[ནང་དོན་གནད་བསྡུས།] 《སྨྲ་སྒོ་མཚོན་ཆ་》རུ་ཚིག་ཕྲད་ཅིང་ཞིང་ཤིང་གསུམ་གྱི་འཇུག་ཚུལ་ཐོག་མར་བསྟན་ཡོད་པ་དང་། ཕྱིས་བྱུང་གི་བསྟན་བཅོས་ཁག་ཏུའང་འཇུག་ཚུལ་ལ་འགྲེལ་ཙམ་ལས་དེ་ཉིད་ཀྱི་འབྱུང་ཁུངས་སྐོར་ལ་རྣམ་བཤད་ཅི་ཡང་མཛད་མེད། དེང་དུས་སི་མོན་(Walter. Simon)གྱིས་བྲིས་པའི་ཆེད་རྩོམ་ཞིག་ཏུ་ཚིག་ཕྲད་འདི་དག་གི་ཐོག་མའི་རྣམ་པ་ནི་ཅིང་ཡིན་ཚུལ་བསྟན་ཡོད་མོད། ཁོང་གིས་སྒྲའི་ཆོས་ཉིད་ཀྱི་ངོས་ནས་དཔགས་པ་ཙམ་ལས་ཡིག་རྙིང་གི་སྒྲུབ་བྱེད་ཅི་ཡང་མེད་ལ། འགྱུར་རིམ་ཡང་བསྟན་མེད་པ་ན། དཔྱད་རྩོམ་འདིར་བརྡ་སྤྲོད་ཅན་གྱི་གཞུང་ལུགས་གཞིར་བཟུང་ཞིང་། རྡོ་རིང་སྔ་ཤོས་བརྒྱད་དང་ཏུན་ཧོང་གི་ལོ་རྒྱུས་ཤོག་དྲིལ་ལྔ། དག་ཡིག་སྔ་ཤོས་ཁག་ཅིག་ཏུ་བྱུང་བའི་དཔེ་བརྗོད་རྣམས་ཕན་ཚུན་གཤིབ་བསྡུར་གྱིས་ཚིག་ཕྲད་ཅིང་ཞིང་ཤིང་གི་འབྱུང་ཁུངས་དང་བསྟན་དོན་གྱི་འགྱུར་རིམ། སྒྲ་ཡི་འགྱུར་སྟངས་བཅས་པར་རེ་རེ་བཞིན་དཔེ་ལ་སྦྱར་ནས་གསལ་པོར་བསྟན་ཡོད།
[བརྡ་ཆད་གཙོ་བོ།] བརྡ་སྤྲོད་ཅན། ཅིང་ཞིང་ཤིང་། བཞིན།
[ཀྲུང་གོའི་དཔེ་དེབ་དབྱེ་རྟགས།] H214
[ཡིག་ཚང་མཚོན་བྱང་།] A
[རྩོམ་གྱི་གོ་རིམ་ཨང་སྒྲིག] 1002-9060-2020-01-0154-11
《སྨྲ་སྒོ་མཚོན་ཆ་》དང་《སུམ་རྟགས་ཀྱི་རྩ་བ་》གཉིས་ཀར་སྐབས་དེར་རྒྱ་ཆེར་སྤྱོད་པའི་ཕྲད་རྣམས་ཀྱི་རྣམ་པ་དང་ཐོབ་ཐང་། འཇུག་ཚུལ་བཅས་བསྟན་ཡོད་ནའང་། དེ་དག་གི་འབྱུང་ཁུངས་སྐོར་ལ་འགྲེལ་བཤད་ཅི་ཡང་མཛད་མེད།བསྟན་བཅོས་དེ་གཉིས་རྩ་བར་གྱུར་པའི་སྲོལ་རྒྱུན་གྱི་བརྡ་སྤྲོད་པའི་གཞུང་གིས་ཕྲད་ཀྱི་འབྱུང་ཁུངས་ལ་དོ་སྣང་མ་བྱས་པའི་རྒྱུ་མཚན་གཙོ་བོ་ནི་ཕྲད་ཀྱི་ངོ་བོ་དང་ངེས་ཚིག་འཇོག་སྟངས་ལས་ཤེས་ཐུབ་སྟེ། བརྗོད་བྱ་དེ་དག་གསལ་པོར་བསྟན་པའི་གཞུང་སྔ་ཤོས་ནི་《སྨྲ་སྒོ་མཚོན་ཆ་》ཞེས་བྱ་བ་འདི་ཉིད་ཡིན་ལ། གཞུང་དེའི་རྩ་བར། “གང་ཞིག་རང་གི་དོན་མེད་ཅིང་། །དོན་གྱི་མིང་ལ་གསལ་བྱེད་པ། །ཚིག་གི་ཕྲད་ཅེས་བྱ་བ་སྟེ། །དེ་ལྡན་ཕྲད་དང་བཅས་པ་ཡིན། །”①ཞེས་ཕྲད་ཅེས་པ་ནི་རང་ལ་བསྟན་པར་བྱ་བའི་དོན་ཅི་ཡང་མེད་པར་གང་ཉིད་སྦྱར་ཡུལ་གྱི་དོན་གསལ་བར་བྱེད་པར་འཇུག་པར་བསྟན་ཅིང་། སུམ་རྟགས་ཀྱི་རྩ་འགྲེལ་ཁག་ཏུའང་ཕྲད་ཀྱི་ངོ་བོ་དང་ངེས་ཚིག་འཇོག་ལུགས་འདིའི་རྗེས་སུ་འབྲངས་པ་ལས་འགྲེལ་ལུགས་གསར་དུ་བཞག་པ་མེད། བརྡ་སྤྲོད་ཅན་གྱི་མཐོང་སྣེ་ནས་ཕྲད་ཀྱི་འགྱུར་རིམ་ལ་དཔྱད་ཚེ།② ཕྲད་ཕལ་མོ་ཆེའི་འབྱུང་ཁུངས་ནི་མིང་བྱེ་བྲག་པ་རང་ངོས་ན་ཐ་སྙད་ཀྱི་དོན་གསལ་པོར་ཡོད་པ་གང་ཞིག་སྐད་ཀྱི་སྦྱོར་ཚུལ་འགྱུར་བའི་དབང་གིས་བསྟན་བྱ་རིམ་པར་འགྲིབས་ཏེ་ཐ་སྙད་ཀྱི་དོན་ཉམས་ནས་བརྡ་སྤྲོད་ཀྱི་དོན་ཁོ་ན་ཡོད་པར་གྱུར་པ་ཡིན་པས།③ གོང་སྨྲས་རྩ་འགྲེལ་ཁག་གི་ངོས་འཛིན་ལུགས་ནི་མིང་གང་ཞིག་ཕྲད་བྱེ་བྲག་པར་གྱུར་པ་རྗེས་ཀྱི་ངོ་བོའི་ཆ་དེ་བསྟན་པ་ལས་ཕྲད་དུ་མ་གྱུར་པའི་སྔ་ལོགས་ཀྱི་ཆ་དང་ཇི་ལྟར་ཕྲད་དུ་གྱུར་པའི་སྐོར་ཅི་ཡང་བརྗོད་མེད།
ཏེ་ལཱན་སི་(Delancey, Scott)ཡིས་བོད་འབར་སྐད་ཀྱི་ཕྲད་ཕལ་ཆེར་ནི་དངོས་མིང་དང་བྱ་བའི་མིང་ནས་འགྱུར་ཡོང་ཚུལ་བརྗོད་ཡོད།④ དེ་ནི་བོད་སྐད་ཀྱི་ཚིག་ཕྲད་ཀྱི་ཁུངས་འཚོལ་བའི་དཔྱད་གཞི་གལ་ཆེན་ཞིག་རེད། སྐད་རིགས་གཞན་དང་བསྡུར་ན། བོད་སྐད་ཀྱི་ཕྲད་རྣམས་ནི་བརྡ་སྤྲོད་ཅན་དུ་ཕྱོགས་པའི་འགྲོས་དལ་ཞིང་རིམ་པ་གསལ་བས། རྡོ་རིང་ཡི་གེ་སྔ་ཤོས་རྣམས་དང་ཏུན་ཧོང་གི་ཤོག་དྲིལ་ཁག་གཤིབ་བསྡུར་བྱས་ཚེ། ཚིག་ཕྲད་ཕལ་མོ་ཆེའི་འབྱུང་ཁུངས་ནི་རང་ངོས་ནས་དོན་གསལ་པོར་སྟོན་པའི་མིང་བྱེ་བྲག་པ་གང་ཞིག་ནས་འགྱུར་ཡོང་བའི་རྗེས་ཤུལ་གསལ་པོར་འཚོལ་ཐུབ།
ཚིག་ཕྲད་ཅིང་ཞིང་ཤིང་གསུམ་ནི་མིང་མཐའ་འདྲེན་ཚུལ་གྱི་དབང་གིས་ཕྲད་གཅིག་ལ་གཟུགས་མི་འདྲ་བ་གསུམ་བྱུང་བ་ལས་དོན་ལ་ཕྲད་གཅིག་ལ་ངོས་འཛིན་དགོས་ཏེ། དེ་དག་གི་ཁུངས་ཀྱང་མིང་རང་རྐྱ་བ་གཅིག་ཁོ་ན་ཡིན་དགོས། གཤམ་དུ་འཆད་འགྱུར་གྱི་རྡོ་རིང་ཡི་གེ་དང་ཏུན་ཧོང་གི་ཤོག་དྲིལ་ཁག་ཏུ་ཚིག་ཕྲད་འདི་དག་ཐེངས་དུ་མར་བྱུང་ཡོད་ནའང་། དུས་རབས་བདུན་པར་བརྩམས་པའི་སུམ་རྟགས་ཀྱི་རྩ་བར་⑤ཚིག་ཕྲད་འདི་དག་གི་སྐོར་ཤུལ་ཙམ་ཡང་བསྟན་མེད་པར། དུས་རབས་བཅུ་པ་ཡས་མས་སུ་བྱུང་བའི་《སྨྲ་སྒོ་མཚོན་ཆ་》རུ་འཇུག་ཚུལ་ཐོག་མར་བསྟན་འདུག⑥ ད་ལྟའི་བར་ཚིག་ཕྲད་འདི་གསུམ་གྱི་འབྱུང་ཁུངས་སྐོར་ལ་སི་མོན་(Walter. Simon) གྱིས་བྲིས་པའི་ཆེད་རྩོམ་གཅིག་ཁོ་ན་ལས་མེད་དེ། ཁོང་གིས་སྒྲའི་འགྱུར་ལུགས་ལ་གཞིགས་ནས། ཚིག་ཕྲད་ཅིང་ཞིང་ཤིང་གསུམ་གྱི་ཐོག་མའི་རྣམ་པ་ནི་ཅིང་ཞེས་པ་ཡིན་པ་དང་། དེ་དག་གི་ཁུངས་ནི་ཅིག་དང་ཅི། ཅེ་བཅས་ལ་འབྲེལ་བ་དམ་པོ་ཡོད་ཚུལ་བྲིས་འདུག⑦ ཡིན་ནའང་། ཁོང་གིས་སྒྲའི་ཆོས་ཉིད་ཀྱི་ངོས་ནས་དཔགས་པ་ཙམ་ལས་ཡིག་རྙིང་གི་སྒྲུབ་བྱེད་མེད་ལ། ཇི་ལྟར་འགྱུར་བའི་གོ་རིམ་ཡང་བསྟན་མེད། དེ་ལྟ་ན་གཤམ་དུ་ཁོ་བོས་བརྡ་སྤྲོད་ཅན་གྱི་གཞུང་གཞིར་བཟུང་ཞིང་། རྡོ་རིང་སྔ་ཤོས་བརྒྱད་⑧དང་ཏུན་ཧོང་གི་ལོ་རྒྱུས་ཤོག་དྲིལ་ལྔ་⑨རུ་བྱུང་བའི་དཔེ་བརྗོད་རྣམས་ཕན་ཚུན་གཤིབ་བསྡུར་གྱིས་ཚིག་ཕྲད་ཅིང་ཞིང་ཤིང་གསུམ་གྱི་འབྱུང་ཁུངས་དང་འགྱུར་རིམ་ལ་དཔྱད་པར་བྱའོ། །
དང་པོ། ཚིག་ཕྲད་ཅིང་ཞིང་ཤིང་གསུམ་གྱི་བསྟན་དོན་གྱི་འགྱུར་བ།
ཚིག་ཕྲད་ཅིང་ཞིང་ཤིང་གསུམ་གྱི་འབྱུང་ཁུངས་འཚོལ་བ་ལ་ཚིག་ཕྲད་འདི་ཉིད་བརྡ་སྤྲོད་ཅན་དུ་ཇི་ལྟར་གྱུར་པའི་ཚུལ་ལ་དཔྱད་དགོས་ཏེ། བརྡ་སྤྲོད་ཅན་ཞེས་པ་ནི་རང་ངོས་ན་དོན་རང་རྐྱ་བ་ཡོད་པའི་མིང་གང་ཞིག་ཚིག་གི་ཁམས་དང་འཇུག་ཚུལ་འགྱུར་བ་དང་བསྟུན་རང་ངོས་ཀྱི་ཐ་སྙད་ཀྱི་དོན་རིམ་གྱིས་ཡལ་ཏེ། མཐར་བརྡ་སྤྲོད་ཀྱི་བྱེད་ནུས་ཁོ་ན་ཡོད་པའི་ཕྲད་དུ་འགྱུར་བའི་གོ་རིམ་ལ་གོ་དགོས།⑩ དེའང་ཞིབ་ཏུ་བརྗོད་ན། བསྟན་བྱའི་ཆ་ནས་རང་མཚན་ནས་སྤྱི་མཚན་ལ་གྱུར་ཏེ། དོན་བྱེ་བྲག་ཅན་ནས་སྔ་ཕྱིའི་འབྲེལ་བ་མཚོན་བྱེད་དུ་འགྱུར་བ་དང་། ཚིག་སྦྱོར་གྱི་ཆ་ནས། འཇུག་ཚུལ་གྱི་ཁྱབ་ཁོངས་ཇེ་ཆེར་འགྲོ་བ་དང་། སྦྱོར་བ་རང་དབང་ཅན་ནས་གཏན་ཆགས་སུ་འགྱུར་བ། ཐོབ་ཐང་རང་རྐྱ་བ་ནས་གཞན་དབང་ཅན་དུ་འགྱུར་བ་ཡིན། སྤྱོད་སྟངས་ཀྱི་ཆ་ནས། ཚིག་གི་ཁམས་ངེས་གཏན་ཅན་ནས་རང་དབང་ཅན་ལ་འགྱུར་བ་དང་། སྐད་སྒྲའི་ཆ་ནས། སྒྲ་དྲག་པ་ནས་ཞན་པ། རིང་པོ་ནས་ཐུང་ངུ་། སྒྲ་བརྩེགས་མ་ནས་ཆིག་རྐྱང་དུ་འགྱུར་བ་བཅས་ནི་བརྡ་སྤྲོད་ཅན་གྱི་གོ་རིམ་འབྱུང་ངེས་པའི་སྣང་ཚུལ་ཡིན།⑾ གོང་གི་རྣམ་པ་འདི་དག་ནི་གཅིག་ལ་གཅིག་བརྟེན་ཡིན་ཏེ། བསྟན་བྱ་ཅི་ཙམ་གྱིས་སྤྱི་མཚན་དུ་གྱུར་ན། འཇུག་ཚུལ་དེ་ལྟར་ཇེ་མང་དུ་འགྲོ་ཞིང་སྤྱོད་སྟངས་ཀྱི་ཚད་བཀག་ཀྱང་དེ་བས་ཉུང་དུ་འགྲོ་ལ། སྒྲའང་དེ་ལྟར་ཇེ་ཞན་དུ་འགྱུར། ཐུན་མོང་གི་དབང་དུ་བཏང་ན། བརྡ་སྤྲོད་ཅན་གྱི་མགོ་རྔ་གཉིས་ནི་ངོས་ཟིན་སླ་སྟེ། ཐོག་མའི་རྣམ་པ་ནི་རང་ངོས་ན་ཐ་སྙད་ཀྱི་དོན་རྣམ་པར་གསལ་བའི་མིང་རང་རྐྱ་བ་ཞིག་ཡིན་པ་དང་། མཐའ་མའི་རྣམ་པ་ནི་ཐ་སྙད་ཀྱི་དོན་ཡོངས་སུ་ཉམས་ཏེ་བརྡ་སྤྲོད་ཀྱི་བྱེད་ལས་ཁོ་ན་ཡོད་པའི་ཕྲད་ཅིག་ཡིན། འགྱུར་རིམ་གྱི་སྣེ་འདི་གཉིས་ངོས་ཟིན་རྗེས།དེ་གཉིས་ཀྱི་བར་མཚམས་ན་གནས་པའི་དུས་རིམ་མི་འདྲ་བ་སོ་སོ་ར་སྤྲོད་བྱེད་དགོས་ཏེ། དེ་དག་ར་འཕྲོད་ཚེ། མིང་ཞིག་གི་འགྱུར་རིམ་ཆ་ཚང་བར་ངེས་ཐུབ།⑿
གོང་བསྟན་གྱི་རྡོ་རིང་དང་ཏུན་ཧོང་གི་ཤོག་དྲིལ་ཁག་ཏུ་བྱུང་བའི་ཚིག་ཕྲད་ཅིང་ཞིང་ཤིང་གསུམ་གྱི་རྣམ་པ་དང་བྱེད་ལས་རེ་རེ་གཤིབ་བསྡུར་བྱས་ཚེ། ཚིག་ཕྲད་འདི་དག་གི་འགྱུར་རིམ་མི་འདྲ་བ་ལྔ་རུ་དབྱེ་ཆོག་སྟེ། རང་རྐྱ་བའི་དུས་རིམ་དང་། དུས་སྟོན་པའི་མིང་དང་ཁྱད་ཆོས་བརྗོད་པའི་མིང་གི་མཚམས་ལ་སྦྱོར་བའི་དུས་རིམ། བྱ་བ་བརྗོད་པའི་མིང་གཉིས་ཀྱི་མཚམས་ལ་སྦྱོར་བའི་དུས་རིམ། ཁྱད་ཆོས་བརྗོད་པའི་མིང་གཉིས་ཀྱི་མཚམས་ལ་སྦྱོར་བའི་དུས་རིམ། ཚིག་དུམ་གྱི་མཐའ་ལ་སྦྱོར་བའི་དུས་རིམ་བཅས་ཡིན།⒀ དུས་རིམ་ལྔ་པོ་འདི་དག་གིས་ཚིག་ཕྲད་ཅིང་ཞིང་ཤིང་གསུམ་ཇི་ལྟར་བརྡ་སྤྲོད་ཅན་དུ་ཕྱོགས་པའི་ཚུལ་གསལ་པོར་མཚོན་ཏེ། འདི་དག་ལས་ཚིག་ཕྲད་དེ་དག་གི་འབྱུང་ཁུངས་དང་འགྱུར་རིམ་ཡང་ཤེས་པར་འགྱུར་རོ། ། གཤམ་གྱི་རེའུ་མིག་ཏུ།⒁ དུས་རིམ་མི་འདྲ་བའི་ཡིག་ཚང་རེ་རེ་ནས་བྱུང་བའི་ཚིག་ཕྲད་རྣམས་བསྡོམས་རྩིས་བྱས་ཡོད་ལ། གཞི་གྲངས་འདི་ལས་ཚིག་ཕྲད་ཀྱི་རྣམ་པ་དང་འཇུག་ཚུལ་གྱི་འགྱུར་བ་འཚོལ་ཐུབ།
འགྱུར་རིམ་ལྔ་པོ་འདི་དག་ནི་དུས་ཀྱི་སྔ་ཕྱི་ལྟར་དུས་རིམ་དང་པོ་ནས་རིམ་གྱིས་དུས་རིམ་ལྔ་པར་འགྱུར་བ་ཡིན་ནའང་། གོང་གི་ཡིག་ཚང་འདི་དག་ཏུ་འཁོད་པའི་འཇུག་ཚུལ་ཁག་ཅིག་ནི་འགྱུར་རིམ་གྱི་གོ་རིམ་བཞིན་བྱུང་མེད་པར། དུས་རིམ་གྱི་སྔ་ཕྱི་དང་ཡིག་ཚང་གི་སྔ་ཕྱི་གཉིས་ཀ་ཁ་མི་འཕྲོད་པའི་སྣང་ཚུལ་འདུག་སྟེ། དཔེར་ན། དུས་རིམ་གཉིས་པའི་དཔེ་བརྗོད་ནི་ཁྲི་ལྡེ་སྲོང་བཙན་གྱི་བང་སོའི་མདུན་གྱི་རྡོ་རིང་དུ་འཁོད་ཡོད་པ་ལས། དེ་ལས་དུས་སྔ་བའི་རྡོ་རིང་ཁག་ཏུ་སྤྱོད་སྟངས་འདི་ཉིད་འཁོད་མེད་པ་ལྟ་བུ་རེད། ཡིན་ནའང་། བརྡ་སྤྲོད་ཅན་གྱི་མཐོང་སྣེ་ནས་དཔྱད་ཚེ། ཡིག་ཚང་གི་སྔ་ཕྱི་དང་འགྱུར་རིམ་གྱི་སྔ་ཕྱི་གཉིས་མཐའ་གཅིག་ཏུ་དུས་མཚུངས་ཤིག་ཡིན་མི་དགོས་ཏེ། བརྡ་སྤྲོད་ཅན་གྱི་གོ་རིམ་ཁྲོད་སྤྱོད་སྟངས་ཕྱི་མ་ཞིག་བྱུང་ཚེ་སྔ་མ་ཉིད་སྐད་ཅིག་ཏུ་ཡལ་མི་སྲིད་པར་དེ་གཉིས་དུས་ཡུན་རིང་པོར་མཉམ་གནས་བྱེད་ངེས་པས། ཕྱིས་ཀྱི་ཡིག་ཆར་སྤྱོད་སྟངས་སྔ་མ་འཁོད་པའང་དོན་དང་མཐུན། ཕྱོགས་གཞན་ཞིག་ནས་བལྟས་ན། སྣང་ཚུལ་འདི་ནི་ཡིག་ཚང་འདང་ངེས་པ་ཞིག་མེད་པ་ལ་རག་ལས་ཏེ། གལ་སྲིད་ཡོད་ན་སྤྱོད་སྟངས་དེ་དག་རྙེད་ཀྱང་སྲིད་དོ། །རྡོ་རིང་སྔ་ཤོས་འདི་དག་ཏུ་ཚིག་ཕྲད་འདི་དག་ལ་རང་ངོས་ན་ཐ་སྙད་ཀྱི་དོན་གསལ་པོར་ཡོད་པའི་དུས་སྐབས་དང་བརྡ་སྤྲོད་ཀྱི་བྱེད་ནུས་ཁོ་ན་ལས་མེད་པའི་དུས་སྐབས་གཉིས་ཀ་ཡོད་པས། ཡིག་ཚང་འདི་དག་བྱུང་དུས་ཏེ་དུས་རབས་བརྒྱད་པ་ཡས་མས་ནི་ཚིག་ཕྲད་འདི་དག་གི་བརྡ་སྤྲོད་ཅན་ཡོངས་སུ་མཇུག་སྒྲིལ་ལ་ཉེ་བའི་དུས་ཡིན་པར་དཔགས་ཆོག གཤམ་དུ་འགྱུར་རིམ་རེ་རེར་དཔེ་སྦྱར་ནས་བརྗོད་པར་བྱའོ། །
གཅིག རང་རྐྱ་བའི་དུས་རིམ། གོང་བསྟན་གྱི་ཡིག་ཚང་ལས་རྡོ་རིང་གསུམ་དང་ཏུན་ཧོང་ཤོག་དྲིལ་གཅིག་ཏུ། ཞིང་ཞེས་པ་མིང་རང་རྐྱ་བའི་ཚུལ་དུ་སྤྱད་དེ། དུས་ཡུན་སྟོན་པའི་དོན་ལ་སྦྱར་ཡོད། དེ་ནི་ཚིག་ཕྲད་ཀྱི་སྐབས་དང་ཡེ་ནས་མི་འདྲ་བར་རང་ངོས་ན་ཐ་སྙད་ཀྱི་དོན་གསལ་པོར་ཡོད་དེ།
1.བཙན་པོ་སྲས་དབོན་སྐུ་ཙེ(ཚེ)་རབས་རེ་ཞིང་ཡང། ཟླ་གོང་གྀ་བུ་ཚ་རྒྱུད་འཔེལད་ལས་གཅྀག། ཞམ་འབྲིང་།ན་ནང་ཀོར་ཡན་ཅད་དུ་གཞུག་ཅིང་ཚལ་ཟར་རྟག་དུ་མཆྀས་པར་གནང་ངོ།།(ཞོལ་རྡོ་རིང་། བྱང་ངོས་ཡིག་ཕྲེང་12པ)
2. དཱ་ཕྱིན་ཅད། གདུང་རབས་རེ་རེ་ཞིང་ཡང་བཙན་པོ་ཡབ་སྲས་གྱིས་འདྀ་བཞིན་ཡྀ་དམ་བཅའོ།(བསམ་ཡས་རྡོ་རིང་། ཡིག་ཕྲེང་9པ)
3. ད་ཕྱྀན་ཆད་གདུང་རབས་རེ་རེ་ཞིང་ཡང། བཙན་པོ་ཡབ་སྲས་ཀྱྀས། འདྀ་བཞིན་དུ་ཡྀ་དམ་བཅའོ།(འཕྱོངས་རྒྱས་སྟག་རྩེའི་རྡོ་རིང་། ཡིག་ཕྲེང་51པ)
4.ཉིན་ཞིང་ནི་ཤ་དང་ཆང་། མཚན་ཞིང་ནི་བྲོ་དང་གླུ། (P.T.1068 020)
5. ཉིན་ཞིང་ནྀ་ཕག་ཚལ་གྱི་ཤིང་ཁུང་ན་སྐུགསོ། །མཚན་ཞིང་ནྀ་པྱྀང་བར་མཆི་སྟེ། (P.T.1287 160)
ཏུན་ཧོང་གི་ཤོག་དྲིལ་དུ་བྱུང་བའི་ཡིག་ཚང་དག་ལས་སྒྲིག་གཞི་དང་བསྟན་དོན་གཉིས་ཀྱི་ཆ་ནས་ཐ་སྙད་ཀྱི་དོན་གསལ་པོར་ཡོད་ལ། དེ་དང་བསྡུར་ན་རྡོ་རིང་གི་དཔེ་བརྗོད་ཁག་གི་བསྟན་དོན་ཅུང་རབ་རིབ་ཏུ་གྱུར་འདུག ཡིན་ནའང་། དོན་སྔ་མ་དང་འབྲེལ་བ་ཡོད་པ་ཤེས་ནུས་ལ། གཤམ་གྱི་དཔེ་བརྗོད་རྣམས་དང་བསྡུར་ན་རྡོ་རིང་འདི་གསུམ་དུ་བྱུང་བ་ལ་ཐ་སྙད་ཀྱི་དོན་ཤིན་ཏུ་གསལ་བས། འདི་དག་དུས་རིམ་དང་པོར་བཞག་པ་ཡིན།
གཉིས། དུས་སྟོན་པའི་མིང་དང་ཁྱད་ཆོས་བརྗོད་པའི་མིང་གི་མཚམས་ལ་སྦྱོར་བ། ཁྲི་སྲོང་ལྡེ་བཙན་གྱི་བང་སོའི་རྡོ་རིང་དང་དབོན་ཞང་རྡོ་རིང་དུ། ཞིང་ཞེས་པ་ཐེངས་གསུམ་ལ་དུས་སྟོན་པའི་མིང་དང་ཁྱད་ཆོས་བརྗོད་པའི་མིང་སྟེ་ཐ་སྙད་ཀྱི་དོན་གསལ་བའི་མིང་གཉིས་བར་ལ་སྦྱར་ནས་འདྲ་བའམ་མཚུངས་པའི་དོན་བསྟན་ཡོད། དེབ་ཁག་ཅིག་ཏུ། ཕྱིར་ཞིང་ཞེས་པ་ཐ་སྙད་གཅིག་ཏུ་ངོས་བཟུང་སྟེ་ཕྱིར་བཞིན་ཞེས་པའི་དོན་ཡིན་པར་བཀྲལ་ཡོད་མོད།⒂ འདིར་མིང་གི་སྔ་ཕྱི་ལ་བལྟས་ནས་སོ་སོར་ཕྱེ་བ་ལས་མིང་རང་ངོས་ཀྱི་དོན་གཅིག་གོ །⒃ དཔེ་བརྗོད་འདི་དག་ཏུ་ཞིང་ལ་རང་ངོས་ན་ཐ་སྙད་ཀྱི་དོན་ཡོད་ནའང་། མིང་རང་རྐྱ་བ་མིན་པར་ཕྱིར་ཞིང་ཆེ་ཞེས་པ་དང་སླར་ཞིང་བརྩན་ཞེས་སྔ་མ་གཉིས་⒄ནི་དུས་སྟོན་པའི་མིང་དང་ཕྱི་མ་གཉིས་ནི་ཁྱད་ཆོས་བརྗོད་པའི་མིང་སྟེ། ཐ་སྙད་གཉིས་སྦྲེལ་བྱེད་དུ་གྱུར་ཡོད་པས། དུས་རིམ་དང་པོ་ལས་མིང་གི་ངོ་བོར་འགྱུར་བ་བྱུང་ཡོད་པར་གསལ། གལ་སྲིད་ཕྱིར་ཞིང་དང་སླར་ཞིང་ཞེས་གོ་བ་བླངས་ནའང་མིང་འདི་ཉིད་ཚེག་བར་གཉིས་ཅན་དུ་གྱུར་ཏེ་རང་རྐྱ་བ་མིན་པ་ཤེས་ཐུབ་སྟེ།
1.མངའ་ཐང་ཆེན་པོ་ནི་ནམ་ཞར་ ཀྱང་བྱྀན་མྱི་ཉམ་སྟེ། །ཆབ་སྲྀད་ནི་ཕྱིར་ཞྀང་ཆེ། དབུ་རྨོག་ནི་ཡུན་དུ་བརྩན་པའྀ། །གཡུང་དྲུང་གི་གཙུག་ལག་ཆེན་པོ་བཞིན་དུ། །ལྷ་སྲས་ཁྲྀ་ལྡེ་སྲོང་བརྩན་མྱྀའི་རྗེ་མཛད་པ། །(ཁྲི་ལྡེ་སྲོང་བཙན་གྱི་བང་སོའི་མདུན་གྱི་རྡོ་རིང་། ཡིག་ཕྲེང་3པ)
2. དགྲ་ཐབ་ས་མཁས་པས་ནི་ཕྱྀའི་དགྲ་བཏུལ་ཏེ། །ཆབ་སྲྀད་ནྀ་ཕྱིར་ཞིང་ཆེ། (དབོན་ཞང་རྡོ་རིང་། ཤར་ངོས་ཀྱི་ཡིག་ཕྲེང་11པ)
3. དབུ་རྨོག་ནྀ་སླར་ཞིང་བརྩན་པ་། །(དེ་ཡང)ནམ་ཞར་གཙུག་མྱི་འགྱུར། །(དབོན་ཞང་རྡོ་རིང་། ཤར་ངོས་ཀྱི་ཡིག་ཕྲེང་12པ)
གོང་གསལ་ཡིག་ཚང་འདི་དག་ཏུ་སྐབས་དོན་ལ་གཞིགས་ནས་ཞིང་གི་དོན་དཔོག་ཐུབ་ནའང་། དུས་རིམ་དང་པོ་ལས་སྤྱི་མཚན་དང་རབ་རིབ་ཏུ་གྱུར་ཡོད་པ་དང་། ཚིག་སྦྱོར་གྱི་ཆ་ནས་མིང་རང་རྐྱ་བར་སྤྱོད་པ་ནས་མིང་གཞན་ལ་བརྟེན་དགོས་པར་གྱུར་ཡོད། ཚིག་ཕྲད་ཅིང་ཞིང་ཤིང་གསུམ་གྱི་འགྱུར་རིམ་སྤྱི་ལ་གཞིགས་ན། དུས་རིམ་འདི་ནི་མིང་འདི་ཉིད་བརྡ་སྤྲོད་ཅན་དུ་ཕྱོགས་པའི་སོ་མཚམས་ཤིག་ཏུ་ངོས་བཟུང་ཆོག་སྟེ། དུས་རིམ་འདིའི་བསྟན་དོན་དང་སྤྱོད་སྟངས་ཀྱིས་མིང་འདི་བརྡ་སྤྲོད་ཅན་དུ་ཕྱོགས་ཏེ་མཐར་སྦྲེལ་བྱེད་ཀྱི་མིང་(连词) ཇི་ལྟ་བུ་ཞིག་ཏུ་འགྱུར་བར་ཐག་བཅད་ཡོད། དུས་རིམ་དང་པོ་དང་གཉིས་པའི་སྐབས་སུ་མིང་འདི་ལ་རྣམ་པ་གཅིག་སྟེ་ཞིང་ཞེས་པ་ཁོ་ན་ལས་མེད་དེ། ཚུལ་འདིས་སྐབས་འདི་དག་ཏུ་མིང་འདི་ནི་སྔ་ཕྱི་ལ་ལྟོས་པ་མེད་པའི་མིང་རང་དབང་ཅན་ཞིག་ཡིན་པ་མཚོན། ཡིན་ནའང་། དུས་རིམ་ཕྱི་མ་ཁག་ཏུ་མིང་རང་རྐྱ་བའི་ངོ་བོ་རིམ་གྱིས་ཡལ་ཏེ། མིང་སྔ་མའི་རྗེས་འཇུག་ལ་ལྟོས་པའི་མིང་གཞན་དབང་ཅན་ཞིག་ཏུ་གྱུར་ཡོད། མིང་གི་བསྟན་དོན་ལ་འགྱུར་བ་ཐེབས་དུས། སྐད་ཆ་དང་ཚིག་གི་ཁམས་ཁྱད་པར་བའི་འོག་ཏུ་བསྟན་དོན་གསར་པ་འབྱུང་སྟེ། མིང་རང་རྐྱ་བ་ཡིན་དུས་ཀྱི་ཐ་སྙད་ཀྱི་དོན་གཞིར་བཞག་ནས་དེ་དང་འབྲེལ་ཐག་ཡོད་པའི་དོན་གསར་པ་ཞིག་འབྱུང་བ་རེད། དུས་རིམ་དང་པོའི་དུས་ཡུན་སྟོན་པ་ནས་དུས་རིམ་གཉིས་པར་འདྲ་བའམ་མཚུངས་པའི་དོན་སྟོན་པ་གཉིས་ལ་འབྲེལ་བ་ཡོད་དེ། དུས་ཡུན་བྱེ་བྲག་པ་གཅིག་ཆ་ཤས་དུ་མར་བགོས་ཆོག་ལ། ཆ་ཤས་ཕྱི་མ་ལ་སྔ་མ་དང་འདྲ་བའི་དོན་ཡོད་པས། དེ་གཉིས་བར་ལ་བརྡ་སྤྲོད་ཅན་འབྱུང་བའི་རྨང་གཞི་ཡོད་པ་རེད། བསྟན་དོན་གསར་པ་ཞིག་བྱུང་ཚེ། བསྟན་དོན་རྙིང་པ་འཕྲལ་དུ་ཡལ་མི་སྲིད་པར་སྐབས་དོན་དམིགས་བསལ་བའི་འོག་ཏུ་དུས་ཡུན་རིང་པོར་བསྟན་དོན་གསར་པ་དང་མཉམ་དུ་གནས་ཏེ། བརྡ་སྤྲོད་ཅན་གྱི་གོ་རིམ་ཁྲོད། བསྟན་དོན་དང་འཇུག་ཚུལ་ལ་མཉམ་གནས་ཀྱི་སྣང་ཚུལ་འབྱུང་བ་ནི་རྒྱུན་མཐོང་གི་ཆོས་ཉིད་ཅིག་རེད།⒅དེའི་ཕྱིར་ན། དུས་རིམ་གསུམ་པ་ནས་ཞིང་ཞེས་པ་དངོས་སུ་ཚིག་ཕྲད་དུ་འགྱུར་འགོ་ཚུགས་ཡོད་ནའང་། བསྟན་དོན་སྔ་མ་འདི་དག་དུས་རིམ་རྗེས་མ་ཁག་ཏུ་ཡང་ཡང་བྱུང་སྟེ་དུས་ཕྱིས་ཀྱི་ཡིག་ཚང་ཁག་ཏུའང་འཁོད་ཡོད། ཡིན་ནའང་། བསྟན་དོན་གསར་རྙིང་གཉིས་བསྡུར་ན། བསྟན་དོན་གསར་པའི་སྤྱོད་སྒོ་ཇེ་ཆེར་སོང་སྟེ་ཐུན་མོང་དུ་སྤྱོད་པ་དང་། བསྟན་དོན་རྙིང་པ་ནི་སྐབས་དོན་དམིགས་བསལ་བ་ཁོ་ནར་སྤྱོད་དོ། །
གསུམ། བྱ་བ་བརྗོད་པའི་མིང་གཉིས་ཀྱི་མཚམས་ལ་སྦྱོར་བ། དུས་རིམ་འདིར་ཞིང་སོགས་ནི་སྦྲེལ་བྱེད་ཀྱི་མིང་དུ་སྤྱད་དེ་རྒྱུན་སྐྱོང་བའི་དོན་བསྟན་ཡོད་པ་དང་། ཅིང་ཞིང་ཤིང་ཞེས་གཟུགས་མི་འདྲ་བ་གསུམ་བྱུང་འདུག དུས་རིམ་འདི་ལ་ཚིག་སྦྱོར་གྱི་ཆ་ནས་མིང་འདི་དག་གཞན་དབང་ཅན་དུ་གྱུར་ནས་མིང་སྔ་མའི་རྗེས་འཇུག་ལ་ལྟོས་དགོས་པར་གྱུར་པས་རྗེས་འཇུག་མི་འདྲ་བའི་དབང་གིས་གཟུགས་མི་འདྲ་བ་གསུམ་བྱུང་ཡོད་པ་དང་། སྒྲིག་གཞིའི་ཆ་ནས་བྱ་བ་བརྗོད་པའི་མིང་གཉིས་ཀྱི་མཚམས་ལ་སྦྱོར་དགོས་པར་གྱུར་ཡོད། བསྟན་དོན་གྱི་ཆ་ནས་སྐབས་དོན་ལ་གཞིགས་ན་མིང་དེ་གའི་དོན་རྗེས་སུ་དཔག་ཐུབ་ནའང་། དུས་རིམ་སྔ་མ་གཉིས་ལས་སྔར་བས་རབ་རིབ་ཏུ་གྱུར་ཡོད། དུས་རིམ་སྔ་མར་ཞིང་ནི་འདྲ་བའམ་མཚུངས་པའི་དོན་ལ་འཇུག་པ་དང་། དུས་རིམ་འདིར་རྒྱུན་སྐྱོང་བའི་དོན་ལ་སྦྱར་བ་གཉིས་ལ་བསྟན་དོན་གྱི་ངོས་ནས་འབྲེལ་བ་ཡོད་དེ། རྒྱུན་སྐྱོང་བ་ནི་འདྲ་བའི་རྣམ་པ་མཚོན་བྱེད་ཡིན་ཞིང་། འདྲ་བའམ་མཚུངས་པའང་དོན་ལ་རྣམ་པ་ཕྱི་མས་སྔ་མའི་རྒྱུན་སྐྱོང་བའི་དོན་རེད། རྒྱུན་སྐྱོང་བའི་དོན་ནི་དུས་རིམ་དང་པོའི་དུས་ཡུན་མཚོན་པ་ལའང་འབྲེལ་བ་ཡོད་པས། འགྱུར་རིམ་སོ་སོའི་བསྟན་དོན་ཕན་ཚུན་བར་འབྲེལ་ཐག་ངེས་ཅན་རེ་ཡོད། གཤམ་གྱི་དཔེ་བརྗོད་ཁག་ཏུ་བྱ་བ་བརྗོད་པའི་མིང་ཕྱི་མས་སྔ་མའི་རྣམ་པ་རྒྱུན་སྐྱོང་བའི་དོན་སྟོན་ཏེ།
1. ཁབ་སོ་དཔོན་སྣ་དགྀས་། །ཁྲལ་ཀྱྀ་སྣ་འཚལ་(བཙལ)ཏེ། གཙེས་ཤྀང་མཆིས་ན། ། (ཀོང་པོའི་རྡོ་བརྐོས་ཡི་གེ ཡིག་ཕྲེང་10པ)
2. ལྷ་སྲས་མྱི་ཡུལ་གྱྀ་རྒྱལ་མཛད་ཅིང་བཞུགས་པ་ལས།( P.T.1286.0043)
3. གཅུང་སློན་ཀོལ་དང། ཡུམ་སྟོང་ཙུན་གཉྀས་ནྀ།སླད་ན་ཡུལ་འཚོའ། །ཞྀང་བཞུགས་སོ། ། (P.T.1287.0179)
4.ཁྱྀ་ལོ་ལ་བབ་སྟེ། བཙན་པོ་མྱེས་ཁྲྀ་སྲོང་རྩན་གྱྀ་སྤུར་ཕྱྀང་བའྀ་རིང་ཁང་ནའ་རྀང་མཁྱུད་ཆྀང་བཞུགསྟེ།(P.T.1288.0016)
གོང་གི་ཚིག་འདི་དག་ཏུ། ཞིང་དང་བཞིན་གཉིས་བརྗེས་ཀྱང་དོན་ལ་འགྱུར་བ་མི་འབྱུང་བས། མིང་དེའི་དོན་ལྟོས་བཅས་ཀྱིས་དཔོག་སླ། དུས་རིམ་འདིར་བྱ་བའི་མིང་རྗེས་མ་ཕལ་མོ་ཆེ་ནི་གནས་པའི་རང་བཞིན་སྟོན་པའི་མིང་ཞིག་ཡིན་དགོས་པས་མིང་གི་འདེམས་སྟངས་ལ་ཚད་བཀག་ཡོད་པ་ཤེས་ལ། ཚད་བཀག་ཡོད་པའི་ཞིབ་ཕྲ་འདིས་དུས་རིམ་འདི་ནི་དུས་རིམ་རྗེས་མ་དང་མི་འདྲ་བ་མཚོན་ཏེ། དུས་རིམ་ཕྱི་མའི་ཚིག་སྦྱོར་ལ་ཚད་བཀག་འདི་ལྟ་བུ་མེད་པས་དེ་ཉིད་ཀྱི་བརྡ་སྤྲོད་ཅན་གྱི་ཚད་མཐོ་བ་རྟོགས་ཐུབ།
བཞི། ཁྱད་ཆོས་བརྗོད་པའི་མིང་གཉིས་ཀྱི་མཚམས་ལ་སྦྱོར་བ། གཤམ་གྱི་ཡིག་ཚང་ཁག་ཏུ། ཞིང་སོགས་ནི་ཁྱད་ཆོས་བརྗོད་པའི་མིང་གཉིས་ཀྱི་མཚམས་ལ་སྦྱར་ཡོད་པ་དང་། བྱ་བའི་མིང་འདེམས་པ་ལ་སྔ་མ་ལྟར་ཚད་བཀག་མེད་པ་དང་། བསྟན་དོན་ཡང་སྔར་བས་མི་གསལ་བར་གྱུར་ཡོད། དུས་རིམ་གསུམ་པ་དང་བཞི་པ་གཉིས་ནི་ཚིག་ཕྲད་བཞིན་ལ་བརྗེ་རུང་མིན་གྱིས་ཁྱད་པར་ཕྱེ་ནའང་ཆོག་སྟེ། དུས་རིམ་གསུམ་པར་བརྗེས་ཀྱང་དོན་མི་འགལ་བ་དང་བཞི་པར་བརྗེ་མི་རུང་། བརྗེ་སྤོར་གྱི་ཐབས་ལམ་འདི་སྤྱད་ཚེ། སྤྱོད་སྟངས་ཀྱི་ཞིབ་ཕྲའི་ཁྱད་ཆོས་རྟོགས་ལ། ཁྱད་པར་དེ་དག་གིས་ཏག་ཏག་བརྡ་སྤྲོད་ཅན་གྱི་དུས་རིམ་མི་འདྲ་བ་མཚོན་ཐུབ། ཚིག་ཕྲད་བཞིན་ལ་བརྗེ་ཆོག་མིན་གཉིས་སུ་ཕྱེ་ན། བརྗེ་ཆོག་པའི་སྐབས་ནི་བརྗེ་མི་ཆོག་པ་ལས་བསྟན་དོན་གསལ་ཞིང་དཔོག་སླ་བ་དང་། བརྗེ་མི་ཆོག་པའི་རིགས་ནི་དོན་སྔར་བས་སྤྱི་མཚན་དང་སྦྱོར་སྟངས་སྔར་བས་རང་དབང་ཅན་དུ་གྱུར་ཡོད་དེ།
1.རྗེ་བླས་དཀ་འ་དགུ་ཉམསུ་བླངས་ཏེ་ཕྱི་ནང་གཉྀས་ཀྱི་ཆབ་སྲིད་སྲིད་ཁབ་སོ་[ལ]དཔེནད་པ་དང་ཆེ་ཆུང་གཉིས་ལ་དྲང་ཞིང་སྙོམས་ཏེ། (ཞོལ་རྡོ་རིང་། ཤར་ངོས་ཀྱི་ཡིག་ཕྲེང་7པ)
2. ནམ་ཞར་བདེ་ཞིང་སྐྱིད་པར་གནས་སོ། ། (འཕྱོངས་རྒྱས་སྟག་རྩེའི་རྡོ་རིང་། ཡིག་ཕྲེང་25པ)
3.གཙིགས་བསྣན་བསྐྱེད་དེ་ག་ནང་བ་ཡང་ཡུན་ཏུ་བརྟན་ཞྀང་མངོན་བར་བྱ་བའྀ་ཕྱིར། (ཞྭ་ལྷ་ཁང་གི་རྡོ་རིང་།ཤར་ངོས་ཀྱི་ཡིག་ཕྲེང་38པ)
4. གནམ་མཐའ་བཞིར་གྲགས་ལ་བརྩན་ཞྀང་ཆེ་འོ། །(P.T.1287.0509)
གོང་གི་ཚིག་འདི་དག་ཏུ་ཞིང་སོགས་ལ་རང་ངོས་ན་ཐ་སྙད་ཀྱི་དོན་བྱེ་བྲག་པ་གང་ཡང་མེད་པར་བརྡ་སྤྲོད་ཀྱི་དོན་ཁོ་ན་ལྡན་པའི་སྦྲེལ་བྱེད་མིང་དུ་གྱུར་ཡོད་པས། དུས་རིམ་སྔ་མ་ཁག་དང་ཁྱད་པར་མངོན་གསལ་ཡོད། ཡིན་ནའང་། དུས་རིམ་ལྔ་པ་དང་བསྡུར་ན། དུས་རིམ་འདིར་ཞིང་སོགས་ནི་མིང་གཉིས་སྦྲེལ་བྱེད་དུ་སྤྱད་ཡོད་པས། ཕྲད་ཀྱི་ནུས་པ་མིང་གི་ངོས་ན་ཡོད་པ་དང་། དུས་རིམ་ལྔ་པར་ཚིག་དུམ་གྱི་རྗེས་ལ་སྦྱར་ནས་ཚིག་དུམ་གཉིས་སྦྲེལ་བྱེད་དུ་གྱུར་ཡོད་དེ། ཕྲད་ཀྱི་ནུས་པ་ཚིག་དུམ་དང་ཚིག་ཧྲིལ་པོའི་ངོས་ལ་ཐོན་ཡོད་པས་བརྡ་སྤྲོད་ཀྱི་ནུས་པ་ཇེ་ཆེར་སོང་ཡོད་ལ། བརྡ་སྤྲོད་ཅན་གྱི་ཚད་ཀྱང་ཇེ་མཐོར་གྱུར་ཡོད།
ལྔ། ཚིག་དུམ་གྱི་རྗེས་ལ་སྦྱོར་བ། ཞིང་སོགས་ནི་གོང་བསྟན་གྱི་འགྲོས་ལྟར་བརྡ་སྤྲོད་ཅན་དུ་ཕྱོགས་ཏེ། ཐ་སྙད་ཀྱི་དོན་རིམ་པར་ཇེ་ཉམས་ལ་སོང་བ་དང་། མཐར་བརྡ་སྤྲོད་ཀྱི་བྱེད་ལས་ཁོ་ན་ལས་མེད་པའི་སྦྲེལ་བྱེད་ཀྱི་མིང་དུ་གྱུར་ཡོད། བརྡ་སྤྲོད་ཅན་གྱི་གཞུང་ལ་གཞིགས་ན། ཚིག་དུམ་གཉིས་ཀྱི་མཚམས་ལ་སྦྱོར་དུས་མིང་འདི་ཉིད་ཀྱི་ཁྱབ་ཁོངས་ཤིན་ཏུ་ཆེ་སྟེ། དེས་མིང་དང་མིང་གི་ཚོགས་པ། ཚིག་དུམ་སོགས་གང་རུང་སྦྱར་ཆོག་པས། མིང་གཉིས་ཁོ་ན་སྦྲེལ་བ་དང་མི་འདྲ་སྟེ།
1. ར་སའི་གཙུག་ལག་ཁང་ལས་སྩོགས་པ་བརྩྀགས་ཤིང། །དཀོན་མཆོག་གསུམ་གྱྀ་རྟེན་བཙུགས་པ་དང། །(རྒྱལ་སྡེ་དཀར་ཆུང་རྡོ་རིང་། ཡིག་ཕྲེང་5པ)
2.ཙུན་སོན་པ་འྀ་རྣམས། རྗེ་ས་འྀ་གོས་གྱོན་ཞིང། སྐྱེས་པ་ཆེད་པོ་རྣམས་བཙུན་བ་འི་རྣམ[ས]པ་ཡང་དེ་ནས་བྱུང་བ་ཡྀན་ནོ། ། (P.T.1286.0039)
3.སྟགྀ་ལོ་ལ་བབ་སྟེ། བཙན་ཕོ་མེར་ཁེ་ནའ་བཞུགས་ཤྀང་། བློན་ཆེ་སྟོང་རྩན་གྱིས། མོང་པུ་སྲལ་འཛོང་དུའ་བསྡུས་སྟེ། (P.T.1288.0026)
4. བྱ་གགྀ་ལོ་ལ་བབ་སྟེ། བཙན་པོ་ཉེན་ཀར་ན་བཞུགས་ཤྀང། བློན་ཆེན་པོ་བཙན་སྙ་དང། མང་ཉེ་སྟག་ཙབ་གཉྀས། དམེའ་བྱུང། (S.0750.0039)
གོང་གསལ་ཡིག་ཚང་འདི་དག་ཏུ། ཞིང་སོགས་ནི་ཚིག་དུམ་གྱི་རྗེས་སུ་སྦྱར་ནས་སྔ་ཕྱི་སྦྲེལ་བྱེད་ཀྱི་མིང་དུ་སྤྱད་ཡོད། མིང་གང་ཡང་རུང་བ་ཞིག་རང་ངོས་ན་ཐ་སྙད་ཀྱི་དོན་ཅི་ཡང་མེད་པར་ཚིག་ཧྲིལ་པོར་བརྡ་སྤྲོད་ཀྱི་ནུས་པ་ཁོ་ན་སྟོན་སྐབས། མིང་དེ་ཉིད་བརྡ་སྤྲོད་ཅན་གྱི་ཚད་རིམ་མཐོ་ཤོས་སུ་སླེབས་ཡོད་པ་མཚོན་ལ། བརྡ་སྤྲོད་ཅན་གྱི་འགྱུར་བའང་ཡོངས་སུ་མཇུག་རྫོགས་པ་རེད།⒆
གཉིས་པ། ཅིང་ཞིང་ཤིང་གསུམ་གྱི་འབྱུང་ཁུངས།
ཚན་པ་གོང་མར་མིང་འདི་དག་ཇི་ལྟར་ཐ་སྙད་ཀྱི་དོན་གསལ་བའི་མིང་རང་དབང་ཅན་ནས་བརྡ་སྤྲོད་ཀྱི་བྱེད་ལས་ཁོ་ན་ལས་མེད་པའི་ཕྲད་གཞན་དབང་ཅན་དུ་གྱུར་ཚུལ་བསྟན་ཡོད་ལ། འགྱུར་རིམ་མི་འདྲ་བ་སོ་སོར་ཕྱེ་བས་ཚིག་ཕྲད་འདི་དག་གི་བསྟན་དོན་གྱི་འགྱུར་རིམ་གསལ་པོར་རྟོགས་ཐུབ། གཤམ་དུ་དེ་དག་གི་འབྱུང་ཁུངས་སྐོར་བརྗོད་པར་བྱ་སྟེ། ད་ཆའི་དཔྱད་གཞིར་གཞིགས་ན། ཚིག་ཕྲད་འདི་དག་གི་འབྱུང་ཁུངས་ལ་རྗེས་དཔག་གཉིས་ཡོད་ཆོག་སྟེ། རྗེས་དཔག་དང་པོ་ནི་ཚིག་ཕྲད་འདི་གསུམ་གྱི་ཁུངས་ནི་ཞིང་ཞེས་པའི་མིང་འདི་ཉིད་ཡིན་པ་དང་། ཅིང་དང་ཤིང་གཉིས་ནི་ཞིང་ཞེས་པའི་སྒྲ་འགྱུར་ནས་བྱུང་བ་ཡིན་དགོས། ཚན་པ་གོང་མར་ཞིང་ཞེས་པ་བྱུང་སྔ་ལ་དུས་རིམ་དང་པོར་རང་ངོས་ན་ཐ་སྙད་ཀྱི་དོན་གསལ་པོ་ལྡན་པས་རྗེས་དཔག་འདི་ལ་སྒྲུབ་བྱེད་ངེས་ཅན་ཡོད། རྗེས་དཔག་གཉིས་པ་ནི་དུས་རིམ་དང་པོའི་ཞིང་ཞེས་པ་ནི་བཞིན་ཞེས་པའི་མིང་འགྱུར་ནས་བྱུང་བ་ཡིན་དགོས། བཞིན་ཞེས་པ་ནི་བཞིན་རས་ཏེ་གདོང་གི་དོན་ལ་འཇུག་སྟེ། བརྡ་སྤྲོད་ཅན་གྱི་ཆོས་ཉིད་ལྟར་ན། འཛམ་གླིང་གི་སྐད་ཡིག་མང་པོར་མཚམས་སྦྱོར་བ་དང་རྒྱུན་སྐྱོང་བ། འདྲ་བའི་དོན་སྟོན་པའི་ཚིག་ཕྲད་ནི་གདོང་གི་དོན་སྟོན་པའི་མིང་ནས་འགྱུར་ཡོང་བ་ཡིན་པས། གཅིག་ཏུ་ན་བོད་སྐད་ཀྱང་ལུགས་འདི་ལ་མཐུན་སྲིད་དེ། གོང་གི་ཡིག་ཚང་ཁག་ལ་དཔྱད་ནའང་ཞིང་དང་བཞིན་གཉིས་ལ་དོན་གྱི་ཆ་ནས་འབྲེལ་བ་ཟབ་མོ་ཡོད་པ་ཤེས། ཁོ་བོས་འདིར་རྗེས་དཔག་གཉིས་ཀ་དྲངས་ཚེ། དོན་དམ་ཁུངས་གང་ཡིན་ཐག་མ་ཆོད་པས་ནང་འགལ་ཡོད་བསམས་ན་སྐྱོན་མེད་དེ། མིང་འདི་དག་གི་ཁུངས་འཚོལ་བ་ལ་སྐད་རང་ངོས་ནས་སྒྲུབ་བྱེད་འཚོལ་དགོས་པར་མ་ཟད། སྐད་རིགས་ཀུན་ལ་ཐུན་མོང་དུ་ཡོད་པའི་ཆོས་ཉིད་ལའང་བསམ་གཞིག་བྱེད་དགོས་པས། གནས་སྐབས་སུ་རྗེས་དཔག་གཉིས་མཉམ་དུ་བཀོད་ཚེ་ཞིབ་འཇུག་གི་དཔྱད་གཞིའི་རིན་ཐང་དེ་བས་ཆེའོ། ། རྗེས་དཔག་དང་པོ་ནི་ཚན་པ་གོང་མའི་དུས་རིམ་དང་པོའི་དཔེ་བརྗོད་ཁག་ཏུ་ཤིན་ཏུ་གསལ་བས་འདིར་བསྐྱར་དུ་དབྱེ་ཞིབ་བྱེད་དགོས་མེད་པས། གཤམ་དུ་རྗེས་དཔག་གཉིས་པ་བརྗོད་པར་བྱ་བ་ལ།
བརྡ་སྤྲོད་ཅན་གྱི་ཐུན་མོང་གི་ཆོས་ཉིད་ལྟར་ན། གདོང་གི་དོན་སྟོན་པའི་མིང་གང་ཞིག་མཚམས་སྦྱོར་བའི་དོན་སྟོན་པའི་ཚིག་ཕྲད་ལ་འགྱུར་ལུགས་ནི་འདི་ལྟ་སྟེ། Face(bodypart) བཞིན་(དབང་པོའི་གྲུབ་ཆ)>front/upམདུན /ཡར།ཞེས་པ་ཡིན་ཏེ།⒇ སྤྱི་འགྲོས་འདིར་བསྟན་པའི་མདུན་ཞེས་པ་ནི། གོང་གི་ཡིག་ཚང་ཁག་ཏུ་བྱུང་བའི་སྔར་བཞིན་ནམ་ཕྱིར་བཞིན། རྒྱུན་སྐྱོང་བ། འདྲ་བ་སོགས་ལ་བསྟན་དོན་གྱི་འབྲེལ་ཐག་ཤིན་ཏུ་ཉེ་སྟེ། མིའི་རིགས་ཀྱི་འདུ་ཤེས་ཁྲོད་འདྲ་བའམ་མཚུངས་མིན་ནི་མིའི་གདོང་གི་ངོས་ནས་འཇོག་པ་དང་། འདྲ་བ་ནི་རྒྱུན་སྐྱོང་བའི་དོན་ལ་འབྲེལ་བ་ཡོད་པ་དང་། སྔར་བཞིན་དང་རྒྱུན་སྐྱོང་སོགས་ནི་མདུན་དང་ཡར་ཞེས་པར་འབྲེལ་ཏེ། དེ་དག་ཀུན་གྱིས་སྔ་ཕྱིའི་རྣམ་པ་མཚོན་པ་ཡིན། འབྲེལ་ཐག་འདི་རིགས་ནི་ཏག་ཏག་མིང་འདི་དག་བར་ལ་བརྡ་སྤྲོད་ཅན་འབྱུང་ཐུབ་པའི་རྨང་གཞི་ཡིན་ཏེ། སྐད་ཆའི་འདུ་དྲིལ་རང་བཞིན་ཞེས་པའང་གོ་སླ་བར་བཤད་ན་འགྱུར་བ་ཞེས་པ་ནི་ཕན་ཚུན་ལ་འབྲེལ་ཐག་ཡོད་པའི་བར་ནས་འབྱུང་ཞེས་པ་དེ་ཡིན།﹙21﹚ གོང་གི་ཡིག་ཚང་ཁག་ཅིག་ཏུ། ཞིང་དང་བཞིན་གཉིས་ཕན་ཚུན་བརྗེས་ཀྱང་དོན་མི་འགལ་བ་དེས་རྗེས་དཔག་འདི་ལ་རྒྱུ་མཚན་ངེས་ཅན་ཡོད་པར་མཚོན། འོ་ན། བཞིན་ནས་ཞིང་ལ་ཇི་ལྟར་གྱུར་རམ་ཞེ་ན། དེ་ལའང་དུས་རིམ་ཁ་ཤས་ཡོད་ངེས་ཏེ། ད་ལྟའི་ཡིག་ཆ་ཁག་ཏུ་རྙེད་པའི་དཔེ་བརྗོད་ཁག་ཕན་ཚུན་བསྡུར་ན་དུས་རིམ་གཉིས་ར་སྤྲོད་བྱེད་ཐུབ།
གཅིག མིང་རང་རྐྱ་བ་ཡིན་པ། གཤམ་གྱི་ཏུན་ཧོང་ཤོག་དྲིལ་དུ། བཞིན་ཞེས་པས་གདོང་གི་དོན་སྟོན་ཏེ། གོང་གི་རྗེས་དཔག་ལ་གཞིགས་ན་འདི་ནི་ཐོག་མའི་བསྟན་དོན་ཡིན་དགོས་ཏེ། རྒྱལ་ཕོ་གདོང་ནྀ་བྱ་རོག །བཞིན་ནི་བུད་མྱེད་དུ་བྱས་ཏེ།( P.T.1047 095) ཞེས་པ་འདི་ལས་མིང་འདི་ལ་ཐ་སྙད་ཀྱི་དོན་གསལ་པོར་ཡོད་པ་མཚོན་ལ། ཕྱིས་ཀྱི་འགྱུར་བ་རྣམས་བསྟན་དོན་འདི་ནས་མཆེད་དེ་བྱུང་བ་ཡིན་དགོས།
གཉིས། འདྲ་བའམ་མཚུངས་པའི་དོན་སྟོན་པ། མིང་འདི་ཉིད་བརྡ་སྤྲོད་ཅན་དུ་ཕྱོགས་འགོ་ཚུགས་རྗེས། འདྲ་བའམ་མཚུངས་པའི་དོན་སྟོན་པར་འཇུག་དགོས་ཏེ། མིའི་རིགས་ཀྱི་སྐད་དུ། གདོང་ཞེས་པས་འདྲ་མཚུངས་ཀྱི་དོན་སྟོན་པ་ནི་རྒྱུན་མཐོང་གི་སྣང་ཚུལ་ཞིག་རེད།
1 .དེ་རྣམ་གཉིས་ཀྱང་དེ་བཞིན་གནང་ངོ་། (P.T.1287 15)222
2.དེ་ལྟར་བྱ་འམ་མྱི་བྱ་ཞེས་མཆི་ནས། དེ་བཞིན་བགྱི་བར། མནའ་བཆད་མཐོའ་དེ་ལྟར་བྱ་འམ་མྱི་བྱ་ཞེས་མཆི་ནས། དེ་བཞིན་བགྱི་བར། མནའ་བཆད་མཐོའ་བཆད་། (P.T.1287 47)
མིང་གི་དོན་འགྱུར་བས་སྒྲའང་འགྱུར་ངེས་པས། བཞིན་ཞེས་པའི་སྒྲ་ལའང་རིམ་གྱིས་འགྱུར་བ་བྱུང་སྟེ། ཚན་པ་རྗེས་མར་འཆད་འགྱུར་གྱི་སྒྲ་ཡི་འགྱུར་བ་དེ་དག་བྱུང་བ་ཡིན་དགོས། འགྱུར་བ་འདི་དག་བྱུང་བའི་གོ་རིམ་ཁྲོད། གཟུགས་ཕྱི་མ་བྱུང་ཙ་ན་སྔ་མ་འཕྲལ་དུ་ཡལ་མི་སྲིད་པར། གཟུགས་གཉིས་ཀ་རེས་མོས་ཀྱིས་སྤྱད་དེ་དུན་ཡུན་རིང་པོར་མཉམ་གནས་བྱེད་དེ། གཤམ་གྱི་ཡིག་ཚང་དག་གིས་ཏག་ཏག་བརྡ་སྤྲོད་ཅན་གྱི་འགྱུར་རིམ་འདི་མིང་འདི་ཉིད་ཀྱི་ངོས་ནས་དངོས་སུ་བྱུང་མྱོང་བ་ཡང་དག་པར་ར་སྤྲོད་བྱེད་ཐུབ། ཚིག་སྦྱོར་འདྲ་མཚུངས་པར་ཞིང་དང་བཞིན་གཉིས་རེས་མོས་ཀྱིས་སྤྱད་ཡོད་པའི་སྒྲུབ་བྱེད་འདིས་ཞིང་དང་བཞིན་གཉིས་ལ་འབྲེལ་བ་ཤིན་ཏུ་ཉེ་བ་ཡང་དག་པར་བསྒྲུབས་ཡོད།
1. མྱི་ལ་ཉེན་མྱི་བྱེད་ཇིང་དྲང་མཁྲང་བྱེད་པའ་རབས་ཕྱི་ཕྱྀར་ཞིང་མྱེད་པར་འོང་ངོ་། འུང་ནས་སྔ་མ་བས་་་ལ་བབསྟེ་མྱི་རབས་ཕྱི་ཕྱིར་ཞིང་། བུ་ཞིག་བྱུང་ན་ནའང་ཤེས་རྫོགས་མ་རན་པར། (ITJO733 13)
2. ལྷ་མི་མ་བྱེ་བའི་དུས་བཟང་པོ་ལྟར་སུ་ཡང་ངོ། །དུས་ངན་པ་ལ་བབ་ཀྱིས། །ཕྱྀ་ཕྱིར་ཞིང་འགྲེང་མྱི་འོ་ཆོག་ཁྲེལ་མྱེད་་་ལྟས་མྱེད་པར་འོན་འོང་ངོ་། །(ITJ 0734 1r019)
3. དབང་ཐང་ནི་ཕྱིར་ཕྱིར་བཞིན་དུ་མཐོ་བར་འོང་གིས།(ITJ0738 10r04)
གོང་གསལ་ཡིག་ཚང་འདི་དག་ཏུ། བཞིན་དང་ཞིང་གཉིས་ཀ་སྒྲིག་གཞི་ཆ་འདྲ་བའི་འོག་ཏུ་རེས་མོས་ཀྱིས་དོན་གཅིག་ལ་སྤྱད་ཡོད་པ་དང་། བརྡ་སྤྲོད་ཅན་གྱི་ཚད་ཇེ་མཐོར་སོང་བ་དང་བསྟུན། མིང་སྔ་མ་སྤྱོད་ཚད་ཡུན་གྱིས་ཉུང་དུ་ཕྱིན་ཏེ། མཐར་མིང་གསར་པ་ཁོ་ན་སྤྱད་པ་ཡིན།
གསུམ་པ། ཚིག་ཕྲད་ཅིང་ཞིང་ཤིང་གསུམ་གྱི་སྒྲའི་འགྱུར་བ།
བརྡ་སྤྲོད་ཅན་དུ་ཕྱོགས་པ་ནི་བསྟན་དོན་ཁོ་ན་འགྱུར་བ་ཞིག་མིན་ཏེ། དོན་འགྱུར་བས་སྒྲ་ལའང་འགྱུར་བ་འབྱུང་སྟེ། གོང་བསྟན་གྱི་ཡིག་ཚང་ཁག་གཤིབ་བསྡུར་བྱས་ན། ཅིང་ཞིང་ཤིང་གསུམ་ནི་ཐོག་མའི་རྣམ་པ་གཅིག་ནས་རིམ་པར་རྣམ་པ་གསུམ་དུ་གྱེས་པ་གསལ་ཏེ། ཐོག་མའི་རྣམ་པ་ནི་ཞིང་ཡིན་པ་དང་། ཅིང་དང་ཤིང་གཉིས་ནི་དུས་ཕྱིས་བྱུང་བ་རེད། ཅིའི་ཕྱིར་ཞེ་ན། མིང་གཅིག་རང་རྐྱ་བར་སྤྱོད་དུས་མིང་རང་དབང་ཅན་ཡིན་པས་གཟུགས་གཅིག་ལས་མེད་དེ། རིམ་པར་བརྡ་སྤྲོད་ཅན་གྱི་ཚད་རིམ་ཇེ་མཐོར་སོང་བས། རང་ངོས་ཀྱི་ཐ་སྙད་ཀྱི་དོན་ཡལ་ནས་མིང་སྔ་མའི་རྗེས་འཇུག་ལ་ལྟོས་དགོས་པར་གྱུར་ཏེ། མིང་གཞན་དབང་ཅན་དུ་གྱུར་པས་མིང་སྔ་མའི་རྗེས་འཇུག་གི་དབང་གིས་གཟུགས་མི་འདྲ་བ་བྱུང་བ་རེད། གོང་བསྟན་གྱི་ཡིག་ཚང་ཁག་ཏུའང་གསལ་ཏེ། རང་ངོས་ན་ཐ་སྙད་ཀྱི་དོན་གསལ་པོར་ཡོད་དུས་ཞིང་ཞེས་པའི་གཟུགས་གཅིག་པུ་ལས་མེད་པ་དང་། རིམ་པར་ཐ་སྙད་ཀྱི་དོན་ཉམས་ཏེ་མིང་དང་ཚིག་སྦྲེལ་བྱེད་དུ་གྱུར་པས། མིང་སྔ་མའི་རྗེས་འཇུག་གི་དབང་གིས་གཟུགས་མི་འདྲ་བ་གསུམ་བྱུང་ཡོད། གཤམ་དུ་མིང་འདི་ཉིད་མིང་རང་དབང་ཅན་ནས་རྗེས་འཇུག་ལ་ལྟོས་དགོས་པའི་མིང་གཞན་དབང་ཅན་དུ་ཇི་ལྟར་གྱུར་ཚུལ་བརྗོད་པར་བྱའོ། །
བོད་སྐད་ཀྱི་སྒྲའི་ཐུན་མོང་གི་འགྱུར་སྟངས་ལྟར་ན། སྒྲ་ལྡན་ནས་སྒྲ་མེད་དང་། སྒྲ་བརྩེགས་མ་དང་རྐྱང་མར་འགྱུར་བས། ཅིང་ཞིང་ཤིང་གསུམ་གྱི་ཐོབ་ཐང་ལ་གཞིགས་ཚེ། ལྕེ་ངོས་མདུན་གྱི་སྒྲ་ལྡན་འགོག་བརྡར་གྱི་སྒྲ་ནས་སྒྲ་མེད་འགོག་སྒྲ་དང་བརྡར་སྒྲར་འགྱུར་བ་ཤས་ཆེ་སྟེ། གནའ་བོའི་བོད་ཡིག་ལ་རྗེས་འཇུག་གི་སྒྲ་ཡོངས་སུ་དག་པར་ཀློག་དུས་སྒྲ་ལྡན་གྱི་རང་བཞིན་ཡོད་པས། ཚིག་ཕྲད་འདི་གསུམ་གྱི་ཐོག་མའི་རྣམ་པ་ནི་ལྕེ་ངོས་ཀྱི་སྒྲ་ལྡན་བརྡར་སྒྲ་སྟེ་ཞིང་ཡིན་དགོས་ཏེ། གོང་བསྟན་གྱི་ཡིག་ཚང་དུ་འཁོད་པའི་གཟུགས་སྔ་ཤོས་ཀྱང་ཞིང་ཡིན་པས། ཡིག་ཚང་དང་སྒྲ་ཡི་ཆོས་ཉིད་གཉིས་ཀ་ར་འཕྲོད་པ་རེད། ཁོ་བོས་གོང་བསྟན་གྱི་ཡིག་ཚང་དེ་དག་ཏུ་བྱུང་བའི་ཚིག་ཕྲད་འདི་དག་གི་ཐོབ་ཐང་ལ་བསྡོམས་རྩིས་ཤིག་བྱས་པས་ཀྱང་འགྱུར་ཚུལ་འདི་ཡང་དག་པར་བསྒྲུབ་ཐུབ་པ་གཤམ་གསལ།
གོང་གི་རེའུ་མིག་ཏུ་གསལ་བ་ལྟར། རྗེས་འཇུག་ག་དང་ད་ལ་ཅིང་ཁོ་ན་སྦྱོར་བ་དང་། ས་ལ་ཅིང་དང་ཞིང་གཉིས་སྦྱོར་མོད། ཅིང་ཐེངས་གསུམ་ལ་བྱུང་བ་ཕུད། གཞན་དག་ཆ་ཚང་ལ་ཞིང་སྦྱར་འདུག རྗེས་འཇུག་ན་ར་ལ་འ་བཅས་ལ་ཞིང་ཁོ་ན་སྦྱོར་བ་དང་། ད་དྲག་ལ་ཅིང་སྦྱོར། དཔེ་བརྗོད་གསུམ་དུ་ན་ལ་གཉིས་ཀྱི་རྗེས་ལ་ཅིང་སྦྱར་འདུག་སྟེ། དེ་ནི་ན་ལའི་རྗེས་སུ་ད་དྲག་ཐོབ་པས་ཅིང་སྦྱར་གྱི། ན་ལ་གཉིས་ལ་ལྟོས་པ་མ་རེད། གོང་གི་ཡིག་ཚང་འདི་དག་ནི་དུས་རབས་བརྒྱད་པ་ནས་དགུ་པའི་བར་བྱུང་བ་ཡིན་ཏེ། འདི་དག་ཏུ་འཁོད་པ་ལྟར་ན། སྐབས་དེར་རྗེས་འཇུག་ག་བ་ད་གསུམ་སྒྲ་མེད་དུ་གྱུར་ཟིན་པས། དེ་དག་གི་མཐའི་ཕྲད་ཀྱང་རྣམ་པ་འགྱུར་ཏེ།ལྕེ་ངོས་ཀྱི་སྒྲ་ལྡན་བརྡར་སྒྲ་ནས་ལྕེས་མདུན་གྱི་སྒྲ་མེད་འགོག་སྒྲ་ཅིང་སྦྱོར་བ་ལས་སྒྲ་ལྡན་ཞིང་སྦྱར་མེད་པ་དང་། སྐབས་དེར་རྗེས་འཇུག་ང་ན་མ་འ་ར་ལ་བཅས་ནི་སྔར་མུས་སུ་སྒྲ་ལྡན་གྱི་ངོ་བོ་ལྡན་པས་སྒྲ་ལྡན་ཞིང་སྦྱར་འདུག ཡིག་ཚང་དེ་དག་ཏུ་རྗེས་འཇུག་ས་ལ་ཅིང་དང་ཤིང་གཉིས་ཀ་རེས་མོས་སུ་སྦྱར་ཡོད་པར་གཞིགས་ན། སྐབས་དེར་རྗེས་འཇུག་སའང་སྒྲ་ལྡན་ནས་སྒྲ་མེད་དུ་འགྱུར་འགོ་ཚུགས་པས་སྒྲ་ལྡན་ཞིང་མ་སྦྱར་བ་ཡིན་དགོས། ཡིན་ནའང་། དེ་ཉིད་ཀྱི་ཐོབ་ཐང་གཏན་ཆགས་སུ་སོང་མེད་པས་སྒྲ་མེད་ཅིང་དང་ཤིང་གཉིས་རེས་མོས་སུ་སྦྱར་བ་རེད། རྗེས་འཇུག་ས་ནི་བརྡར་སྒྲ་ཡིན་པས་བརྗོད་བདེ་བའི་དབང་གིས་དེའི་མཐའ་ལའང་བརྡར་སྒྲའི་ངོ་བོ་ལྡན་པའི་མིང་སྟེ་ཤིང་གཏན་ཆགས་སུ་སོང་བ་རེད། རྗེས་འཇུག་ག་ད་བ་གསུམ་ནི་འགོག་སྒྲ་ཡིན་པས། སྤྱིར་ན་ཐོག་མའི་རྣམ་པ་ཞིང་ཞེས་པ་ལྕེ་ངོས་མདུན་གྱི་འགོག་སྒྲ་ཞིག་ཏུ་འགྱུར་འོས་མོད། སྐབས་དེའི་བོད་སྐད་ཀྱི་སྐད་སྒྲའི་མ་ལག་ཏུ་སྒྲ་འདི་རིགས་མེད་པས། ལྕེ་ངོས་མདུན་གྱི་འགོག་སྒྲ་དང་འདྲ་ཆ་ཡོད་པའི་ལྕེ་ངོས་མདུན་གྱི་འགོག་བརྡར་གྱི་སྒྲ་ཅིང་བྱུང་བ་ཡིན་པར་རྗེས་དཔག་བྱས་ཆོག
གོང་འཁོད་དེ་དག་གི་འབྱུང་ཁུངས་བརྗོད་དུས། ཁོ་བོས་ཞིང་དང་བཞིན་གཉིས་ལ་འབྲེལ་བ་ཡོད་ཚུལ་གྱི་རྗེས་སུ་དཔགས་ཡོད། གལ་སྲིད་རྗེས་དཔག་འདི་བདེན་ན། ཚིག་ཕྲད་འདི་གསུམ་ལ་འགྱུར་བ་འདི་ལྟར་བྱུང་བ་ཡིན་དགོས་ཏེ། bʑin→ɦʑin→ʑin→ ʑiñ→ɕiŋ / tɕiŋ.ཐོག་མའི་རྣམ་པ་ནི། bʑin ཞེས་སྔོན་མིང་རྗེས་གསུམ་དག་པར་ཀློག་དགོས་པ་དང་། བོད་སྐད་ཀྱི་སྒྲ་ཡི་འགྱུར་བའི་ཆོས་ཉིད་ལྟར་ན། སྒྲ་ཞན་པར་གྱུར་ཚེ། སྔོན་ལ་སྔོན་རྗེས་འཇུག་གི་སྒྲ་ཉམས་པས། ཐོག་མའི་རྣམ་པ་དེའི་རྗེས་ལ། ɦʑin ཞེས་སྔོན་འཇུག་གི་སྒྲ་ཉམས་འགོ་ཚུགས་པའི་གཟུགས་འདི་ལྟ་ཞིག་ཡོད་དགོས་པ་དང། དེ་ནས་སྔོན་འཇུག་ཡོངས་སུ་ཡལ་ཏེ། ʑinཞེས་པ་འབྱུང་དགོས། ཁོ་བོས་དབུས་པ་བློ་གསལ་རྩོད་པའི་སེང་གེས་བརྩམས་པའི་དག་ཡིག་ཏུ། ཞིན་དུ་དང་བཞིན་དུ་གཉིས་ནི་དོན་གཅིག་ཏུ་བཀྲལ་ཡོད་པ་རྙེད་པ་དང་།﹙22﹚ ཤོག་དྲིལ་P.T.1287དུ་ཞིན་དང་བཞིན་གཉིས་ནི་དོན་མཚུངས་པར་སྤྱད་ཡོད་པས།﹙23﹚ གོང་དུ་རྗེས་དཔག་བྱས་པའི་སྒྲའི་རྣམ་པ་འདི་ལོ་རྒྱུས་ཐོག་དངོས་སུ་བྱུང་ཡོད་པ་ར་སྤྲོད་བྱེད་ཐུབ། རིམ་པར་སྒྲ་སྔར་བས་ཇེ་ཞན་དུ་གྱུར་པ་ན། རྗེས་འཇུག་ན་སྒྲ་སྣ་སྒྲ་ཕྱེད་ཀར་གྱུར་ཏེ། ʑiñངམ་བོད་ཡིག་གི་གཟུགས་སུ་ཞིང་ཞེས་པ་འདི་ཉིད་བྱུང་བ་དང་། ཞིང་ཞེས་པ་མིང་སྔ་མའི་རྗེས་འཇུག་གི་དབང་གིས་གོང་བསྟན་གྱི་གཟུགས་མི་འདྲ་བ་གསུམ་རིམ་པར་བྱུང་བ་ཡིན་ནོ། ། སྣ་སྒྲ་ཕྱེད་ཀ་ནི་དེང་རབས་བོད་ཀྱི་ཡུལ་སྐད་ཁག་ཏུ་རྒྱུན་མཐོང་གི་སྒྲ་ཡི་འགྱུར་བ་ཞིག་ཡིན་ཏེ། དེ་ཇི་ལྟར་དང་ཅིའི་ཕྱིར་བྱུང་ཚུལ་ནི་ཆུས་ཨའེ་ཐང་(瞿霭堂)གིས་བོད་སྐད་ཀྱི་ཡུལ་སྐད་སོ་སོའི་རྗེས་འཇུག་དང་དབྱངས་ཀྱི་གྲུབ་ཚུལ་ལ་དཔྱད་པའི་ལུགས་དེར་གསལ་བས་འདིར་བསྐྱར་དུ་མི་གླེང་ངོ་། །﹙24﹚
མཇུག་བསྡོམས།
གོང་གི་དཔྱད་འབྲས་འདི་དག་ལ་གཞིགས་ན། དཔྱད་རྩོམ་འདིར་གཏན་ལ་དབབ་ཐུབ་པའི་བསྡོམས་ཚིག་འདི་དག་ཡོད་དེ།
1.ཚིག་ཕྲད་ཅིང་ཞིང་ཤིང་གསུམ་ནི་རང་ངོས་ན་ཐ་སྙད་ཀྱི་དོན་གསལ་པོར་ཡོད་པའི་མིང་ཞིག་ནས་བརྡ་སྤྲོད་ཅན་དུ་ཕྱོགས་ཏེ་འགྱུར་ཡོང་བ་རེད།
2.ཡིག་ཚང་སྔ་ཤོས་ཁག་ཏུ། ཞིང་ནི་ཐ་སྙད་ཀྱི་དོན་ལྡན་པའི་མིང་རང་རྐྱ་བ་ཞིག་སྟེ། དེའི་དོན་ནི་བཞིན་དང་འདྲ་བའོ། །
3.གོང་བསྟན་གྱི་རྡོ་རིང་ཡི་གེ་དང་ཏུན་ཧོང་ཤོག་དྲིལ་ལ་གཞིགས་ན། མིང་འདི་ལ་བརྡ་སྤྲོད་ཅན་གྱི་དུས་རིམ་ལྔ་ཡོད་པར་བསྒྲུབ་ཐུབ།
4.དུས་རབས་བརྒྱད་པ་ནས་དགུ་པའི་ཡིག་ཚང་འདི་དག་ཏུ། རྗེས་འཇུག་ས་ལ་ཅིང་ཤིང་གཉིས་རེས་མོས་སུ་སྦྱོར་བ་ཕུད། རྗེས་འཇུག་གཞན་དག་གི་ཐོབ་ཐང་གཏན་ཆགས་སུ་གྱུར་འདུག
5.ད་སྔའི་སྒྲུབ་བྱེད་ལ་གཞིགས་ན། ཞིང་ནི་བཞིན་ཞེས་པ་ནས་མཆེད་ཀྱང་སྲིད་པ་བཅས་སོ། །
མཆན་འགྲེལ།
① དྲན་པའི་ཡེ་ཤེས་གྲགས་པ། 《སྨྲ་སྒོ་མཚོན་ཆ》[M] པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། 2000ལོ། ཤོག་ངོས་52
② Paul J. Hopper, Elizabeth ClossTraugott著, 张丽丽译:《语法化》[M],台北:中研院语言研究所,2013年,第147页。
③ 刘丹青:《语法化理论与汉语方言语法研究》,方言[J],北京:中国社会科学院,2009年第2期;第106-116页。
④ Delancey, Scott. 1984.《Etymological notes on Tibeto-Burman case particles》, LTBA[J], Vol 8,No.1, pp.57-77.
⑤ བུ་སྟོན་རིན་ཆེན་གྲུབ། 《བུ་སྟོན་ཆོས་འབྱུང》[M] ཟི་ལིང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1991ལོ། ཤོག་ངོས་182
⑥ དྲན་པའི་ཡེ་ཤེས་གྲགས་པ། 《སྨྲ་སྒོ་མཚོན་ཆ》[M] པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། 2000 ལོ ། ཤོག་ངོས་52
⑦ Walter, Siom, 1942. 《Tibetan dan,cin,kyin, yin and ham》, Bulletin of the School of Oriental and African Studies, University of London, [J]Vol. 10.No.4, pp. 954-975.
⑧ རྡོ་རིང་བརྒྱད་ནི། ཞོལ་རྡོ་རིང་དང་བསམ་ཡས་གཙུག་ལག་ཁང་གི་རྡོ་རིང་། འཕྱོངས་རྒྱས་སྟག་རྩེའི་རྡོ་རིང་། ཞྭ་ལྷ་ཁང་གི་རྡོ་རིང་། རྒྱལ་སྡེ་དཀར་ཆུང་རྡོ་རིང་། ཀོང་པོའི་རྡོ་བརྐོས་ཡི་གེ། ཁྲི་ལྡེ་སྲོང་བཙན་གྱི་བང་སོའི་མདུན་གྱི་རྡོ་རིང་། དབོན་ཞང་རྡོ་རིང་བཅས་སོ། །(མ་ཡིག་གི་ཁུངས་ནི། Lifanggui,1987. A Study of the Old Tibetan InscriP.T.ion)
⑨ ཤོག་དྲིལ་ཁག་ནི། P.T.1286P.T.1287 P.T.1288S0750 S1284བཅས་སོ། །(མ་ཡིག་གི་ཁུངས་ནི། International Dunhuang Project:http://idp.bl.uk/)
⑩⑾ 刘丹青:《语序类型学与介词理论》[M],北京:商务印书馆,2003年,第84页;第329页。
⑿ Delancey. Scott,1997. 《Grammaticalization and the gradience of categories: Relator nouns and postposition in Tibetan andBurmese》,Essays of Language Function and language type: dedicated to T. Givon[C], Amsterdan: John Bejamin, pp.57-64.
⒀ གཤམ་གྱི་རེའུ་མིག་ཏུ། དུས་རིམ་སོ་སོ་ཨང་གྲངས་ཀྱིས་མཚོན་ཡོད་པ་དང་། རྡོ་རིང་གི་མིང་རྣམས་ཀྱང་བསྡུས་འབྲི་བྱས་ཡོད།
⒁ ཞོལ་རྡོ་རིང་དང་ཁྲི་ལྡེ་སྲོང་བཙན་གྱི་བང་སོའི་མདུན་གྱི་རྡོ་རིང་དུ། ཞིང་དང་ཤིང་གཉིས་ཐེངས་གཉིས་རེར་བྱུང་ཡོད་མོད། མིང་སྔ་ཕྱིའི་ཡིག་འབྲུ་མི་གསལ་བས་འདིར་བཀོད་མེད་པ་དང་། P.T.1038དང་S.8212ཁྲོད་ཚིག་ཕྲད་འདི་དག་འཁོད་མི་འདུག
⒂ 李方桂、何蔚南:《古代西藏碑文研究》[M],拉萨:西藏人民出版社,2006年,第73页。
⒃ ཕྱིར་ཞིང་ཞེས་པ་ཕྱིར་བཞིན་ལ་གོ་བ་ཇི་བཞིན་སླར་ཞིང་ནི་སླར་བཞིན་ཞེས་པའི་དོན་ལ་འཇུག་གོ།
⒄ ཕྱི་དང་སླ་གཉིས་ནི་དུས་སྟོན་པའི་མིང་ཡིན་པ་དང་། ར་ནི་ལ་དོན་ཡིན་པར་ཤེས་དགོས་ཏེ། དེ་གཉིས་མཉམ་དུ་འདུས་པས་ཕྱིར་དང་སླར་ཞེས་པ་གྲུབ་བོ། །
⒅ Paul J. Hopper, Elizabeth ClossTraugott著, 张丽丽译:《语法化》[M],台北:中研院语言研究所,2013年, 第147页。
⒆ 刘丹青:《语序类型学与介词理论》[M],北京:商务印书馆,2003年,第117页。
⒇ Bernd Heine, Tania Kuteva著,龙海平等译:《语法化的世界词库》[M],北京:世界图书出版社,2012年,第173页。
﹙21﹚Paul J. Hopper, Elizabeth ClossTraugott著, 张丽丽译:《语法化》[M],台北:中研院语言研究所,2013年,第103页。
﹙22﹚དབུས་པ་བློ་གསལ་རྩོད་པའི་སེང་གེ། 《བརྡ་གསར་རྙིང་གི་རྣམ་པར་དབྱེ་བ་དབུས་པ་བློ་གསལ་གྱིས་མཛད་པ་བཞུགས། བོད་ཀྱི་བརྡ་སྤྲོད་ཕྱོགས་བསྒྲིགས་བཞུགས་སོ》 (པོད་ཉེར་ལྔ་པ)[M] ཁྲེང་ཏུའུ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 2014ལོ། ཤོག་ངོས་6
﹙23﹚P.T.1287.0377 རྒྱལ་ཟྀགས་ལ་སོགས་པས་རྒྱ་འྀ་མཁར་ཀིང་ཤྀ་ཕབ་སྟེ། རྒྱ་རྗེ་གྭང་བུ་ཧྭང་ཏེ་བསྐོས་སོ། །ལེགས་པ་ཞིན་པའི་བྱ་དགའ། གཡུ་འྀ་ཡི་གེ་ཆུ་ངུ་ནམ་ནམ་ཞར་ཞར་བྱིན་ནོ། ། P.T.1052 r34 མྱི་ཁྱོད་གྱྀ་ལྷ་དཔལ་ནྀ་དབྱར་སྦུབ་བ་ཞིན་སྐྱེའོ། །
﹙24﹚瞿霭堂:《藏语韵母研究》[M],西宁:青海民族出版社,1991年,第122页。