སི་ཁྲོན་དཀར་མཛེས་སུ་བཞུགས་པའི་རྒྱལ་ནང་གི་ཆེས་སྔ་བའི་སུང་རྒྱལ་རབས་དུས་འགོའི་ནང་ཆོས་བྲག་བརྐོས་རི་མོ་།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 04-29


སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སེར་ཤུལ་རྫོང་གི་འདན་ཁོག་ས་ཆ་ནི་བོད་ལྫོངས་དང་མཚོ་སྔོན། སི་ཁྲོན་བཅས་ཞིང་ཆེན་གསུམ་གྱི་འབྲེལ་མཚམས་ལྟ་བུ་ཞིག་ཡིན་ལ། ཆུ་བོ་གསེར་ལྡན་གྱི་འགྲམ་ངོགས་སུ་ཆགས་ཡོད་ཅིང་།བོད་བཙན་པོའི་སྐབས་སྲོང་བཙན་སྒམ་པོས་ཡོངས་གྲགས་སུ་མཐའ་འདུལ་ཡང་འདུལ་གྱི་ལྷ་ཁང་བཅུ་གཉིས་བཞེངས་སྐབས་གནས་དེར་ཀློང་ཐང་སྒྲོལ་མ་ལྷ་ཁང་བཞེངས་པ་དང་། རྒྱ་ནག་གི་ས་ཁྲ་རྙིང་པའི་ནང་དུ་རྒྱལ་ཁབ་གསུམ་གྱི་དུས་རབས་ནས་གནས་དེ་ལ་འདན་མ་ཞེས་མིང་ཐོགས་ཡོད་པ་འཁོད་ཅིང་། གེ་སར་རྒྱལ་པོའི་རྟོགས་བརྗོད་དུ་གནས་དེ་ནི་དཔའ་རྟུལ་ཁྲ་གླག་སྤྱང་གསུམ་གྱི་ཡ་གྱལ་འདན་མ་གཡུལ་རྒྱལ་ཐོག་རྒོད་ཀྱི་ཕ་སའང་ཡིན་པ་དང་། གླིང་རྗེ་སྐུ་ན་ཕྲ་དུས་འདན་མའི་ནས་རྫོང་ཕབ་ཚུལ་སོགས་འཁོད་ཡོད་པས། ལོ་རྒྱུས་ཀྱི་ངོས་ནས་བསམ་གཞིགས་བྱས་ན་དེ་ནི་གནས་ཁྱད་པར་བ་ཞིག་ཡིན་པ་སྨོས་མ་དགོས།

ཚེ་རིང་རྣམ་གསུམ

སྤྱི་ལོ་2011ལོའི་ཟླ་བ་5པ་ནས་9པའི་བར། ཀྲུང་གོའི་མིང་དུ་གྲགས་པའི་ནང་བསྟན་གནའ་རྫས་ཆེད་མཁས་པ་ཝུའུ་ཡུས་ཁྲེང་དང་སྐབས་དེའི་དཀར་མཛེས་ཚགས་པར་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པ་གཞོན་པ་དཀོན་མཆོག་རྡོ་རྗེས་སྤྲིན་སྐྱ་བོ་ཀླད་བཞག་དང་ས་ནག་པོ་འདམ་འཇལ་ཟེར་བའི་དཔེ་ལྟར་སྐུ་ཚེགས་ལ་མ་འཛེམ་པར་བོད་ལྗོངས་ཆབ་མདོ་ས་ཁུལ་དང་། ཡུན་ནན་བདེ་ཆེན་ཁུལ། མཚོ་སྔོན་ཡུལ་ཤུལ་ཁུལ། སི་ཁྲོན་ཞིང་ཆེན་གྱི་དཀར་མཛེས་ཁུལ་དང་རྔ་པ་ཁུལ་སོགས་ཁམས་ཁུལ་གྱི་ས་གནས་གང་མང་དུ་ནང་ཆོས་གནའ་རྫས་རྟོག་ཞིབ་ཐེངས་ལྔ་ལ་བསྐྱོད་པ་དང་། རིན་ཐང་གཞལ་དུ་ཐབས་བྲལ་བའི་མེས་པོའི་རྗེས་ཤུལ་མི་ཉུང་བ་ཞིག་རྙེད་ཅིང་། དེ་དག་ལ་ཐོག་མའི་རྟོག་ཞིབ་གནང་བ་དང་ལྷན་དུ་འབྲེལ་ཡོད་སྡེ་ཁག་ལ་མགྱོགས་མྱུར་སྒོས་སྲུང་སྐྱོང་གང་ལེགས་དགོས་པའི་འབོད་སྐུལ་ཡང་ཡང་ཞུས། དེ་ལས། སྤྱི་ལོ་2011ལོའི་ཟླ་6པའི་ཚེས་2ཉིན་ཁོང་རྣམ་པ་སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་སེར་ཤུལ་རྫོང་ལོ་ཕྱུག་གམ་འདན་ཁོག་གྲོང་རྡལ་དུ་འབྱོར་ཞིང་། གྲོང་རྡལ་དེའི་ནུབ་བྱང་ཕྱོགས་ཏེ་སེར་ཤུལ་རྫོང་མཁར་དུ་འགྲོ་བའི་ལམ་བར་སྤྱི་ལེ་19ཙམ་གྱི་མཚམས་སུ་བྲག་བརྐོས་རི་མོ་ཞིག་ཡོད་པ་དེ་ལ་རྟོག་ཞིབ་གནང་བར་ཕེབས། ཡུལ་མི་ཚོས་བྲག་བརྐོས་རི་མོ་དེ་ལ་བྲག་ལྷ་མོ་ཞེས་འབོད་པ་དང་གནས་དེ་རུ་མཚོ་འཕགས་སྨི་4000ཡན་ཡོད།

 ཚེ་དཔག་མེད། 

ཆེད་མཁས་པ་ཝུའུ་ཡུས་ཁྲེང་གིས་ངོ་སྤྲོད་གནང་བ་ལྟར་ན། ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་པའི་བྲག་ངོས་སྙོམས་མོ་ཞིག་གི་དཀྱིལ་དུ་སེང་ཁྲི་པདྨའི་སྟེང་ན་ཞབས་གཉིས་སྐྱིལ་ཀྲུང་དང་ཕྱག་གཉིས་མཉམ་བཞག་མཛད་པའི་གཙོ་སྐུ་ཚེ་དཔག་མེད་དང་གཙོ་སྐུའི་གཡས་གཡོན་གཉིས་སུ་ཕྱག་ན་རྡོ་རྗེ་དང་སྤྱན་རས་གཟིགས་གཉིས་པད་འདབ་སྟེང་སྐུ་བཞེངས་པའི་རྣམ་པ་དང་། སྐུ་འདྲའི་གཡོན་ལོགས་དང་ཞབས་ན་བོད་ཡིག་ཡིག་རྙིང་ཐིག་ཕྲེང་འགའ་ཡོད་པའི་བྲག་བརྐོས་རི་མོ་རིན་ཐང་ལྡན་པ་ཞིག་ཡིན། བྲག་བརྐོས་རི་མོའི་མཐོ་ཚད་ལ་སྨི་4དང་ཞེང་ཚད་ལ་སྨི་3.8ཡོད་པ་དང་། ཡི་གེ་ཐིག་ཕྲེང་ཁ་ཤས་དེ་བསྣན་རྗེས་སྤྱིའི་ཞེང་ཚད་ལ་སྨི་5.2འདུག །བོད་ཡིག་ཡིག་རྙིང་དེ་དག་གི་ཁྲོད་དུ་“塑工杨二造仏也”སོགས་རྒྱ་ཡིག་ཁ་ཤས་ཡོད་པ་དང་། དེ་ལས་“仏”ཞེས་པ་འདི་ཐང་རྒྱལ་རབས་སུ་དམངས་ཁྲོད་དུ་དར་ཁྱབ་ཆེ་བའི་ཡིག་འབྲུ་ཞིག་ཡིན་པ་དང་དེ་ནས་སུང་གཉིས་ཀྱི་དུས་སྐབས་བར་རྒྱུན་སྲིང་བ་གྲགས། ཕྱིའི་བཟོ་དབྱིབས་སོགས་ལ་བརྟག་ན་བྲག་བརྐོས་རི་མོ་དེ་དུས་རབས་བཅུ་གཅིག་ནས་བཅུ་གཉིས་པའི་བར་ལ་བརྐོས་པ་དང་། དེ་ནི་ད་ལྟ་ཀྲུང་གོའི་རྒྱལ་ཁབ་ནང་ཁུལ་དུ་བཞུགས་པའི་ཆེས་སྔ་བའི་སུང་རྒྱལ་རབས་དུས་འགོའི་ནང་ཆོས་བྲག་བརྐོས་རི་མོ་ཞིག་ཡིན་པ་རེད།

སྤྱན་རས་གཟིགས།

སྤྱིར་བྲག་ལྷ་མོ་ཞེས་པའི་བྲག་བརྐོས་རི་མོ་འདི་ནི་སྤྱི་ལོ་1980ལོར་དགེ་བཤེས་པདྨ་ཚེ་རིང་གིས་གསར་དུ་རྙེད་པ་ལྟར་སྣང་ཞིང་། སྐབས་དེར་ད་དུང་གཙོ་སྐུའི་གཡོན་ལོགས་ཀྱི་བཞེངས་སྐུ་དེ་ད་ལྟ་ལས་འཐུས་ཚང་ཡིན་པ་གྲགས། དེ་ནས་སྤྱི་ལོ་1993ལོ་དང་སྤྱི་ལོ་1997ལོར་མཁས་པ་ཁག་ཅིག་གིས་ངོ་སྤྲོད་དང་ཞིབ་འཇུག་བྱེད་མྱོང་བ་མ་ཟད། ལྷག་པར་དུ་སྤྱི་ལོ་2005ལོའི་ཟླ་7པར་གོང་མའི་ཕོ་བྲང་དངོས་མང་བཤམས་སྟོན་ཁང་དང་སི་ཁྲོན་ཞིང་ཆེན་རིག་དངོས་གནའ་རྫས་ཞིབ་འཇུག་གླིང་གིས་ཆེད་དུ་སྒྲིག་འཛུགས་བྱས་ནས་ཁམས་ཁུལ་གྱི་ས་གནས་ལ་གནའ་རྫས་རྟོག་ཞིབ་བྱེད་སྐབས་གནས་དེར་རྟོག་ཞིབ་ཕེབས་ནས་ཐང་རྒྱལ་རབས་དུས་སྐབས་ཀྱི་བྲག་རྐོས་རི་མོ་ཡིན་པའི་འདོས་ཚུལ་བཏོན་ཡོད་ཅིང་། སྐབས་དེར་《སི་ཁྲོན་རིག་དངོས།》དུས་དེབ་ཏུ་སི་ཁྲོན་སེར་ཤུལ་རྫོང་ལོ་ཕྱུག་བྲག་ལྷ་མོའི་བྲག་བརྐོས་རི་མོ་ཞེས་པའི་དཔྱད་རྩོམ་སྤེལ་ཡོད། ལར་བྲག་བརྐོས་རི་མོ་འདི་དུས་ནམ་ཞིག་ལ་བྱུང་བ་དང་། ལྷ་ངོས་འཛིན་ཚུལ་སོགས་ལ་མཁས་པ་ཚོས་བཞེད་ཚུལ་མི་འདྲ་བ་འགའ་ཤས་མཆིས་ཀྱང་། འདིར་གནའ་རྫས་ཆེད་མཁས་པ་ཝུའུ་ཡུས་ཁྲེང་གི་བཞེས་ཚུལ་བཀོད་པ་ཡིན།

ཕྱག་ན་རྡོ་རྗེ། 

གནའ་རྫས་ཆེད་མཁས་པ་ཝུའུ་ཡུས་ཁྲེང་གིས་བྲག་བརྐོས་རི་མོ་དེའི་གཙོ་སྐུ་ནི་ཚེ་དཔག་མེད་ཡིན་པ་དང་། རྒྱབ་འོད་དང་དབུ་འོད་ལྡན་ཞིང་དབུ་རྒྱན་མེ་ཏོག་དང་མགུལ་རྒྱན། དཔུང་རྒྱན། ཕྱག་གདུབ་སྤྲས་ཡོད་པ་དང་། སེང་ཁྲི་པདྨའི་སྟེང་དུ་ཞབས་གཉིས་དཀྱིལ་ཀྲུང་དང་ཕྱག་གཉིས་མཉམ་བཞག་མཛད་ནས་བཞུགས་པ། དར་ཕྲ་མོས་ཕྲག་གཡས་ནས་མཆན་འོག་གཡོན་མར་གཡོག་ཅིང་སྐུ་སྨད་ལ་དར་གྱི་སྨད་གཡོག་མནབས་ཡོད། གཙོ་སྐུའི་གཡས་ལོགས་ཀྱི་སྐུ་བཞེངས་པའི་བྱང་ཆུབ་སེམས་དཔའ་དེའི་དབུ་རྒྱན་དུ་སངས་རྒྱས་ཀྱི་སྐུ་ཞིག་བཞུགས་པས། དེ་ཉིད་ནི་སྤྱན་རས་གཟིགས་ཡིན་པ་ར་སྤྲོད་ཐུབ་ལ། ཕྱག་གཡོན་པས་སྐྱབས་སྦྱིན་གྱི་ཕྱག་རྒྱ་དང་གཡས་པས་མེ་ཏོག་པདྨ་བསྣམས་པ། དབུ་རྒྱན་མེ་ཏོག་དང་དཔུང་རྒྱན། ཕྱག་གདུབ། སྐེ་རྒྱན་སྤྲས་ཡོད་ལ། ཞབས་གཉིས་བཞེངས་སྟབས་སུ་བཞུགས་པ། སྐེད་ལ་སྐ་རགས་བཅིངས་ཤིང་དར་ཕྲ་མོས་ཕྲག་གཡས་ནས་མཆན་འོག་གཡོན་མར་གཡོག་ཅིང་སྐུ་སྨད་ལ་དར་གྱི་སྨད་གཡོག་མནབས་པ་དང་དབུ་འོད་ལྡན་པ། གཡས་ལོགས་ཀྱི་སྐུ་བཞེངས་པའི་བྱང་ཆུབ་སེམས་དཔའ་དེ་ནི་ཕྱག་ན་རྡོ་རྗེ་ཡིན་པ་དང་སྐུ་བཞེངས་ཤིང་ཕྱག་གཡས་པས་ཕྱག་རྒྱ་དང་གཡོན་གྱིས་ཕྱག་མཚན་བསྣམས་པ། དབུ་རྒྱན་མེ་ཏོག་དང་དཔུང་རྒྱན། ལག་གདུབ། སྐེ་རྒྱན་སོགས་ཡོད་ལ། ལྟེ་བ་མཐོང་ཐུབ་པ་དང་། སྐེད་ལ་སྐ་རགས་བཅིངས་ཤིང་དར་གྱི་ན་གཟའ་མནབས་པ་དང་དབུ་འོད་ལྡན་པ། ཞབས་ཟུང་གནས་ཡུལ་ཆག་གྲུམ་ཏུ་གྱུར་འདུག །

ཝུའུ་ཡུས་ཁྲེང་གིས་དཔྱད་ཞིབ་གནང་ནས། སྐུ་བཞེངས་པའི་འཁོར་བྱང་ཆུབ་སེམས་པ་དེའི་སྐུ་ལ་བལ་པོ་ལུགས་ཀྱི་ན་གཟའ་གསོལ་ཡོད་པ་དང་། ཞབས་གཉིས་བཞེངས་སྟབས་སུ་བཞུགས་པ། བོད་བཙན་པོའི་ལུགས་ཀྱི་སེང་གེའི་ཁྲི་དང་། སངས་རྒྱས་ཀྱི་རྒྱབ་འོད་ཕྲག་ཐོག་ཏུ་མེད་པ་སོགས་ལ་གཞིགས་ན། རི་མོ་དེ་ནི་དུས་རབས་བཅུ་གཅིག་ནས་བཅུ་གཉིས་པའི་ནང་བྱུང་བ་དང་། ཨུ་རུ་སུ་པ་ཁོ་ཙི་ལའོ་ཧྥུ་ཡིས་ནང་སོག་ཧའེ་ཧྲུའུ་གྲོང་ནས་ཁུར་སོང་བའི་འ་ཞའི་དུས་སྐབས་ཀྱི་ཤིང་སྐུ་དེ་ལས་ལོ་ངོ་བརྒྱ་ཙམ་བཞེངས་སྔ་བར་འདོད་ཅེས་གསུངས། བོད་བཙན་པོའི་སྐབས་བཞེངས་པའི་བྱང་ཆུབ་སེམས་པའི་དབུ་ལ་རྒྱན་ཡོད་པ་དང་། སྐུ་ལ་གོང་བ་བསྒྱུར་བའི་ན་གཟའ་རིང་པོ་གསོལ་བ། དཔེར་ན་དུས་རབས་དགུ་པའི་འགོར་བཞེངས་པའི་རྣམ་པ་སྣང་མཛད་དང་ཉེ་བའི་སྲས་ཆེན་བརྒྱད་ཀྱི་སྐུ་ལྟ་བུའོ། །འོན་ཀྱང་གནས་དེའི་བྲག་བརྐོས་རི་མོ་ནི་བོད་བཙན་པོའི་དུས་སྐབས་དང་གཏན་ནས་མི་འདྲ་སྟེ། དེ་དག་ལ་བལ་པོའི་མ་ལ་རྒྱལ་རབས་དུས་སྐབས་ཀྱི་ཁྱད་ཆོས་འབུར་དུ་ཐོན་ཡོད་པས། དེ་ལྟ་བུ་ནི་བོད་བཙན་པོའི་དུས་སྐབས་ལ་ཡོད་མི་སྲིད་པར་བཏོན། དེ་བས་ཁོང་གིས་བྲག་བརྐོས་རི་མོ་དེ་ནི་སུང་རྒྱལ་རབས་སྐབས་ཀྱི་རྒྱ་གར་གྱི་སློབ་དཔོན་ཆེན་མོ་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་དང་ཁོང་གི་སློབ་མ་སེ་བཙུན་རྣམ་གཉིས་ཀྱིས་ཁམས་ཁུལ་དུ་ཆོས་སྤེལ་བ་དང་འབྲེལ་བ་ཡོད་པ་འདོད་ཅེས་གསུངས། ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1