ཁྲུང་ཆིང་དང་སི་ཁྲོན་གྱིས་མཉམ་ལས་ཧུར་ཐག་བྱེད་བཞིན་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 05-07



 

   འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ལོ་2020ལོའི་ཟླ་བ་1པོར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ནོར་དཔལ་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་དྲུག་པའི་ཐོག་ཁྲེང་ཏུའུ་དང་ཁྲུང་ཆིང་ས་ཁུལ་གྱི་གྲོང་ཁྱེར་གཉིས་ཀྱི་དཔལ་འབྱོར་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས་ནུབ་རྒྱུད་དུ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འཕར་གཞི་གལ་ཆེན་ཞིག་ཆགས་པ་བྱེད་དགོས་ཞེས་ནན་སྟོན་གནང་བ་རེད། ལོ་འདིའི་ཟླ་བ་10པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚོགས་འདུ་གཙོ་སྐྱོང་གནང་བ་དང་། ཚོགས་འདུའི་ཐོག་《ཁྲེང་ཏུའུ་དང་ཁྲུང་ཆིང་ས་ཁུལ་གྱི་གྲོང་ཁྱེར་གཉིས་ཀྱི་དཔལ་འབྱོར་ཁུལ་འཛུགས་སྐྲུན་གྱི་འཆར་འགོད་རྩ་གནད》ཅེས་པར་གྲོས་ཞིབ་བྱས་ནས་གྲོང་ཁྱེར་གཉིས་ཀྱི་དཔལ་འབྱོར་ཁུལ་འཛུགས་སྐྲུན་ཆེད་བརྗིད་ཆེའི་འཆར་གཞི་བཀོད་ཡོད། 
   ཁྲུང་ཆིང་དང་སི་ཁྲོན་ས་གནས་གཉིས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་ཀྱི་ དགོངས་དོན་གལ་ཆེན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ་འཐབ་ཇུས་ཀྱི་གོ་སྐབས་དེ་འཕེལ་རྒྱས་ཀྱི་ལེགས་ཆར་བསྒྱུར་ནས་མཉམ་སྒྲུབ་མཉམ་སྐྱོད་དང་། དེང་རབས་ཀྱི་ཐོན་ལས་མ་ལག་འཛུགས་སྐྱོང་མགྱོགས་སུ་བཏང་བ་དང་སྤྱི་པའི་ཞབས་ཞུ་གཞི་གཅིག་ཅན་དུ་འགྱུར་རྒྱུར་སྐུལ་འདེད་བཏང་ནས་“གྲོང་ཁྱེར་གཉིས་ཀྱི་དཔལ་འབྱོར་ཁུལ” སྤུས་མཐོའི་གོང་འཕེལ་ཡོང་རྒྱུར་སྐུལ་འདེད་གཏོང་རོགས་བྱས་ཡོད།
   ཉེ་ཆར་འཚོགས་པའི་ཁྲུང་ཆིང་གཙང་པོ་གཉིས་ཀྱི་ཁུལ་གསར་དང་སི་ཁྲོན་ཐེན་ཧྥུའུ་ཁུལ་གསར་གྱི་མཉམ་འབྲེལ་ཚོགས་འདུ་ཐེངས་གསུམ་པའི་ཐོག་རྒྱལ་ཁབ་རིམ་པའི་ཁུལ་གསར་ཆེན་པོ་གཉིས་ཀྱིས་མཉམ་འབྲེལ་ཐོག་རླངས་འཁོར་དང་གློག་རྡུལ་ཆ་འཕྲིན་སོགས་ཚུད་པའི་ཐོན་ལས་མནའ་འབྲེལ་ཆེན་པོ་བརྒྱད་བཙུགས་ནས་ཕྱོགས་གཉིས་པོའི་ལེགས་ཆའི་ཐོན་ཁུངས་ཕྱོགས་ཡོངས་ནས་བསྡུ་སྒྲིལ་བྱས་ཏེ་ཐོན་ལས་ཀྱི་སྣེ་ཁྲིད་ནུས་པ་འདོན་སྤེལ་བྱས་པ་རེད། ཐན་ཧྥུ་སྤྱི་ཁྱབ་པུའི་ཚོང་དོན་ཁུལ་དོ་དམ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཀྲང་ཞང་གིས། ང་ཚོས་དོན་དངོས་རྣམ་གྲངས་ཅན་དང་དོན་ཚན་ཅན་གྱི་ཐོག་ནས་ཁྲེང་ཏུའུ་དང་ཁྲུང་ཆིང་ས་ཁུལ་གྱི་ཐོན་ལས་རོགས་ལས་ལ་སྐུལ་འདེད་གཏོང་བཞིན་ཡོད། དེའི་ཁྲོད་སྤྱི་ཁྱབ་པུའི་དཔལ་འབྱོར་ཐོན་ལས་མནའ་འབྲེལ་ཐད་ཕྱོགས་གཅིག་ནས་དེང་རབས་ཞབས་ཞུའི་ལས་རིགས་ཀྱི་ཐོན་ལས་མཐུན་སྦྱོར་གོང་འཕེལ་གཏོང་བའི་སྒྲིག་གཞི་བཙུགས་པ་དང་དུས་མཚུངས་སུ་སྤྱི་ཁྱབ་པུའི་དཔལ་འབྱོར་ཁེ་ལས་དབར་མཉམ་ལས་སྤེལ་རེས་ཀྱི་སྟེགས་བུ་བསྐྲུན་ཡོད་ཅེས་གསུངས་ཡོད།
   ཐོན་ལས་མཐུན་སྦྱོར་བྱེད་ཤུགས་རྒྱུན་མཐུད་ཟབ་ཏུ་སོང་བ་དང་བསྟུན་ནས། རྒྱལ་ཡོངས་ཐོན་འབོར་གྱི་བརྒྱ་ཆ་12བཟུང་བའི་ས་ཁུལ་གཉིས་ཀྱི་རླངས་འཁོར་ཐོན་ལས་ཀྱིས་ཐོན་ལས་ཆ་སྦྱོར་དང་། སློབ་གྲྭ་དང་ཁེ་ལས་མཉམ་ལས། མཐུན་སྦྱོར་ཞིབ་བཟོ་སོགས་ཀྱི་ཁྱབ་ཁོངས་མང་པོའི་ཐད་མཉམ་ལས་བྱེད་ཟབ་ཏུ་བཏང་བ་དང་།  ལྷག་པར་དུ་རླངས་འཁོར་ཧྲིལ་པོའི་ལྷུ་ལག་ཆ་སྦྱོར་ཐད། ས་ཁུལ་གཉིས་ལ་ཁྱོན་ལྷུ་ལག་ཁེ་ལས་200ལྷག་གིས་རླངས་འཁོར་ཧྲིལ་པོའི་ཁེ་ལས་ལ་རླངས་འཁོར་ལྷུ་ལག་ཕན་ཚུན་ མཁོ་འདོན་བྱེད་བཞིན་ཡོད།  ཁྲང་ཨན་རླངས་འཁོར་གྱི་སྤྱི་འདོམས་པ་ཀྲུའུ་ཧྭ་རུང་གིས།  འདི་ལྟའི་མཉམ་ལས་བྱས་པ་བརྒྱུད་སི་ཁྲོན་དང་ཁྲུང་ཆིང་ས་ཁུལ་གྱི་རླངས་འཁོར་ཐོན་ལས་ལ་གོ་ལའི་ཁྲོད་འགྲན་རྩོད་ནུས་པ་ལྡན་པར་འགྱུར་ངེས་ཡིན་པའི་ཡིད་ཆེས་ཡོད། ལྷག་པར་དུ་རེ་འཁོར་འདིའི་རླངས་འཁོར་ལག་རྩལ་བརྗེ་སྒྱུར་གྱི་བརྒྱུད་རིམ་ནང་ངས་བལྟས་ན་གོ་སྐབས་གསར་པ་ཐོབ་ངེས་རེད་ཅེས་གསུངས་ཡོད།
   ཐོན་ལས་བརྗེ་སྒྱུར་རིམ་སྤོར་ལ་སྐུལ་འདེད་གཏོང་ཆེད། སི་ཁྲོན་དང་ཁྲུང་ཆིང་ས་ཁུལ་གཉིས་ཀྱིས་ལག་གདང་སྦྲེལ་ནས་ནུབ་རྒྱུད་ཚན་རིག་གྲོང་བཏོད་དེ་གསར་གཏོད་སྦྲེལ་ཐག་ཐོག་ནས་ཐོན་ལས་སྦྲེལ་ཐག་གསབ་བཞིན་ཡོད།  ནུབ་རྒྱུད་ཚན་རིག་གྲོང་གི་གླིང་ཁུལ་གལ་ཆེན་གྲས་ཤིག་ཡིན་པའི་ཆ་ནས། ཁྲུང་ཆིང་གི་གཙང་པོ་གཉིས་མཐུན་སྦྱོར་གསར་གཏོད་ཁུལ་དུ་ཚན་རྩལ་ཞིབ་བཟོའི་སྟེགས་བུ་80ལྷག་ཙམ་བསྐྲུན་ཟིན་པ་དང་།རྩེར་སོན་ཞིབ་བཟོའི་མི་སྣ་1000ལྷག་ཙམ་ཡིད་འགུག་བྱས་ཡོད་པ་རེད། གཙང་པོ་གཉིས་མཐུན་སྦྱོར་གསར་གཏོད་ཁུལ་ཀུང་སིའི་འཐབ་ཇུས་གོང་འཕེལ་པུའི་པུའུ་ཀྲང་ཀྲེང་ཅིང་གིས། ཐོན་སྐྱེད་དང་། ཚན་རིག ཞིབ་བཟོ་བཅས་མཉམ་འདྲེས་བྱེད་པའི་ཐད་ང་ཚོས་ཐོན་ལས་གསར་གཏོད་མཉམ་འབྲེལ་མ་ལག་གི་བྱ་ཐབས་ཐོག་ནས་ཁེ་ལས་ཀྱིས་སྣེ་ཁྲིད་བྱས་ཏེ་ལག་རྩལ་འགག་སྒྲོལ་བྱེད་པ་དང་། ཁྲེང་ཏུའུ་དང་ཁྲུང་ཆིང་ས་ཁུལ་གྱི་ཐོན་ལས་རིམ་སྤོར་དང་འགུལ་ནུས་མཐོར་གཏོང་ཐད་ཀྱི་གནད་དོན་ཐག་གཅོད་བྱ་རྒྱུའི་གྲ་སྒྲིག་བྱས་ཡོད་ཅེས་གསུངས་ཡོད།
   སྤྱི་པའི་ཞབས་ཞུ་གཞི་གཅིག་ཅན་དུ་འགྱུར་བ་དེ་ནི་ཁྲུང་ཆིང་དང་སི་ཁྲོན་གྱིས་གྲོང་ཁྱེར་གཉིས་ཀྱི་དཔལ་འབྱོར་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་ཁྱད་ཆོས་གཞན་ཞིག་ཏུ་གྱུར་ཡོད། ས་ཁུལ་གཉིས་པོའི་ཐེམ་ཐོ་སྤོ་འགྱུར་དེ་ཞིང་ཆེན་ནས་ཞིང་ཆེན་བརྒལ་བའི་གཅིག་འཐུས་རྣམ་པའི་བདག་གཉེར་མངོན་འགྱུར་བྱུང་བ་དང་།  རྒན་གསོའི་འགན་བཅོལ་དང་སྡོད་ཁང་སྤྱི་གསོག་མ་དངུལ་ས་ཁུལ་བརྒལ་ནས་སྤོ་འགྱུར་རྗེས་མཐུད་ཐུབ་པ། ས་ཁུལ་གཉིས་ཀྱི་འཚོ་བ་སྟབས་བདེའི་བྱ་སྤྱོད་འཆར་གཞིས་སི་ཁྲོན་དང་ཁྲུང་ཆིང་གི་ཡུལ་མི་མང་པོར་ཕན་པ་བསྐྲུན་ཡོད་པ་རེད།
   ཁྲུང་ཆིང་འགྲིམ་འགྲུལ་སྐྱེལ་འདྲེན་ཚོགས་པའི་འགྲུལ་སྐྱེལ་པུའི་པུའུ་ཀྲང་ཕན་ཏའོ་ཧུའེ་ཡིས། མིག་སྔར། སི་ཁྲོན་དང་ཁྲུང་ཆིང་ས་ཁུལ་གཉིས་སུ་ཞིང་ཆེན་བརྒལ་བའི་སྤྱི་སྤྱོད་རླངས་འཁོར་གྱི་ལམ་ཐིག་8ཤར་གཏོང་བྱས་པ་དེ་ཁྲུང་ཆིང་གི་ཁུལ་དང་རྫོང་13དང་སི་ཁྲོན་གྱི་ས་ཁུལ་རིམ་པའི་གྲོང་ཁྱེར་6ལ་ཁྱབ་ཡོད།  ཞིང་ཆེན་དབར་གྱི་སྤྱི་སྤྱོད་རླངས་འཁོར་ཤར་གཏོང་ཐུབ་རྗེས་ཁྲུང་ཆིང་དང་ཁྲེང་ཏུའུ་གང་དུ་ཡིན་རུང་རླངས་འཁོར་དེ་བསྡད་ཕྱིན་ཁཱ་གཅིག་གིས་ས་ཁུལ་དེ་གཉིས་ཀར་གང་འདོད་ལྟར་བསྐྱོད་ཆོག་ཅེས་གསུངས་ཡོད།
   ཁྲེང་ཏུའུ་དང་ཁྲུང་ཆིང་གི་གྲོང་ཁྱེར་གཉིས་ཀྱི་དཔལ་འབྱོར་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་གང་མགྱོགས་གཏོང་ཆེད།  ད་ལོ་ནས་བཟུང་། སི་ཁྲོན་དང་ཁྲུང་ཆིང་གཉིས་ཀྱིས་མཉམ་དུ་ནུས་ཤུགས་བཏོན་ནས་ཁྲེང་ཡུས་གཞུང་ཐིག་མྱུར་བགྲོད་ལྕགས་ལམ་དང་།  ཁྲོན་ཡུས་དུང་ཕྱུར་སྟོང་ཕྲག་ཅན་གྱི་རང་བྱུང་རླངས་རྟེན་གཞི་སོགས་ཚུད་པའི་རྣམ་གྲངས་གལ་ཆེན་67མཉམ་ལས་བྱས་ཏེ་འཛུགས་སྐྲུན་བྱས་པར་ཁྱོན་མ་འཇོག་སྒོར་དུང་ཕྱུར་15700བཏང་ཡོད།  ད་ལོའི་ལོ་འཁོར་ནང་མ་འཇོག་བྱེད་ཚད་སྒོར་དུང་ཕྱུར་1016ཟིན་རྒྱུ་ཡིན་པ་རེད།དཔལ་འབྱོར་ཁུལ་གྱི་ཕྱོགས་གལ་ཆེན་གཞན་ཞིག་ཡིན་པའི་ཁྲུང་ཆིང་ལ། ད་ལོའི་དུས་ཚིགས་དང་པོར་ས་ཁུལ་གྱི་ཐོན་སྐྱེད་སྤྱིའི་རིན་ཐང་སྒོར་དུང་ཕྱུར་5995.25མངོན་འགྱུར་བྱུང་བ་དང་། དེ་དུས་མཚུངས་ལས་བརྒྱ་ཆ་18དང་གྲངས་ཆུང་4འཕར་ཡོད།  ཁྲུང་ཆིང་གྲོང་ཁྱེར་འཕེལ་སྒྱུར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་མི་པེན་ཅ་ཡིས། འབྱུང་འགྱུར། ༼ཁྲེང་ཏུའུ་དང་ཁྲུང་ཆིང་ས་ཁུལ་གྱི་གྲོང་ཁྱེར་གཉིས་ཀྱི་དཔལ་འབྱོར་ཁུལ་འཛུགས་སྐྲུན་བྱེད་པའི་འཆར་འགོད་རྩ་གནད་༽ལག་བསྟར་དོན་འཁྱོལ་བྱ་རྒྱུར་གཞིགས་ནས་ས་ཁུལ་གཉིས་ཀྱི་མཐུན་སྦྱོར་རོགས་ལས་སྔར་བས་ཟབ་ཏུ་བཏང་ནས་གྲོང་ཁྱེར་དེ་གཉིས་ཀྱི་རྣམ་པ་གསར་པ་གཏོད་རྒྱུ་ཡིན། གོམ་སྟབས་རྗེས་མར། ང་ཚོས་དེང་རབས་རྨང་གཞིའི་སྒྲིག་བཀོད་མ་ལག་དང་དེང་རབས་ཐོན་ལས་མ་ལག་མཉམ་དུ་གཏོད་རྒྱུ་དང་མཉམ་དུ་ཚན་རྩལ་གསར་གཏོད་ལྟེ་གནས་གཏོད་རྒྱུ། སི་ཁྲོན་དང་ཁྲུང་ཆིང་གི་ཁྱད་ཆོས་ལྡན་པའི་རྒྱལ་སྤྱིའི་འཛད་སྤྱོད་དམིགས་ས་གཏོད་རྒྱུ། མཉམ་དུ་འབྲི་ཆུའི་སྟོད་རྒྱུད་ཀྱི་འབྱུང་ཁམས་སྲུང་ར་གཏོད་རྒྱུ། མཉམ་དུ་གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་གོང་འཕེལ་ཡོང་རྒྱུར་སྐུལ་འདེད་གཏོང་རྒྱུ། མཉམ་དུ་བསྒྱུར་བཅོས་སྒོ་དབྱེའི་མཐོ་ས་གསར་པ་གཏོད་རྒྱུ་བཅས་ཡིན་ཞེས་གསུངས་ཡོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1