱི་ལྷ་ཞིག་གནམ་ནས་བབས་པ་ལས་མི་རྣམས་ཀྱིས་གནམ་ནས་བབས་པས་མཚན་མགར་གནམ་ཚ་འབྲུག་ཅེས་བཏགས་པས།དེའི་བརྒྱུད་པ་མགར་བླ་མཁྱེན་ཆེན་པོ། དེའི་སྲས་མགར་སྟོང་མེས་ཁྲི་ཆགས།དེའི་སྲས་མགར་སྟོང་བཙན་ཡུལ་བཟུང་ངམ་ཆོས་བློན་རིག་པ་ཅན་དུ་གྲགས་པ་སྟེ། འཕགས་པ་སྤྱན་རས་གཟིགས་རྒྱལ་པོའི་ཚུལ་དུ་སྤྲུལ་པ་སྲོང་བཙན་སྒམ་པོའི་དུས་སུ་མེད་ཐབས་མེད་པའི་བློན་ཆེན་བཞིའི་ཡ་གྱལ་ཕྱག་ན་རྡོ་རྗེའི་སྤྲུལ་པ་འཕྲུལ་བློན་རིག་པ་ཅན་འདི་དང༌ཞེས་དང་། འགར་ཁྲི་ཆོས་འཕེལ་ལགས་ཀྱིས་《ཆོས་སྲིད་ཉི་ཟླའི་འོད་རླབས།》ལས། འཆི་མེད་ལྷའི་བུ་བཞག་ར་ལྷ་རྩེར་བབས།། གནམ་ཚ་འབྲུག་ཅེས་སྙན་ཡང་ཕྱོགས་སུ་ཁྱབ།། ཅེས་གསུངས་ཡོད་ལ། དེང་རབས་ཀྱི་ལོ་རྒྱུས་སྨྲ་བ་ཆེན་མོ།ལྷོ་ནུབ་མི་རིགས་སློབ་ཆེན་གྱི་སློབ་དཔོན་ཆེན་མོ་ཐུབ་བསྟན་ཕུན་ཚོགས་ལགས་ཀྱིས་《སྡེ་དགེའི་ལོ་རྒྱུས།》ལས་དེང་དུས་ཡོངས་གྲགས་ཀྱི་བཤད་སྲོལ་ལྟར་ན་སྡེ་དགེའི་རྒྱལ་རབས་དང་པོ་ནི་བོ་ཐར་བཀྲ་ཤིས་སེང་གེ་ཡིན་ཞིང༌། བོར་ཐར་བཀྲ་ཤིས་སེང་གེའི་གོང་གི་མི་རབས་རྣམས་ཀྱི་གནས་ཚུལ་མདོར་བསྡུས་ན། འདིའི་མི་རབས་ཀྱི་ཐོག་མ་ནི། ཤར་བཞག་ར་ལྷ་རྩེའི་རྩེ་ལ་ནམ་མཁའ་ནས་མི་ཞིག་བབས་པར་དེ་ལ་མགར་གནམ་ཚ་འབྲུག་ཅེས་བཏགས། དེ་ནས་མི་རབས་བཞི་པ་མགར་སྟོང་བཙན་ཡུལ་སྲུངས་ཞེས་པ་ཆོས་རྒྱལ་སྲོང་བཙན་སྒམ་པོའི་ནང་བློན་རྒྱལ་སྲིད་ཀྱི་ཀ་བ་ལྟ་བུ་དེ་ཡིན་ཞེས་གསུངས་ཡོད།
བོད་རབ་བྱུང་བཅུ་གསུམ་པའི་ལྕགས་ཕག་(སྤྱི་ལོ་1791)ལོར་སྡེ་དགེའི་རྒྱལ་མོ་ཚེ་དབང་ལྷ་མོས་བཀས་བཀོད་ལྟར་དྲུང་ཡིག་གུ་རུ་འཕེལ་གྱིས་བརྩམས་པའི་དཔེ་རྙིང་གསེར་བྲིས་མ་སྡེ་དགེ་རྒྱལ་རབས་ཀྱི་ལོ་རྒྱུས་ལས། སྨོན་ལམ་མཐུ་ཡིས་དག་པ་ལྷ་གནས་ནས།། འཇའ་འོད་དམུ་ཐག་བརྒྱུད་ནས་རྒྱ་བོད་མཚམས།། ལྷ་གཉེན་མི་ཉག་བཞག་ར་ལྷ་རྩེ་དེར།། སྡེ་དགེའི་གདུང་རབས་དང་པོ་ལྷ་ལས་བྱོན།། ཞེས་དང་། དེང་དུས་མི་ཉག་གི་མཁས་དབང་ཆེན་མོ་ཉན་ཤུལ་འཇམ་དབྱངས་གྲགས་པས་མཛད་པའི་《མདོ་ཁམས་མི་ཉག་རབ་སྒང་གི་བྱུང་བ་རགས་བསྡུས།》ལས་བློན་པོ་མགར་གྱི་རྒྱུད་པའི་ཁུངས་བཤད་སྐབས། མགར་སྟོང་བཙན་རུས་རྒྱུད་ཀྱི་འབྱུང་ཁུངས་ནི་མི་ཉག་རབ་སྒང་ཡིན་པར་བཤད་དེ་ཞེས་དང་། མགར་གྱི་རུས་རྒྱུད་ནི་མི་ཉག་བཞག་བྲའི་རྒྱུད་ཡིན་པར་གྲགས་ཤིང་། ཉིན་གཅིག་བཞག་བྲ་མི་དཀར་རྟ་དཀར་ཅན་ཞིག་བྱས་ནས་འོངས་ཏེ། མི་ཉག་གི་བུ་མོ་ཞིག་དང་ལུས་འབྲེལ་བྱས་པས་བུ་ཞིག་སྐྱེས་པ་དེ་ལས་མགར་གྱི་རུས་རྒྱུད་ཐོག་མར་བྱུང་ཞེས་གསུངས་འདུག
མགར་ལ་བཙས་ནི་མགར་རུས་ཀྱི་ཡུལ་ལྷ་གསོལ་བའི་གནས་ཡིན་ལ། ད་ལྟའང་སྲོལ་རྒྱུན་མ་ཉམས་པར་གནས་ཡོད།
མགར་ཐར་ནས་རྙེད་པའི་གནའ་བོའི་མི་ཉག་པའི་བཞིན་རས་ཀྱི་རྡོ་བརྐོས་འདྲ་གཟུགས། དཀོན་མཆོག་རྡོ་རྗེས་པར་བླངས།
གོང་དུ་ལོ་རྒྱུས་ཡིག་ཚང་ཁག་ཏུ་བཀོད་ཡོད་པའི་མི་ཉག་བཞག་བྲག་ཅེས་པ་དེ་ནི་ལྕང་སྐྱ་རོལ་པའི་རྡོ་རྗེས་མཛད་པའི་རྒྱལ་མཆོག་བདུན་པའི་རྣམ་ཐར་《དཔག་བསམ་སྙེ་མ།》ལས་ཤར་ཕྱོགས་(མི་ཉག་མགར་ཐར་གྱི་ཤར་ཕྱོགས།)བཞག་བྲ་དཀར་པོའི་མདུན་དུ་སྒོམ་གྲྭ་ཆེན་མོ་བཙུགས་པའི་ཤུལ་དང་ཞེས་དང། རྒྱལ་མཆོག་བདུན་པ་ཆེན་མོས་གྲུབ་དབང་རིག་འཛིན་དམ་ཚིག་རྡོ་རྗེའི་རྒྱ།། སྤྱི་བོར་འཆང་བའི་ལྷ་ཆེན་མཐུ་རྩལ་ཅན།། བཞག་བྲག་ལྷ་རྩེ་སྲས་གསུམ་བཀའ་གཉན་པ། འཁོར་ཚོགས་དཔུང་དང་བཅས་པ་གནས་འདིར་གཤེགས་ཞེས་གསོལ་མཆོད་མཛད་ཡོད་པའི་བཞག་བྲག་ལྷ་རྩེ་འདི་ཉིད་ཡིན། རྒྱའི་ཡིག་ཚང་དུ་叶扎噶布ཞེས་བྲིས་འདུག སྤྱིར་བཞག་རག་དང་བཞག་བྲགབཞག་བྲ་སོགས་འབྲི་ཚུལ་མང་པོ་མཆིས་གཤིས་འགྲེལ་ཚུལ་ཡང་འདྲ་མིན་འདུག་ལ་འདི་ནི་སྲིད་པའི་ལྷ་གཉན་རྨ་རྒྱལ་སྤོམ་རའི་སྲས་ཆུང་བ་ཡིན་པར་གྲགས་ལ་ད་ལྟ་དཀར་མཛེས་ཁུལ་གྱི་རྟའུ་རྫོང་གི་ཞི་སྡེ་ཡུལ་ཤོག་གི་ཁོངས་སུ་གངས་ཀྱི་ཀ་བ་མཁའ་ལ་ཟུག་པའི་དཀར་གསལ་འོད་དུ་འཚེར་བའི་བརྗིད་ཉམས་ཀྱི་འགྱིང་ངེར་གནས་ཤིང་། གངས་རི་ཆེན་པོའི་རི་རྒྱུད་ཀྱི་རི་རྩེ་ཨང་གཉིས་པ་ཡིན། སྤྱིར་མགར་གྱི་རུས་རྒྱུད་དེ་མི་ཉག་བཞག་བྲག་ལས་མཆེད་ཚུལ་དེ་ནི་རུས་དེ་ཉིད་ཀྱི་ཆེ་བ་བརྗོད་པའི་ཆེད་དུ་ཡིན་པ་སྔོན་གྱི་ལོ་རྒྱུས་ཡིག་ཚང་ཕལ་ཆེར་གྱི་སྤྱི་འགྲོས་དང་མཐུན་ཞིང་། འོན་ཀྱང་ལྷ་སྒྲུང་གི་རྣམ་པའི་སེང་རས་སྐྱ་མོ་དེ་ཕར་ཕྱེ་ན་དོན་གྱི་སྙིང་པོ་དངོས་ཏེ་མགར་གྱི་རུས་རྒྱུད་ཀྱི་འབྱུང་ཁུངས་དངོས་དེ་ཉིད་ནི་ད་སྐབས་ཀྱི་མི་ཉག་མགར་ཐར་ཡིན་པ་གསལ་མོར་རྟོགས་ཐུབ།
མགར་རུས་ཁྱིམ་རྒྱུད་ཀྱི་གནའ་ཤུལ་སྐོར་བཤད་པ།
སྤྱིར་མགར་ཐར་ཕྱོགས་སུ་མགར་རུས་དང་འབྲེལ་བའི་གནའ་ཤུལ་མང་པོ་ཡོད་སྐད། བགྲང་ལོ་སྟོང་གི་ལོ་ཟླའི་རླུང་འཚུབ་ཁྲོད་ལོ་རྒྱུས་ཀྱི་དབྱིངས་སུ་ཡལ་ཟིན་པས་ཕ་ཤུལ་བུ་ཡིས་ངོས་མི་ཟིན་པ་ཞིག་ཏུ་འགྱུར་ཡོད། གནའ་རབས་ཀྱི་རྗེས་ཤུལ་དག་ལས་དཔོག་ན་མགར་རུས་ཀྱི་ཁྱིམ་རྒྱུད་ཐོག་མ་དེ་ཉིད་སྲིད་པའི་གངས་རྒན་བཞག་བྲག་ལྷ་རྩེའི་གཡས་ཟུར་དུ་ཡོད་ངེས་ཤིང་། ད་སྐབས་མགར་ལུང་ཞེས་པའི་ལུང་པ་དེར་མགར་རུས་ཁྱིམ་རྒྱུད་ཀྱི་ཁང་ཤུལ་ཡིན་པར་གྲགས་པའི་ཞིག་རལ་དུ་སོང་བའི་རྩིག་རོ་མང་པོ་འདུག་ལ།མགར་ལུང་(ཡུལ་སྐད་དུ་གར་ལུང་ཞེས་འབོད་བཞིན་ཡོད།)ཞེས་པའི་མིང་ཐོགས་དོན་དེའང་མགར་གྱི་ཁྱིམ་རྒྱུད་དེ་ན་ཡོད་པའི་རྒྱུ་མཚན་གྱིས་ཡིན་པར་བཤད། མགར་ལུང་གི་གཤམ་ཕྱོགས་སུ་མགར་ཕུག་ཟེར་བའི་ལུང་པ་ཞིག་གི་ནང་དུའང་གནའ་བོའི་ཁང་ཤུལ་གྱང་རོ་མང་པོ་ཡོད་ཅིང་། ས་གནས་དེ་གའི་ངག་རྒྱུན་དུ་སྔོན་ཆད་ཉེ་འཁོར་ཐམས་ཅད་དུ་མགར་རུས་ཀྱིས་ཁྱིམ་གཞིས་བཟུང་ཡོད་ཅིང་། རྗེས་སོར་ད་སྐབས་ཀྱི་མགར་ཐར་ཡུལ་སྡེ་ཆགས་ཡོད་པའི་ཕྱོགས་སུ་གནས་སྤོ་བའི་ངག་སྒྲོས་ཀྱང་འདུག་པས་བཞག་བྲག་ལྷ་རྩེའི་གཡས་ཕྱོགས་ཀྱི་མགར་ལུང་དང་མགར་ཕུག་སོགས་ནི་མགར་རུས་ཁྱིམ་རྒྱུད་ཀྱི་གདོད་མའི་ཕ་གཞིས་ཡིན་པ་བསྙོན་དུ་མེད།
དངུལ་དཀར་མདངས་སུ་བཀྲ་བའི་དགུན་ལྗོངས་ཀྱི་མི་ཉག་མགར་ཐར་གྱི་རྣམ་པ། དཀོན་མཆོག་རྡོ་རྗེས་པར་བླངས།
མགར་ཕུག་ཞེས་འབོད་པའི་གནས་སུའང་ད་སྐབས་མགར་ཚང་གི་རྗེས་ཤུལ་མང་པོ་ཡོད། ལུའུ་ཅན་གྱིས་པར་བླངས།
བཞག་བྲག་དཀར་པོའི་གཡས་མདུན་ངོས་སུ་མགར་ཚང་གི་ལྷ་གསོལ་བྱ་བའི་ལ་བཙས་མཆིས་ཤིང་། ད་སྐབས་ཀྱང་མགར་ལ་བཙས་ཞེས་མིང་མ་ཉམས་པར་གནའ་བོའི་ལོ་རྒྱུས་ཀྱི་འགྱུར་རྡོ་གསོན་པོའམ་དཔང་པོ་ཞིག་ཏུ་གནས་ཡོད། དེ་ན་ཤོད་སྲོལ་ལ་མགར་སྟོང་བཙན་རྒྱའི་ཡུལ་ནས་བྲོས་སྐབས་རྗེས་འདེད་པ་ཚོར་འཁྲུལ་བའི་ཕྱིར་དུ་བྱས་པ་ཡིན་ཟེར་བའི་རྡོ་བརྩིགས་དང་ཐོ་ཡོར་བཙུགས་པའི་རྗེས་ཤུལ་འདྲ་མིན་ད་ལྟའང་དངོས་སུ་མཇལ་རྒྱུ་ཡོད་ཅིང་། མགར་རྒྱ་ཡི་ཡུལ་ནས་བྲོས་བྱོལ་བྱེད་པའི་གཏམ་རྒྱུད་དེ་ཉིད་ལོ་རྒྱུས་དོན་དངོས་དང་མཐུན་མིན་འདུག་པས་ལ་བཙས་དང་ཐོ་ཡོར་རྣམས་ནི་མགར་རུས་ཚང་གིས་ལྷ་གསོལ་བྱ་བའི་གནས་ཡིན་པར་ངེས།
མགར་མཚོ་ཟེར་བའི་མཚོ་མོ་ཆུང་ཆུང་དེ་ནི་མགར་གྱི་ཁྱིམ་རྒྱུད་ཀྱི་བླ་མཚོ་ཡིན་པར་བཤད་ལ། འདི་ནི་མགར་ལ་བཙས་དང་ཕན་ཚུན་ཞལ་གཟིགས་ཀྱི་ཚུལ་དུ་ཡོད་ཅིང་། མཚོ་མོ་དེ་ཉིད་ཧ་ཅང་གཉན་པོ་ཡིན་ཞིང་ས་གནས་དེ་གའི་ཡུལ་དགོན་གྱིས་གནའ་ནས་དབྱར་གསོལ་དང་དགུན་གསོལ་ཞེས་ལོ་རེའི་ལོ་འགོ་དང་དབྱར་དུས་སུ་མགར་ལ་བཙས་དང་མགར་མཚོ་གསོལ་མཆོད་བྱེད་པའི་ལུགས་སྲོལ་མ་ཉམས་རྒྱུན་ཆགས་སུ་ད་ལྟའི་བར་དུ་གནས་ཡོད།
གྷ་ཐག་ལ་མགོ་ཞེས་པའི་ཉག་ག་དེ་ནི་ད་སྐབས་མགར་ལུང་དང་མགར་ཐར་ཡུལ་སྡེ་གཉིས་བར་འཕྲེད་བཅད་དེ་ལ་ཕར་རྒྱབ་དང་ཚུར་རྒྱབ་ཀྱི་དབྱེ་བ་འབྱེད་བྱེད་དེ་ཡིན་ལ། ཚོང་དཔོན་ནོར་བཟང་གི་རྟ་སྒ་གནས་འདི་ན་ཆག་སོང་བའི་གཏམ་རྒྱུད་ངོ་མཚར་ཅན་ཞིག་བཤད་རྒྱུ་ཡོད་། འོན་ཀྱང་དེ་ནི་གྷ་ཐག་ལ་མགོ་སྒྲ་ཟུར་ཉམས་ནས་གྷ་ཆག་ལ་མགོ་ཞེས་ཟུར་ཆགས་པ་ཡིན་ངེས་ལ། རྒྱའི་ཡིག་ཚང་དུ་格达梁子ཞེས་བྲིས་འདུག 格达ནི་དུས་སྐབས་ཤིག་གི་རིང་མགར་ཐར་གྱི་རྒྱ་ཡིག་གི་འབྲི་ཚུལ་ཞིག་རེད་འདུག གཡས་ཕྱོགས་སུ་འཕྲེད་དུ་བཅད་དེ་བརྒྱུད་ན་མགར་གདོང་མགོ་ཟེར་བའི་རི་བོ་ཞིག་ཡོད་ཅིང་། དུང་དཀར་ཚིག་མཛོད་དུ་སྒོ་གདོང་སྒོ་མོ་ཞེས་པ་དེ་མི་ཉག་མགར་ཐར་ལ་གོ་ཚུལ་གསུངས་ཡོད་པ་དེའང་མགར་གདོང་མགོ་དེ་སྒྲ་ཟུར་ཉམས་ནས་སྒོ་གདོང་སྒོ་མོ་ཞེས་པར་ཟུར་ཆགས་པ་མིན་ནམ་སྙམ། གང་ལྟར་འདི་ནའང་མགར་ལ་བཙས་དང་མཚུངས་པར་ལ་བཙས་དང་ཐོ་ཡོར་བཙུགས་ཤུལ་མང་པོ་མཐོང་རྒྱུ་ཡོད།
མགར་མཚོ་དང་མགར་ལ་བཙས་འགྲམ་དུ་བཙུགས་ཡོད་པའི་ཐོ་ཡོར།
མགར་ཐར་ཡུལ་དགོན་གཉིས་ཀྱིས་བཞག་བྲག་དཀར་པོའི་མདུན་དུ་རི་བསངས་རླུང་རྟ་བྱེད་བཞིན་པ།
གྷ་ཐག་ལ་མགོ་ནས་མགར་ཐར་ཡུལ་སྡེ་ཕྱོགས་སུ་ཐུར་དུ་རིམ་པར་སོང་ན་མགར་ཆུ་སྒང་ཟེར་བའི་རི་བོ་ཞིག་ཡོད་ཅིང་། རི་བོ་དེའི་ལུང་པ་ཞིག་ལ་མགར་ཆུ་ལུང་པའམ་མགར་ཆུ་ཁུག་དང་དེ་ནས་མར་གཤམ་དུ་མགར་ཆུ་ལྟག་སྒོ་ཟེར་བའི་མིང་འབོད་ཚུལ་འདུག གནས་འདི་ནི་མགར་ཚང་གི་ཆུ་མིག་མཆོད་གནས་དང་བཏུང་ཆུ་ལེན་སའི་གནས་ཡིན་པར་བཤད་ཅིང་། སྔོན་ཆད་དུད་འགྲོའི་རིགས་སོགས་ཀྱིས་ཆུ་མགོ་མི་བརྫིས་པའི་ཆེད་དུ་སྒོ་ར་བྱས་པས་འོག་ནས་སྒོ་ཆེན་ཞིག་ཡོད་པར་མགར་ཆུ་ལྟག་སྒོ་ཟེར་བའི་མིང་འབོད་ཚུལ་དེ་བྱུང་འདུག་སྙམ་མོ།
ད་སྐབས་མི་ཉག་མགར་ཐར་དུ་ཡོད་པའི་མགར་རུས་སྐོར་བཤད་པ།
སྤྱིར་སྔོན་གྱི་ལོ་རྒྱུས་ཡིག་ཚང་དང་ལྷག་པར་དུ་ཏུན་ཧོང་གཏེར་ཡིག་སོགས་སུ་འགར་ཚང་ཞེས་སྔོན་འཇུག་འ་ཡིག་ཅན་བྲིས་ཡོད་པ་མང་ཞིང་། དུས་སྐབས་ནམ་ཞིག་ནས་སྔོན་འཇུག་མ་ཡིག་ཏུ་འགྱུར་སོང་བའི་ཁུངས་ལུང་གསལ་པོ་མ་རྙེད། སྡེ་དགེའི་རྒྱལ་མོ་ཚེ་དབང་ལྷ་མོའི་སྐུ་དུས་སུ་དྲུང་ཡིག་གུ་རུ་འཕེལ་གྱིས་བརྩམས་པའི་དཔེ་རྙིང་གསེར་བྲིས་མ་སྡེ་དགེ་རྒྱལ་རབས་ཀྱི་ལོ་རྒྱུས་ལས་འགར་གྱི་རུས་ནི་རྔུ་བར་ཚོ་ཆེན་བཅོ་བརྒྱད་ཅེས་པའི་གྲས་སུ་བགྲངས་འདུག་ལ།ཡང་འགར་ལ་རིགས་བཞི་ལྷ་རྗེའི་ཆོས་བརྒྱུད་ནི། །ཡངས་པ་ཅན་དང་དོལ་པོ་ལི་ཡུལ་འབྱུང་།། སྲོང་བཙན་ཡུལ་བཟུང་ཞེས་པའི་འཕྲུལ་རྒྱུད་ནི།། དབུས་གཙང་མོན་གསུམ་ཕྱོགས་ནས་བྱུང་བ་དང་།། བཙན་ལ་དྲེགས་པའི་དཔའ་བརྒྱུད་ཅེས་པ་ནི། །རྒྱ་ནག་འཇང་ལ་སོགས་པའི་ས་མཐར་བྱུང་།། སྙེ་རང་ཕག་འཇུའི་བཀའ་བརྒྱུད་ཅེས་པ་ནི།།བྲག་ར་གླིང་ཆེན་མི་ཉག་ཡུལ་ནས་བྱུང་ཞེས་གསུངས་འདུག་པར་གཞིགས་ན་མགར་ཚང་ཞེས་པའི་རུས་རྒྱུད་ཆེན་པོ་འདི་ཉིད་མི་ཉག་མགར་ཐར་ནས་རིམ་པར་མཆེད་དེ་བོད་ཀྱི་མདོ་དབུས་ཁམས་གསུམ་དང་རྒྱ་དང་འཇང་། ལི་ཡུལ་སོགས་ཡུལ་ཀུན་ཏུ་ཁྱབ་པ་དང་། ས་སྐྱའི་མཁས་ཆེན་རྗེ་བཙུན་རེད་མདའ་བ་མཆོག་དང་ཚལ་པ་ཀུན་དགའ་རྡོ་རྗེ་གཉིས་ཀྱང་མགར་གྱི་རུས་ཡིན་པར་བཤད་ལ། སྡེ་དགེ་རྒྱལ་རབས་ཀྱི་རུས་རྒྱུད་ཀྱང་མགར་གྱི་རུས་ཁུངས་ལས་མཆེད་པ་ཡིན་པ་ལོ་རྒྱུས་ཡིག་ཚང་མང་པོ་ན་བཀོད་འདུག་པ་དེ་བཞིན་ནོ།།
མེས་པོ་མགར་ཚང་ལ་རྗེས་དྲན་ཞུ་བའི་ཚུལ་དུ་ཡུལ་མི་རྣམས་ཀྱིས་ལོ་བསྟར་རྒྱུན་ཆགས་སུ་ཐོ་ཡོར་བཙུགས་པའི་སྲོལ་གནས་ཡོད་པ།
ད་སྐབས་མགར་རུས་གྱི་འབྱུང་གཞིའི་ཡུལ་དངོས་ཏེ་མི་ཉག་མགར་ཐར་ཕྱོགས་སུ་མགར་ཚང་ཞེས་མིང་ནས་འབོད་པའི་ཁྱིམ་ཚང་དང་། ཉེ་འཁོར་གྱི་མི་ཉག་དཔལ་ལྷ་སྒང་དང་། མི་ཉག་སྐྱ་གད།ས་བདེ་སོགས་སུ་མགར་རུས་ཀྱི་ཁྱིམ་ཚང་མང་པོ་འདུག་གཤིས། ཡུལ་དེར་མགར་རུས་ཡིན་པའི་བགྲེས་སོང་རྒན་རབས་པ་རེ་འགས་བཤད་ཚུལ་ལྟར་ན། རང་ཉིད་ཀྱི་མེས་པོ་གོང་མ་ནི་བཞག་བྲག་ལྷ་རྩེའི་སྟེང་ནས་གནམ་གྱི་འཇུ་ཐག་ལས་མར་བབས་པས་འོད་གསལ་ལྷ་ཡི་གདུང་རྒྱུད་ལས་མཆེད་རབས་དང་། བློན་པོ་མགར་སྟོང་བཙན་ནི་རང་ཉིད་ཀྱི་མེས་པོ་གོང་མ་ཡིན་ཚུལ་སྐོར་གླེང་རྒྱུ་འདུག་པས་སྔོན་བྱུང་ལོ་རྒྱུས་ཡིག་ཚང་ཁག་ཏུ་བཀོད་པ་ཇི་བཞིན་ཡུལ་འདི་ནི་མགར་རུས་ཀྱི་འབྱུང་གཞི་དངོས་ཡིན་པར་ཁུངས་ལུང་དེ་བས་བཙུན་པ་དང་བདེན་པ་ར་སྤྲོད་བྱས་ཐུབ་བོ།།
མགར་ལུང་དང་མགར་ཕུག་ཏུ་ཞིག་རལ་དུ་སོང་བའི་ཁང་ཤུལ་དང་རྩྭ་ལྡུམ་གྱིས་ཁེངས་པའི་རྗེས་ཤུལ་རེ་རེས་སྤུ་རྒྱལ་བོད་ཀྱི་དུས་སྐབས་སུ་དཔའ་མཛངས་དང་དཔྱོད་ཤེས། སྙིང་སྟོབས་བཅས་ལྡན་པའི་མགར་རུས་ཚང་ཞེས་སྙན་གྲགས་གཡུ་འབྲུག་སྔོན་མོའི་ང་རོ་བཞིན་དུ་ས་ཆེན་པོའི་ཁྱོན་ན་ཁྱབ་པར་བྱས་པའི་ཁྱིམ་རྒྱུད་འདིས་གངས་ལ་བཞག་པའི་ཞབས་རྗེས་ཟབ་མོ་རྙེད་ཐུབ་ཅིང། གངས་འཁྱགས་ཤེལ་དཀར་སྤུངས་བའི་མཆོད་རྟེན་གྱི་གཟུགས་སུ་ཐོན་པའི་མི་ཉག་བཞག་བྲག་ལྷ་རྩེ་དང་མགར་ལ་བཙས། དེ་བཞིན་མགར་མཚོ་བཅས་ལ་དད་འདུན་གྱི་བསངས་མཆོད་དང་གསོལ་འདེབས་ཀྱི་རླུང་རྟ་དགུང་ནས་འཐོར་བར་སྔོན་བྱོན་མེས་པོ་མགར་རུས་ཚང་སྟེ་བཞག་བྲག་དཀར་པོའི་བུ་རྒྱུད་ཀྱི་བརྟན་ཅིང་བརླིང་པའི་ཞལ་རས་དྲོན་མོ་སྙིང་ལ་འཁོར་ཡོང་། མགར་ཚང་གི་མི་རབས་རིམ་བྱོན་རྣམ་པས་བོད་ཆེན་པོའི་དབང་ཐང་སྲིད་ན་འཕྱར་བར་རླབས་ཆེ་བའི་མཛད་རྗེས་དག་ནི་ལོ་ཟླའི་རི་མོའི་བསུབ་ཐབས་མེད་ལ་དུས་ཀྱི་ཆར་ཆུས་འཇིག་ཐབས་དབེན་ནོ།།
གྷ་ཐག་ཉག་ག་ན་ཡོད་པའི་མགར་ལ་བཙས་སུ་འབོད་པའི་གཞི་བདག་འདི་ལ་ཡུལ་དགོན་གཉིས་ཀྱིས་བསངས་མཆོད་འབུལ་བཞིན་པ།
བཞག་བྲག་གཡུ་མཚོ།