སློབ་རའི་གཏུམ་སྤྱོད་དང་དེའི་གནོད་འཚེ།
རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 04-29
སློབ་གྲྭ་ནི་སློབ་མ་ཚོ་འཚར་ལོངས་འབྱུང་སའི་གནས་ཡིན་ལ། ཤེས་བྱའི་གནས་ལ་འཇུག་སའི་བསྟི་གནས་ཡིན། ཉེ་བའི་ལོ་ཤས་རིང་།
བརྙན་ཐུང་བརྒྱུད་ནས་མཐོང་པའི་སློབ་རའི་ཉེས་རྡུང་དོན་རྐྱེན་མང་པོ་ཞིག་གིས་མི་རྣམས་ཀྱིས་མཐོང་བ་ཙམ་གྱིས་ཧང་སངས་དགོས་པར་གྱུར། འོ་ན་ལོ་ན་འདི་འདྲ་ཆུང་ཆུང་གི་བྱིས་པ་ཚོས་རང་གི་སློབ་གྲོགས་ལ་བརྙས་བཅོས་བྱ་བའི་རྒྱུ་མཚན་ཅི་འདྲ་ཞིག་ཡིན་ནམ། མཉམ་འབྲེལ་རྒྱལ་ཚོགས་གྱིས་ཁྱབ་བསྒྲགས་བྱས་པའི་སྙན་ཞུ་ལྟར་ན། གོ་ལ་ཧྲིལ་པོར་སློབ་མ་དུང་ཕྱུར་1.5ཡས་མས་ལ་སློབ་རའི་གཏུམ་སྤྱོད་ཐེབས་ཀྱི་ཡོད་པ་དང་། དེ་དག་ལོ་ཚོད་13ནས་15བར་རེད། དོན་དངོས་ཀྱི་གནས་ཚུལ་ནི་དེ་བས་ཡ་ང་བ་རེད་འདུག །
སློབ་རའི་གཏུམ་སྤྱོད་ཀྱི་གནོད་པ།
གཏུམ་སྤྱོན་མཁན་ནམ་ཐུབ་ཚོད་བྱེད་མཁན་གྱིས་དུས་ཡུན་རིང་པོར་མི་གཞན་ལ་བརྙས་བཅོས་བྱས་པས། གཏུམ་སྤྱོད་དེ་རང་ཉིད་ཀྱི་ཡིད་སེམས་ཚིམ་པའི་རྒྱུ་ཞིག་ཏུ་གྱུར་ཡོད་པར་མ་ཟད། རང་ཉིད་མ་གཏོགས་གཞན་ལ་སེམས་ཁུར་དང་སྙིང་རྗེ། བྱམས་སེམས་ཀྱི་འདུ་ཤེས་ཅི་ཡང་མི་འདུག །ཟུར་ནས་ལྟ་མཁན་ཚོས་བརྙས་བཅོས་བྱེད་སའམ་གནོད་འཚེ་ཕོག་མཁན་ལ་རོགས་རམ་བྱེད་མ་ཐུབ་པར་གནོང་འགྱོད་སྐྱེས་ནས། སེམས་མི་བདེ་བ་དང་། ཐ་ན་དངངས་སྐྲག་སྐྱེས་པ་རེད། སློབ་རའི་གཏུམ་སྤྱོད་ཀྱིས་གནོད་འཚེ་ཕོག་མཁན་ལ་བཟོས་པའི་གནོད་སྐྱོན་མཐོང་ཆུང་སྣང་མེད་བྱེད་མི་རུང་ལ། བརྙས་བཅོས་ཕོག་མཁན་སློབ་མར་ལུས་ཕུང་གི་རྨ་ཁ་དང་སེམས་ཁམས་ལ་གནོད་འཚེ་ཆེན་པོ་ཐེབས་བཞིན་ཡོད་ལ། ལྷག་པར་སེམས་ཁམས་སུ་བཞག་པའི་གནོད་འཚེ་དེ་དུས་ཡུན་རིང་པོར་སེལ་ཐུབ་པ་ཞིག་མ་རེད།
དེས་ན་ང་ཚོས་ཅི་འདྲ་བྱ་དགོས།
གལ་སྲིད་འཇིགས་སྐུལ་དང་གཏུམ་སྤྱོད་ཐེབས་ན། ཐོག་མར་དངངས་སྐྲག་སྐྱེས་མི་ཉན། ལས་རྒྱུ་འབྲས་དང་དྲང་བདེན་ལ་ཡིད་ཆེས་བྱེད་དགོས་ལ། སློབ་གྲོགས་དང་། དགེ་རྒན། སྤྱི་ཚོགས་ཐོག་གི་དྲང་བདེན་གྱི་སྟོབས་ཤུགས་ཡོད་ཚད་ཚང་མས་ཁྱེད་ལ་རོགས་རམ་དང་སྲུང་སྐྱོབ་བྱེད་པས་སྐྲག་མི་དགོས། མི་ངན་གྱི་མདུན་ནས་མགོ་སྒུར་མི་ཉན་ལ། སེམས་རྣལ་དུ་ཕབ་ནས་སྤོབས་པ་ཆེན་པོ་དང་། བློ་དང་རིག་པའི་སྒོ་ནས་རང་ཉིད་སྲུང་སྐྱོབ་ཡག་པོ་བྱེད་དགོས། བརྙས་བཅོས་གཏོང་དུས་མི་ག་ཚོད་ཡོད་པ་དང་དེ་དག་རེ་རེ་བཞིན་གསལ་པོར་ཡིད་ལ་འཛིན་དགོས། དོན་དག་བྱུང་རྗེས་དུས་ཐོག་ཏུ་དགེ་རྒན་ལ་ཡར་ཞུ་བྱེད་དགོས། བློ་རིག་བཀོལ་ནས་རང་ཉིད་ལ་སྲུང་སྐྱོབ་བྱེད་ཐུབ་ན་རབ་ཡིན།
གལ་ཏེ་གནོད་འཚེ་ཐེབས་ན། དུས་ཐོག་ཏུ་དགེ་རྒན་དང་ཁྱིམ་བདག་ལ་ཡར་ཞུ་བྱེད་དགོས་པར་མ་ཟད། ཉེན་རྟོག་པར་ཉེན་བརྡ་གཏོང་རྒྱུར་དེ་བས་སྐྲག་མི་དགོས། ཕ་རོལ་པོར་རང་ཉིད་ལ་བརྙས་བཅོས་དེ་འདྲ་བྱེད་རྒྱུ་མེད་སྙམ་དུ་འཇུག་དགོས། གལ་ཏེ་ཁོ་ཚོ་རྒྱ་ཡན་དུ་བཏང་ཚེ་མཐར་རང་ཉིད་ལ་གནོད་འཚེ་ཡང་ཡང་ཕོག་གི་ཡོད། བརྙས་བཅོས་གཏོང་སྐབས་དུས་ཚོད་ནར་འགྱངས་གང་ཐུབ་བྱས་ནས་ཕ་རོལ་པོས་བསམ་བློ་གང་འདྲ་གཏོང་མིན་དང་གོ་སྐབས་གང་འདྲ་ཞིག་འཚོལ་མིན་གསལ་པོ་ཤེས་དགོས། གལ་སྲིད་ཕ་རོལ་པོས་ལྷོད་གཡེང་བྱས་ན་གོ་སྐབས་དེ་དང་བསྟུན་ནས་འབྲོ་དགོས། མི་གཞན་པ་མཐོང་ཚེ་མྱུར་དུ་འབོད་བརྡ་གཏོང་དགོས།
རང་ཉིད་ཀྱི་རྣམ་འགྱུར་ཡང་དག་འཛིན་དགོས་པ་ལས། གཉོམ་ཆུང་གི་འདུ་ཤེས་བཟུང་ནས་ཡོད་ཚད་བསྲན་མི་ཉན་ལ། དེ་ལྟར་བྱས་ན་བརྙས་བཅོས་མཁན་འདོད་རྔམ་ཇེ་ཆེར་སོང་ནས། ཁྱོད་ཀྱི་མནར་གཅོད་དང་བརྙས་བཅོས་རྒྱུན་ཆད་མི་སྲིད། ཡིན་ཡང་བརྙན་བཅོས་བྱེད་མཁན་དང་རྡུང་རེས་རྒྱག་མི་འོས་ལ། དེ་ལྟར་བྱས་ན་སློབ་རའི་གཏུམ་སྤྱོད་སྔར་ལས་ཇེ་མང་ནས་ཇེ་མང་འགྲོ་བར་མ་ཟད། རང་ཉིད་ཀྱང་གཏུམ་སྤྱོད་མཁན་དུ་གྱུར་སོང་བས། དེ་ལས་བཟོས་པའི་གནོད་པ་དང་ཉེས་པ་ཤིན་ཏུ་ཆེ།
ཁྱིམ་བདག་གིས་དོ་སྣང་བྱ་དགོས་ས།
གལ་སྲིད་འོག་གི་གནས་ཚུལ་བྱུང་ན་སློབ་རའི་བརྙས་བཅོས་ཐེབས་ཡོད་ཉེན་ཆེ།
ལུས་པོར་རྨ་རྗེས་ཡོད་པ། མི་སྒེར་གྱི་དངོས་པོ་བོར་བའམ་སྐྱོན་ཐེབས་ཡོད་པ། གསང་སྤྱོད་འགྲོ་བའི་གོམས་གཤིས་འགྱུར་བ། རང་བཀུར་གྱི་བསམ་པ་ཕམ་ཉེས་བྱུང་བ། རང་གིས་རང་ལ་གནོད་བྱེད་པའི་བསམ་བློ་ཡོད་པ། སློབ་གྲྭར་འགྲོ་མི་འདོད་པ། གཉིད་མི་ཁུག་པའི་གནས་ཚུལ་ཡོད་པ།
《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་དོན་ཁྲིམས་གཞུང》གི་མིའི་གཤིས་ཐོབ་ཐང་གི་འབྲེལ་ཡོད་གཏན་འབེབས་ནང་གི་དོན་ཚན་དགུ་བརྒྱ་དགུ་བཅུ་པ་དང་། དོན་ཚན་དགུ་བརྒྱ་གོ་གཅིག་པ། དོན་ཚན་དགུ་བརྒྱ་གོ་ལྔ་པ་བཅས་སུ་སློབ་རའི་གཏུམ་སྤྱོད་སྐོར་ནས་གཏན་འབེབས་གསར་པ་བཏོན་ཡོད།
དུས་མཚུངས་གསལ་བཤད་བྱེད་དགོས་པ་ཞིག་ནི་ན་སོ་དར་ལ་མ་བབས་པའི་མིས་སློབ་རའི་གཏུམ་སྤྱོད་ནང་ཞུགས་ཚེ་གནས་ཚུལ་ཚབས་ཆེན་ཡིན་ན་ཉེས་དོན་འགན་འཁྲི་ཁུར་དགོས། ལོ་14ཡན་དང་ལོ་16མན་གྱི་ན་སོ་དར་ལ་མ་བབས་པའི་མི་སློབ་རའི་གཏུམ་སྤྱོད་ནང་ཞུགས་ནས་མི་གཞན་ལ་རྨས་སྐྱོན་ཚབས་ཆེན་དང་དེ་བཞིན་གོང་གསལ་མཇུག་འབྲས་བཟོས་པར་དེ་མཚུངས་ཀྱི་ཉེས་དོན་འགན་འཁྲི་འཁུར་དགོས་ཀྱི་ཡོད། ལོ་16ཡན་གྱི་ལོ་ན་མ་སོན་པའི་མིས་མི་གཞན་ལ་རྨས་སྐྱོན་ཆུང་རིགས་དང་དེ་ལས་ངན་པ་བཟོས་ན་ཉེས་འགན་འཁུར་དགོས། མི་ལ་ཉེས་རྡུང་གཏོང་བར་མི་ལྗིད་ཀྱང་། ལག་ཕུད་ན་སྲིད་འཛིན་གྱི་ཆད་པ་གཅོད་སྲིད་པས། ཐོ་འགོད་བྱས་ཏེ་སླད་ཕྱིན་གྱི་ལས་ཀ་དང་འཚོ་བར་ཤུགས་རྐྱེན་ངན་པ་ཐེབས་སྲིད། ཡིན་ཡང་སློབ་རའི་གཏུམ་སྤྱོད་སྐོར་གྱི་དོན་རྐྱེན་བཀག་སྡོམ་ཡང་ཡང་བྱས་ཀྱང་མཚམས་མི་ཆོད། མཐར་གཏུགས་ནས་བཤད་ན་ལོ་ན་མ་སོན་པ་དང་ཁྱིམ་བདག་གིས་བཅའ་ཁྲིམས་ལ་རྒྱུས་ལོན་མ་བྱུང་བའི་རྐྱེན་གྱིས་རེད། །