ཐན་ཟ་ཉི་ཡ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 04-29


ཐན་ཟ་ཉི་ཡ་རྒྱལ་ཁབ་ནི་ཧྥེ་གླིང་ཤར་ཁུལ་དུ་གནས་ཤིང་། མིང་ཆ་ཚང་ལ་ཐན་ཟ་ཉི་ཡ་མཉམ་འབྲེལ་སྤྱི་མཐུན་རྒྱལ་ཁབ་ཟེར། སྡོད་དམངས་ཀྱིས་དད་མོས་བྱེད་ས་གཙོ་བོ་ནི་དངོས་དད་ཆོས་ལུགས་དང་། གནམ་བདག་ཆོས་ལུགས། ཡེ་ཤུའི་ཆོས་ལུགས། ཁ་ཆེའི་ཆོས་ལུགས་སོགས་བྱེད་ཅིང་། རྒྱལ་ཁབ་ཀྱི་སྤྱི་སྐད་ནི་སི་ཝ་ཞི་ལའི་སྐད་ཡིན་ཞིང་། རྒྱལ་ས་ཏ་རེ་སི་ས་ལམ་ཡིན་ནོ། །


པན་པ་གླིང་ཕྲན་ནི་ཐན་ཟ་ཉི་ཡ་དང་གཉིས་ཀྱི་གླིང་གཙོ་བོའི་ཡ་གྱལ་ཞིག་སྟེ། ཧིན་རྡུ་རྒྱ་མཚོའི་ནུབ་ཁུལ་གྱི་བྱུ་རུའི་གླིང་ཕྲན་དུ་འབོད། ཧྥེ་གླིང་ཤར་ཁུལ་གྱི་མཚོ་ཐོག་ཏུ་གནས་ཤིང་། ཨ་རབ་ཀྱི་སྐད་དོན་དུ་པན་པ་གླིང་ཕྲན་ནི་“ལྗང་མདོག་གི་གླིང་ཕྲན་”ཡིན་པར་གྲགས། དེར་གཙོ་བོ་ལི་ཤིའི་སྡོང་པོ་རབ་ཏུ་བདོ་ཞིང་། ཕལ་ཆེར་སྡོང་པོ་ཁྲི་360ལས་ཀྱང་བརྒལ་བས་སྙན་པའི་གྲགས་པ་ས་ཆེན་ཀུན་ཏུ་ཁྱབ། ཐོན་ཚད་ནི་འཛམ་གླིང་གི་སྤྱིའི་ཐོན་ཚད་ལས་60%ཡན་ཟིན་ཅིང་། ལི་ཤིའི་སྡོང་པོ་རེ་རེའིསྟེང་ནས་་ཐིའུ་སྟོང་ཁེ50ནས་100ཡས་མས་འཐོན་ཐུབ། ཐིའུ་མ་སྨིན་སྐབས་ཁ་དོག་ལྗང་གུ་ཡིན་ཞིང་།
རིམ་བཞིན་སྨིན་ཚེ་དམར་པོ་འམ་གསེར་མདོག་གི་རྣམ་པར་འགྱུར་འགྲོ། དབྱིབས་འཛེར་མ་དང་འདྲ་ཞིང་བསྐམས་ཚེ་ཁ་དོག་ཁམ་པ་ལྟ་བུར་མངོན། དེ་ནི་འཛམ་གླིང་ཡོངས་སུ་གྲགས་པ་ཆེ་ཤོས་ཀྱི་མཐོ་རིམ་དྲི་རྫས་ཤིག་ཡིན་ལ། དེས་མངར་ཆ་དང་སྤོད་རྫས། སྒེག་རྫས་སོགས་བྱེད་པའམ། ཡང་ན་སྨན་དུ་བསྡེབས་ཚེ་ཕོ་ཁའི་ནད་དང་སོ་ནད་འཇོམས་པའི་གཉེན་པོ་ལྟ་བུ་ཡིན། ལོ་རེའི་ཟླ་བདུན་པ་ནས་བཅུ་གཉིས་སྐབས་ནི་མེ་ཏོག་འདབ་སྟོང་རྣམ་པར་གྲོལ་བའི་དུས་ཡིན་ལ་དྲི་བསུང་ཕྱོགས་ཀུན་འཐུལ་ཞིང་།
གླིང་ཀ་གཏོང་མཁན་ཟམ་མི་ཆད་པས“འཛམ་གླིང་གི་ཆེས་ཞིམ་པའི་གནས་མཆོག”ཉིད་དུ་བསྔགས་སོ།།

ཨན་ཀི་རོ་ཨན་ཀི་རོ་རང་བྱུང་སྲུང་སྐྱོབ་ཁུལ་ནི་ཐན་ཟ་ཉི་ཡའི་བྱང་ཁུལ་དུ་གནས་ཤིང་། ཡངས་ཤིང་རྒྱ་ཆེ་བའི་མཐོ་སྒང་གི་མེ་རིའི་ས་ཁུལ་ཞིག་ཡིན་ལ། དེ་རུ་མིང་དུ་གྲགས་པའི་ཨན་ཀི་རོ་མེ་རིའི་ཁ་ཡོད། ལོ་ཁྲི་ཚོ250གོང་ཙམ་ལ་མེ་རི་དེ་ཐེངས་གཅིག་ལ་འཕྱུར་མྱོང་ཞིང་། ཕྱིས་སུ་མེ་རིའི་ཁ་དེར་རྒྱུན་མཐུད་རང་བཞིན་གྱིས་འགྱུར་བ་བྱུང་ཞིང་། རིམ་བཞིན་མཚེའུ་དང་ཆུ་ཀླུང་། ནགས་ཚལ་དང་སྲོག་ཆགས་རིགས་མི་འདྲ་བ་སོགས་འབྱུང་མགོ་ཚུགས། ཨན་ཀི་རོ་མེ་རིའི་ཁ་ནི་འཛམ་གླིང་ཐོག་ཆེས་ཆ་ཚང་གི་རྣམ་པ་ཅན་གྱི་མེ་རིའི་ཁ་ཞིག་ཡིན། ཚངས་ཐིག་ལ་སྟོང་སྨི་18ལྷག་ཡོད་ཅིང་མཚོ་ངོས་མཚོ་འཕགས་ལ་སྨི2286ཙམ་ཡོད་ལ་མེ་རིའི་ཁའི་མཐིལ་གྱི་རྒྱ་ཁྱོན་སྟོང་སྨི་གྲུ་ཞི་མ་160ལས་བརྒལ། དེར་གནས་ཀྱི་སྲོག་ཆགས་ལ་རིགས་མང་ཞིང་གྲངས་འབོར་བློ་ཡུལ་ལས་འགོངས་པ་ཡོད། དེ་ལས་རྐྱང་ཁྲ་དང་གཙོད། སེང་གེ གླང་ཆེན། ཤ་བ་སྐེ་རིང་། ཆུ་རྟ་སོགས་ནི་ཁྲི་ཚོ་3གྱིས་བརྒལ་བ་ཡོད་ཅིང་། རི་སྐྱེས་སྲོག་ཆགས་དང་རྩི་ཤིང་གི་ཞིང་མཆོག་ཉིད་དུ་བསྙད་དོ།།

དཔལ་འབྱོར་ནི་ཞིང་ལས་ཀྱིས་གཙོ་བོར་བྱེད་ཅིང་། འབྲུ་རིགས་ལོ་ཏོག་གཙོ་བོར་མ་རྨོས་ལོ་ཏོག་དང་གྲོ། ཆུ་འབྲས་སོགས་ཡོད། ཇན་མ་གསོ་མ་དང་ལི་ཤིའི་ཐོན་ཚད་ནི་ཆ་སྙོམས་འཛམ་གླིང་གི་སྔོན་གྲས་སུ་སླེབས་ཡོད། ཇན་མ་གསོ་མ་ཡིས་གྲུ་ཐག་དང་ཤོག་བུ། ཆང་བཅུད། ཤིང་ཏོག་གི་སྤྱིན་གཟུགས། ཞིང་སྨན་སོགས་ཀྱི་མ་རྒྱུ་བྱེད་ཅིང་།  གནས་དེར་“ཇན་མ་གསོ་མའི་ཕ་ཡུལ”ཞེས་ཀྱང་ཟེར། 

ཝིན་གོལ་ཧྥེ་གླིང་ཕྲན་ནས་ཐོན་པའི་ལི་ཤི་ལ་རྒྱུ་སྤུས་དག་ཅིང་རྡོག་པོ་ཆ་སྙོམས་པས། རྒྱལ་སྤྱིའི་ཚོང་ར་རུ་“ལི་ཤིའི་གླིང་ཕྲན་”གྱི་མཚན་སྙན་ཡོད། གཏེར་རྫས་ཐོན་ཁུངས་ལ་གཙོ་བོ་རྡོ་རྗེ་ཕ་ལམ་དང་གསེར། རྡོ་སོལ། ལྕགས། ལེམ་སྐྱུར་ཚྭ་སོགས་དང་། ནགས་ཚལ་ཐོན་ཁོངས་ཡང་ཕུན་སུམ་ཚོགས་པ་དཔེར་ན། ཨན་གི་ལ་ཙན་དམར་དང་། ཤིང་ནག་པོ། ཁམ་བུའི་སྡོང་པོ། སྤྱིན་སྡོང་སོགས་ཧ་ཅང་མོད། 

ཐན་ས་ཉི་ཡ་ནི་གནའ་བོའི་མིའི་རིགས་འབྱུང་ཁུངས་ཀྱི་གྲས་ཤིག་ཡིན་པ་དང་། ས་ཁོངས་དེར་ལོ་ངོ་ཁྲི་175གོང་དུ“ཨ་ཧྥེ་རི་ཁ་ཤར་མའི་མི”ཡི་རུས་པ་དང་ལོ་ཁྲི་360སྔོན་གྱི་མིའི་རིགས་ཀྱི་རྐང་རྗེས་སོགས་སྔོག་འདོན་བྱེད་མྱོང་། 

རང་བྱུང་གི་མངའ་ཁོངས་བརྗིད་ཉམས་ཆེ་ཞིང་། ཡུལ་སྲོལ་གོམས་གཤིས་ངོ་མཚར་ཆེ་ལ་ཨ་ཧྥེ་རི་ཁའི་ཡུལ་སྐོར་རྒྱལ་ཁབ་ཅིག་ཀྱང་རེད། རྒྱལ་ཡོངས་སུ་རྒྱལ་ཁབ་སྤྱིའི་གླིང་ཀ11དང་། རི་སྐྱེས་སྲོག་ཆགས་སྲུང་སྐྱོང་ཁུལ་10དང་། རི་སྐྱེས་སྲོག་ཆགས་ཚོད་འཛིན་ཁུལ་50བཅས་ཡོད། 

གཞན་ཡུལ་ལྗོངས་གྲགས་ཅན་ཁིས་ལི་མན་ཇ་རོ་རི་བོ་དང་། འཛམ་གླིང་ཐོག་ཆེས་འཐུས་ཚང་བའི་ཨན་ཀི་རོ་ཨན་ཀི་རོ་མེ་རི་རང་བྱུང་སྲུང་སྐྱོབ་་ཁུལ། འཛམ་གླིང་ཐོག་གི་རྒྱ་ཁྱོན་ཆེ་ཤོས་ཀྱི་རི་སྐྱེས་སྲོག་ཆགས་གླིང་སེ་ལོ་སིའི་རྒྱལ་ཁབ་ཀྱི་སྲོག་ཆགས་གླིང་ཀ་དང་། འཛམ་གླིང་ཐོག་སྲོག་ཆགས་ཆེས་མང་ཤོས་ཀྱི་སྲོག་ཆགས་གླིང་ཀ་སའེ་ལུན་ཀའེ་ཏིས་རྒྱལ་ཁབ་ཀྱི་སྐྱེད་ཚལ་གླིང་ཀ་བཅས་ཡོད་དོ། ། 

ཁིས་ལི་མན་ཇ་རོ་རི་བོ་ནི་ཧྥེ་གླིང་གི་ཆེས་མཐོ་བའི་རི་བོ་ཡིན་ལ་མཚོ་འཕགས་སྨི་5895ཡོད། རི་མགོ་རུ་ཚངས་ཐིག་ལ་སྨི་1800ཅན་གྱི་མེ་རིའི་ཁ་ཡོད་ལ། དེ་ཡི་མུ་ཁྱུད་ཁ་བས་གཡོག་པས་ཞུ་དཀའ་བ་དང་དབྱིབས་སྣ་ཚོགས་ཀྱི་འཁྱགས་རོམ་དག་ལ་མི་རྣམས་ཤིན་ཏུ་མཚར་བ་རེད། ཁིས་ལི་མན་ཇ་རོ་རི་བོ་ཐིག་དམར་གྱི་ཉེ་འགྲམ་དུ་ཡོད་ཀྱང་རི་མཐོ་ལ་སྤྲིན་མང་བས་དྲོད་ཚད་གོར་ཐུག་མན་གྱི་སེ་དྲོད་34ཙམ་ཡིན། རི་མགོ་ནམ་རྒྱུན་དཀར་ལམ་ལམ་གྱི་ཁ་བས་གཏིབས་པ་དང་རི་རྐེད་མེ་རི་འཕྱུར་བའི་ཐལ་རྡུལ་གྱིས་བསྒྲིབས་ནས་ཡོད། གནས་དེ་ནི་དཔལ་འབྱོར་ཐོན་རྫས་སུ་གྱུར་བའི་ཚིག་ཇ་དང་བ་དམ། ཇན་མ་གསོ་མ་དང་ཇ་ལོ་སོགས་འདེབས་པའི་ཡུལ་ཁྱད་པར་བ་ཞིག་ཡིན་ལ་རི་འདབས་སུ་རི་སྐྱེས་སྲོག་ཆགས་ཁྱུ་དང་ཁྱུ་བྱས་ནས་རྒྱུ་བཞིན་མཆིས། 

སའེ་ལུན་ཀའེ་ཏིས་རྒྱལ་ཁབ་ཀྱི་སྤྱི་གླིང་ནི་ཐན་ཟ་ཉི་ཡའི་བྱང་ཁུལ་གྱི་སའེ་ལུན་ཀའེ་ཏིས་རྩྭ་ཐང་དུ་གནས་ཤིང་། སྤྱི་གླིང་གི་ཆེ་ཆུང་ལ་ཧེག་ཐ(公顷)ཁྲི་147.63ཡོད། ད་ལྟའི་འཛམ་གླིང་ཐོག་གྲངས་འབོར་ཆེས་ཆེ་ཞིང་རིགས་དང་སྣ་ཁ་ཆེས་མང་བའི་སྲོག་ཆགས་ཁྱུ་གནས་བྱེད་ས་ཞིག་ཡིན། ར་བའི་ནང་དུ་རྐྱང་ཁྲ་དང་གཙོད། ཤྭ་བ་ནོག་ལྡན། ཨ་ཧྥེ་རི་ཁའི་གླང་ཆེམ་སོགས་ཀྱིས་རྩྭ་ཟ་བཞིན་གནས་འཆའ་ལ། དེ་དག་གི་ཐོག་མའི་དགྲ་བོ་ལྟ་བུར་ཆགས་པ། སེང་གེ་དང་གཟིག ཟེ་རྔོག་ཁྱི། སྤྱང་ཀི་སོགས་ཀྱང་བགྲང་གིས་མི་ལང་པ་ཡོད། ཟླ་ལྔ་པ་དང་དྲུག་པར། རྩྭ་ཟན་སྲོག་ཆགས་རྣམས་ཁྱུ་དང་ཁྱུ་བྱས་ནས་ཆུ་དང་ཉེ་བའི་གནས་སུ་སྤོ་ཞིང་། ཤ་ཟན་སྲོག་ཆགས་རྣམས་དེ་ཡི་རྗེས་སུ་འབྲང་སྟེ་ཁ་ཟས་འཚོལ་བར་བྱེད། སྐབས་རེར་དེ་འདྲའི་སྲོག་ཆགས་ཀྱི་ཁྱུ་ཚོགས་སྟོང་སྨི་བཅུ་ལྷག་ལ་བསྟར་ལ་བརྒྱུས་པ་ལྟར་ཡོད་ཅིང་། འཛམ་གླིང་ཀུན་ཏུ་མཐོང་དཀོན་པའི་བརྗིད་ཆགས་རྔམ་ཟིལ་ལྡན་པའི་སྣང་ཚུལ་ཞིག་ཡིན། ། 


རྩོམ་ཡིག་རྗེས་མ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1