༄༅།། དམར་ཟས་ཕྱོགས་ཀྱི་བཤད་པ།

རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། 04-26


   བོད་རིགས་དམངས་ཁྲོད་ཀྱི་འཚོ་བའི་ཐད་ཀྱི་ཟས་རིགས་ལ་སྣ་ཁ་མང་མོད། སྤྱིར་བཏང་དུ་དཀར་ཟས་དང་དམར་ཟས་གཉིས་སུ་དབྱེ་བའི་དཀར་ཟས་རིགས་སྔོན་ལ་ཕྱོགས་ཙམ་གླེང་ཚར་བས་འདིར་རྒྱས་བཤད་བྱེད་པར་མི་སྤྲོ། གཡག་སྐམས་འབྲོང་ལ་འགྲན་པའི་སྐམས་ཤ་དང་། ཤ་གཟན་གཉན་ལ་དོ་བའི་ལུག་ཤ་གཉིས། ཚོན་པོ་ལ་ཕུག་བཞིན་གྱི་ཕག་ཤ་གསུམ་ནི་བོད་མིས་རྒྱུན་དུ་ཟ་བའི་དམར་ཟས་ཡིན་ལ། དེར་དཀར་ཟས་བཞིན་དུ་རིགས་སྣ་མང་པོ་མེད་ཀྱང་བཟའ་ཐབས(ཤ་རྗེན་དུ་ཟ་བ། སྐམ་ནས་བཟའ་བ། བཙོས་ནས་བཟའ་བ། རྡོ་བསྲེག་བརྒྱབ་ནས་བཟའ་བ་སོགས)ཧ་ཅང་མང་པོ་ཡོད། འདིར་དམར་ཟས་ཤ་དང་འབྲེལ་བའི་སོག་པ་དང་ལག་ངར་གྱི་བཤད་པ། ཚང་རའི་བཤད་པ་སོགས་མང་དུ་མཆིས་ཀྱང་ཚིག་ཟུར་རེ་མ་གཏོགས་ཧ་ལམ་གཅིག་མཚུངས་སུ་སྣང་བས་འདིར་སྤྱི་ཡི་ཞར་ལ་བྱེ་བྲག་ཤེས་པར་བྱའོ།

          གདོད་མའི་དུས་ཀྱི་མི་རྣམས་སོ་ནམ་གྱི་ལས་ལ་ཤིན་ཏུ་མཁས་པར་མ་ཟད་སྲོག་ཆགས་འདུལ་སྦྱོང་གི་རིག་པའང་ངོ་མཚར་བ་སྣ་ཚོགས་ཡོད་དེ། 《རྒྱལ་བོ་བཀའི་ཐང་ཡིག》ཏུ། དང་བོ་གནོད་སྦྱིན་ནག་པོས་དབང་བྱས་ཏེ། ཡུལ་མིང་བདུད་ཡུལ་ཁ་རག་མགོ་དགུར་བཏགས། སྔ་དྲགས་གཉེན་པོ་བཙན་པ་དེ་ནས་བྱུང་། དེ་ནས་བདུད་དང་སྲིན་མོས་དབང་བྱས་ཏེ། མིང་ཡང་ལྷ་སྲིན་གཉིས་ཀྱི་ཡུལ་དུ་བཏགས། སྔ་དྲགས་ཤ་ཟ་གདོང་བ་དམར་བ་བྱུང་། དེ་ནས་ཀླུ་དང་བཙན་གྱིས་དབང་བྱས་ཏེ། ཡུལ་གྱི་མིང་ལ་བོད་ཡུལ་གླིང་དགུར་བཏགས། སྔ་དྲགས་དཀར་བུ་ཆུ་ལ་སྤྱོད་པ་བྱུང་། ཞེས་བོད་མི་རྣམས་ལ་གནའ་ནས་བཟུང་སྒོ་ཕྱུགས་གཉེར་བའི་སྲོལ་ཆགས་ཡོད་ལ། ཆེས་ཐོག་མར་ཁོ་ཚོས་རི་དྭགས་རྔོན་དུས་ཟས་སུ་ཤ་རློན་པ་ཟ་བ་དང་ཁྲག་དྲོན་མོ་འཐུང་བའི་ཞོར་ལ། སྲོག་ཆགས་རྣམས་ཀྱི་སྐྱེ་འཕེལ་དང་གནས་བཅའ་སྟངས། རྩྭ་ཆུ་རོལ་སྟངས་སོགས་འདྲིས་པར་གྱུར་རྗེས། སྲོག་ཆགས་འདུལ་སྦྱོང་གི་ལས་ལ་ཞུགས་པ་ཡིན། ཁོ་ཚོས་ཐོག་མར་ཁྱི་དང་ལུག་གཉིས་བཏུལ་བ་དང་། དེ་ནས་ར་དང་ཕག གླང་སོགས་རིམ་གྱིས་བཏུལ་བ་ཡིན་ཏེ། 《བཀའ་ཆེམས་ཀ་ཁོལ་མ》ལས་ཀྱང་། འབྲོང་ཕོ་མོ་གཡག་དང་འབྲི་རུ་བཏུལ། ཤ་བ་ཕོ་མོ་གླང་དུ་བཏུལ། །རྒོ་བ་ཕོ་མོ་ལུག་ཏུ་བཏུལ། །གླ་བ་ཕོ་མོ་རར་བཏུལ། །རྐྱང་ཕོ་མོ་རྟར་བཏུལ། །སྤྱང་ཀི་ཕོ་མོ་ཁྱིར་བཏུལ། །རྨོ་བཀོལ་སོ་ནམ་དེའི་དུས་ན་བྱས། །ཕྱུགས་ཀྱི་རྫི་སྐྱོང་ཡང་དེའི་དུས་ན་བྱས། །ཞེས་གསུངས་པ་ལྟར་རོ། དེ་བཞིན་བོད་རང་གི་ཐུན་མོང་མ་ཡིན་པའི་རང་བྱུང་ཁོར་ཡུག་གི་གནས་བབས་དང་བསྟུན་ནས་དམར་ཟས་ཤ་བཟའ་བའི་གོམས་སྲོལ་ཞིག་ཆགས་ཡོད་པ་མ་ཟད་དེ་དང་འབྲེལ་བའི་ཐུན་མོང་མ་ཡིན་པའི་ཤ་བཤད་རིག་གནས་ཞིག་ཀྱང་གྲུབ་ཡོད།

          དམངས་ཁྲོད་དུ་ཤ་རབས་སུ་འབོད་པའི་ཤ་བཤད་ནི་གཙོ་བོ་འབྲོག་ཁུལ་དུ་དར་ཁྱབ་ཆེ་ལ། སྤྱིར་ནང་དོན་གྱི་ཆ་ནས་གཡང་དཀར་ལུག་གི་བྱུང་བ་བརྗོད་པ་དང་། ལུག་བཤའ་ཚུལ། ཤ་རུས་ནང་ཁྲོལ་གྱི་ཆགས་རིམ་སོགས་མང་དུ་མཆིས་མོད། སོག་པ་དང་ལག་ངར་གྱི་བཤད་པ། ཚང་རའི་བཤད་པ་སོགས་ནི་གཙོ་བོ་རྟགས་སྟོན་མོ་དང་གཉེན་སྟོན་གྱི་སྐབས་སུ་རྒྱག་སྲོལ་ཡོད་དེ། ཐོག་མར་འགྲོ་བ་མིས་ལུག་ཇི་ལྟར་བཙལ་ཚུལ་ལ"འབའ་ལུག་ཀ་ཡུལ་ན་མ་དར་དུས། །གན་དང་མའི་ལུག་བཙལ་འབའ་ལ་སོང་། །འབའ་ཡི་གཏེར་ལུང་གོང་མར་སོང་། །ང་ལུག་ལ་མ་ཐུག་རྟ་ལ་ཐུག །……འབའ་ཡི་གཏེར་ལུང་བར་མ་སོང་། ང་ལུག་ལ་མ་ཐུག་ཟོག་ལ་ཐུག །……འབའ་ཡི་གཏེར་ལུང་འགབ་མ་སོང་། །ལུག་བརྒྱ་བཅུ་བོ་གཞོལ་སྡོད་ཀི། གསེར་གྱི་མ་མོ་གསེར་ལུ་མ། །ལུ་གུ་དུང་གི་ཟླ་བ་སྐྱབས། །ལྷ་ལུག་ཐུང་བ་རྡོ་རྗེ་སྐྱབས། །ལུག་དེ་གསུམ་རྙེད་ནས་ཡུལ་ལ་སོང་། །ཞེས་ལུག་བཙལ་བའི་བརྒྱུད་རིམ་ཁྲོད་དང་ཐོག་རྟ་དང་དེ་ནས་ནོར་རིམ་བཞིན་ལུག་བཅས་བོད་ཀྱི་ཡུལ་འདིས་གནའ་ནས་རྟ་ནོར་ལུག་གསུམ་འདུལ་བ་རྟོགས་ཐུབ་ལ། ལྷག་པར་དུ་རྒོ་བ་ཕོ་མོ་ལུག་ཏུ་བཏུལ། །ཞེས་རི་དྭགས་ཤྭ་བ་གནའ་བ་དགོ་བ་སོགས་དང་འབྲེལ་བ་ཡོད་ཚུལ་ལ"ཆ་གླུ་བའི་མ་རྩ་ཤ་ངོ་འདི། །ཕྱི་སྤུ་ཁ་རོག་སྔོན་ཤྭ་ལ་རིག། ཤྭ་རོག་སྔོན་ལུག་གི་མེས་པོ་རེད། ལུག་ཤྭ་ལ་རིག་པ་དེའི་དོན་ཡིན། །འགྲོ་ལུགས་གྲོ་གྲོ་གནའ་ལ་རིག། གནའ་གྲོ་གྲོ་ལུག་གི་ཤ་ཉེ་རེད། ལུག་གནའ་ལ་རིག་དོན་དེའི་དོན་རེད། །ཞོགས་ཚུལ་མི་འདྲ་དགོ་ལ་རིག། དགོ་དཀར་ཆུང་ལུག་གི་ཞང་པོ་རེད། ལུག་དགོ་བ་རིག་དོན་དེའི་དོན་ཡིན།  ཞེས་མེས་པོ་རྣམས་ཀྱིས་ཤྭ་གནའ་དགོ་གསུམ་གཡུང་ལ་ཕབ་ནས་བཏུལ་ཚུལ་སྐོར་འཇིག་རྟེན་ཆོས་ཉིད་དང་མཐུན་ལ་ཚན་རིག་དང་ཡང་ཤིན་ཏུ་ཉེ་བའི་ཚུལ་གྱིས་བཟའ་བ་ཤ་ཡི་རྟེན་གཞི་གཡང་དཀར་ལུག་གི་བྱུང་རབས་ཡང་མདོར་བསྡུས་ཙམ་བརྗོད་ཡོད་དོ། དེ་ནས་ལུག་འཛིན་ཐབས་དང་བཤའ་མཁན་དང་བཤའ་ལུགས་སོགས་ཀྱི་ཐད་ལ"……མ་མོ་འཕེལ་གི་བསམ་ནས་བསྐྱུར། །ལུ་གུ་ཆུང་གི་བསམ་ནས་བསྐྱུར། ཐུང་བ་རིང་གི་བསམ་ནས་བསྐྱུར། །……བཤའ་མཁན་སྡིག་གཅོད་ཤན་པ་རེད། བཀྱིགས་བྱེད་གསེར་གྱི་ཐག་པ་རེད། བཤའ་བྱེད་ཤེལ་གྱི་རལ་གྲི་རེད། ……མིག་རྡོ་ཕོ་རོག་འཁོར་འཁོར་འདི། །ཕྱི་སྲོག་ནང་ལ་བསྡུས་ནི་རེད། ལུས་པོ་ཕུར་བ་རྡེབ་རྡེབ་འདི། །ཕྱི་སྲོག་ནང་ལ་བདུས་ནི་རེད། རྔ་མ་དྲིལ་ལྕེ་གཡུག་གཡུག་འདི། །ཕྱི་སྲོག་ནང་ལ་བསྡུས་ནི་རེད། རིལ་མ་ར་མདའ་འབུད་འབུད་འདི། ཤ་གཉེར་ཆུ་རླབས་རྒྱག་རྒྱག་འདི། ཕྱི་སྲོག་ནང་ལ་བསྡུས་ནི་རེད།

ཅེས་ལུག་བཤའ་སྐབས་ཁྱི་སྤྱང་ནང་བཞིན་གང་ཟིན་ཟིན་གསོད་པར་བྱེད་པར་བྱེད་པ་མ་ཡིན་པར་གང་བཤའ་བ་དང་གང་འཇོག་པའི་སྐོར་ལ་གདམ་གསེས་བྱེད་སྟངས་དང་། བཤའ་མཁན། བཤའ་བྱེད། བཀྱིག་བྱེད་སོགས་རེ་རེ་ནས་བཤད་པ་དང་། ཕྱི་སྲོག་ནང་བསྡུ་བའི་བར་གྱི་སྡུག་བསྔལ་དང་སྐྲག་དངངས་ཀྱི་ཚུལ་ཡང་སྣང་བརྙན་ལྡན་པའི་ངང་བརྗོད་ཡོད། "……གློ་བ་དབུགས་ཀྱི་མཚོ་མོ་ཡིན། །དབུགས་ཁ་ལ་འབུད་པ་དབུགས་ཀྱིས་དེད། །མཆིན་པ་ཁྲག་གི་མཚོ་མོ་ཡིན། །ཁྲག་རྩལ་ལ་བཀྲམ་པ་འཛིན་རྩི་ཡིན། །གྲོད་པུ་གཙོ་ཡི་མཚོ་མོ་ཡིན། །རིལ་མ་གསང་ལ་འབུད་པ་ཞུ་བ་ཡིན། །ཞེས་དོན་སྣོད་གྱི་ཆགས་རིམ་དང་ངོ་བོ་གསོ་རིག་གི་གཞུང་དང་མཐུན་པར་བཀྲ་བ་དང་། "ཡ་མགོ་མ་མགོ་མ་བརྩིས་པའི། །ཁ་ན་དུང་སོ་སུམ་བཅུ་ཡོད། །རྩིག་རིང་རྩིག་ཐུང་མ་བརྩིས་པའི། །སྒལ་ཚིགས་བཞི་བཅུ་ཞེ་དགུ་ཡོད། །ལྷུ་ཆེན་ལྷུ་ཆུང་བཅུ་གཉིས་ཡོད། །ཡ་མགོ་མ་མགོ་བཀས་བཞི་ཡོད། རྩིག་རིང་རྩིག་ཐུང་བཀའ་བཞི་ཡོད། སྣ་མ་སྣ་མོ་ཁག་གཅིག་ཡོད། །འདི་འབའ་ལུག་ཀ་ཞིག་གི་རུས་བརྒྱ་རེད། །

  ཅེས་ལུག་གཅིག་ལ་ལྷུ་ཆེན་ལྷུ་ཆུང་དང་སྒལ་ཚིགས་སོགས་རེ་རེ་ནས་གྲངས་ངེས་པ་བྱས་ཏེ་རུས་རྐང་བརྒྱ་ཡིས་གྲུབ་ཡོད་ཚུལ་ཉམས་མྱོང་མཁན་པོའི་གཏམ་ཇི་བཞིན་བརྗོད་པ་འདིས་ན་ཆུང་བྱིས་པའི་བློ་སྒོ་འབྱེད་ལ་རྒན་གཞོན་རྣམས་ཀྱི་དྲན་པ་གསོ་བ། ཡ་ཐོག་བོད་ཀྱི་བློ་གྲོས་མཚོན་ནོ། །

          སྤྱིར་བོད་ཀྱི་རྟགས་སྟོན་མོའི་སྐབས་སུ་གླུ་ལེན་གར་རྩེད་བྱེད་པ་མ་ཟད་ཇ་ཆང་སོགས་ལ་བསྟོད་པའི་སྟོན་བཤད་རྒྱག་སྲོལ་ཡོད་ལ། ལྷག་དུ་གཉེན་སྟོན་སྐབས་སུ་ཤ་དང་འབྲེལ་བའི་སོག་པ་དང་ཚང་ར་སོགས་ཀྱི་བཤད་པ་རྒྱག་སྲོལ་ཀྱང་ཡོད། དེ་ཡང་གཙོ་བོ་མདོ་སྨད་ཡུལ་དུ་གཉེན་སྟོན་སྐབས་སུ་གཉེན་ཚང་གིས་ཨ་ཞང་ཚང་ལ་ཤ་འདྲེན་པའི་སྐབས་སུ་གཉེན་བཤད་ཀྱི་ཆོ་ག་ཞིག་ཏུ་རྩིས་ནས་བཤད་པ་ཞིག་ཡིན་ལ། དེ་མིན་ད་དུང་བག་གསར་དང་མག་བཞིས་ཀྱི་གཉེན་ཚང་ནས་ཤ་དང་པོ་ཟ་བའི་རྟེན་འབྲེལ་དུ་ལུག་གི་ལག་ངར་དང་སོག་པ་སྤྲོད་པའི་ཞོར་ལ་བཤད་པ་རྒྱག་ཚུལ་ཡང་ཡོད། དེ་བཞིན་དུ་ལུག་གི་བྲང་ནི་ནམ་ཡང་ཉི་འོད་མི་ཕོག་པའི་སྐུང་ཁྱད་པར་བ་ཞིག་ཡིན་ཞིང་། ཤ་ཚིལ་འདྲེས་མར་ཡོད་ལ་བྲོ་བ་ལྷག་ཏུ་ལྡན་པས"ལུག་ཐོང་བའི་བྲང་མགོ་སྐྱི་འབྱར། །དབྱིབས་ཟུར་གསུམ་བྱ་མ་བྱེའུ་མགོའི་གཟུགས། །ཕྱི་སྐྱི་ཤུན་བཀོག་པའི་སྣུམ་བྱུགས་སེ། །སྟོན་མགྲོན་ཤའི་ནང་ནས་ཀུན་འཛོམས་ཤ།"ཞེས་བཤད་སྲོལ་ཡོད་ལ། "ལུག་དཀར་མོའི་འཚང་ར་ཤ་ཡི་མཆོག། དབྱིབས་ཟུར་གསུམ་སྣེ་འབུག་རྔ་སྣེ་དཀར། །སྐེད་དར་རྩིབ་ལེབ་གཉིས་འབྱར་ནས་བླངས། །གསེང་རུས་པ་ཆུང་ལ་ཤ་འཚིལ་འཛོམས། །ས་ལུག་གི་ཚང་ར་ཡང་རྒྱགས་ལ་སྣུམ་ཞིང་བྲོ་བ་ཆེས་ཆེར་ལྡན་པས་མགྲོན་ངོ་ཆོད་པའི་ཟས་གལ་ཆེན་ཞིག་ལ་བརྩིས་ནས་གཉེན་སྟོན་སྐབས་ཨ་ཞང་རྣམས་ལ་འདྲེན་པའི་སྲོལ་ཆེས་ཆེར་དར་ཏེ། "……བྲང་ནི་ཤ་ཡི་ཁ་རྒྱན་ཡིན། །ཞེས་དང"ངས་གྲལ་མགོ་རེ་ལ་ཚང་ར་བཞག། ཤ་ཚང་ར་ང་དཀར་འབབ་རེད། ཁྱོད་ཨ་ཞང་ཚང་གི་དལ་མོར་བཞེས། །"ཞེས་པས་མཚོན་ནོ། གཉེན་སྟོན་སོག་སྤྲོད་བཙན་ཕྱུག་ལས"སོག་པ་མ་རེད་བསགས་པ་རེད། །ཕ་ཨ་ཁུ་རིང་ལ་བསགས་པ་རེད། ལག་ངར་མ་རེད་དཔའ་ངར་རེད། ཡུལ་ལྷ་དགྲ་ལྷ་མཆོད་སྐལ་རེད། ཅེས་དང་། "སོག་ཁ་མཐོ་ལ་ཡངས་པ་འདི། ལྷ་ངོ་སོ་མཐོ་བའི་རྟགས། །སོག་རྐེད་དཀར་ལ་སྣུམ་པ་འདི། གཉན་གྱི་དཔལ་རྩལ་འགུག་པའི་རྟགས། །སོག་རྩ་བརྟན་ལ་འཇམ་པ་འདི། ཀླུ་ཡི་ཕྱུག་གཡང་འགུག་པའི་རྟགས། །སོག་པ་མིན་ད་གསོག་པ་ཡིན། །རྒོད་གཞི་མོ་བརྒྱ་ཡི་སོག་པ་ཡིན། །སོག་པ་མིན་ད་གསོག་པ་ཡིན། །འབྲི་ཐུལ་མ་བརྒྱ་ཡི་སོག་པ་ཡིན། །སོག་པ་མིན་ད་གསོག་པ་ཡིན། །ལུག་གཡང་དཀར་བརྒྱ་ཡི་སོག་པ་ཡིན། །སོག་པའི་མེ་ལོང་གོང་མ་ན། །རྒོད་མ་བརྒྱ་ཡི་འཚོ་ས་ཡིན། །རྟེའུ་ཆུང་བརྒྱ་ཡི་འཚོ་ས་ཡོད། སོག་པའི་མེ་ལོང་བར་མ་ན། །འབྲི་མོ་བརྒྱ་ཡི་འཚོ་ས་ཡོད། བེའུ་ཆུང་བརྒྱ་ཡི་རྩེ་ས་ཡོད། །སོག་པའི་མེ་ལོང་ཞོལ་མ་ན། །ལུག་གཡང་དཀར་བརྒྱ་ཡི་འཚོ་ས་ཡོད། ལུག་ཆུང་བརྒྱ་ཡི་རྩེ་ས་ཡོད་ཟེར་རྒྱུ། ཞེས་འབྲོག་ཁུལ་དུ་མ་བུ་མོ་གནས་ལ་འགྲོ་བའམ་བུ་ཕོ་གསར་མག་པར་བསུས་ཚེ་གཉེན་ཚང་དུ་བཟའ་བྱའི་ཤ་ཡི་ཐོག་མ་སོག་པ་དང་ལག་ངར་ཡིན་ལ། འདིར་སོག་པ་མིན་ད་གསོག་པ་ཡིན་ཞེས་བག་གསར་མག་བཞིས་སུ་ཡིན་རུང་མ་འོངས་པར་རྒྱུ་ནོར་དང་ཟས་ལོངས་སྤྱོད་ཀྱང་བསགས་པ་མང་དུ་འཕེལ་བའི་རྟེན་འབྲེལ་དུ་བཀྲ་ཤིས་ཁ་གཡང་གི་ཚུལ་དུ་བརྗོད་པ་ཡིན་ལ། ལག་ངར་མ་རེད་དཔའ་ངར་རེད་ཅེས་བོད་མི་རིགས་ནི་དཔའ་འཛིང་རྟུལ་ཕོད་ཅན་གྱི་མི་རིགས་ཤིག་ཡིན་པ་མ་ཟད་དཔའ་འཛིང་རྟུལ་ཕོད་ཅན་གྱི་མི་ལ་བརྩི་འཇོག་བྱེད་པའི་མི་རིགས་ཤིག་ཡིན་པས། མག་པར་དཔའ་རྩལ་འཛོམས་པའི་ཁ་གཡང་སྨོན་ལམ་རྒྱག་པ་ངང་གིས་མཚོན་ཡོད། སྤྱིར་ཤ་བཤད་ལས་གཉེན་སྟོན་སོག་སྤྲོད་ཀྱི་བཤད་པ་ལ་དང་པོ་མག་ཟས་སོག་པ་སྤྲོད་པའི་དར་སྲོལ་དང་། སོག་པ་བཀྲ་ཤིས་རྟགས་བརྒྱད་ཀྱི་ཚུལ་དུ་བཤད་པ། སོག་པ་ལྷ་ཤིང་ཤུག་པའི་རྩེ་བརྒྱད་སྟེང་ལ་གཡོགས་སྲོལ་གྱི་བཤད་པ་སོགས་མང་དུ་མཆིས་མོད།



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1