༄༅།། ཡུལ་ལ་ལོག་པ།

དབྱངས་ཅན་ལྡིང་ཁང་། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། 05-08



ལྷ་ས། དབྱངས་ཅན་ལྡིང་ཁང་།



        འབྲོག་པའི་ནང་ནས་ཇ་ཚ་རྒྱག་བྱས་ཏེ་འཐུངས་ན། ག་ལེར་ཐུངས་དང་། ཁྱོད་རང་མདང་ཞག་ལ་ལུས་སོང་བ་རེད་དམ་ཞེས་འཕྱ་དམོད་བྱེད་པ་ཡིན།ཞག་ལ་ལུས་ཞེས་པ་ནི་མཚན་མོར་སྡོད་ས་མ་རེག་པར་རི་སོགས་ནས་ལུས་པའི་དོན་ཡིན།ཁྱེད་རང་ཞག་ལ་ལུས་མྱོང་ངམ།
        དམའ་འབྲིང་སྐབས་ལ་ང་ཚོས་ཁ་པར་ཉར་མི་ཆོག སློབ་གྲོགས་ཁ་ཤས་ལ་ཁ་པར་རེ་ཡོད་མོད། ཚེ་རིང་གིMotorolaཁ་ཕྱེ་ཅན་དེ་འཛིན་བདག་དགེ་རྒན་གྱིས་གཅུས་ཏེ་བཅག་པ་ནས་བཟུང་། ཁ་པར་ཉར་མཁན་རིམ་གྱིས་ཇེ་ཉུང་ལ་སོང་བ་རེད། ཁ་པར་མེད་པས་ནང་མི་ལ་འབྲེལ་བ་བྱེད་སྟབས་མི་འགྲིག གློ་བུར་གློ་བུར་ལ་ཁྱོད་ཀྱི་ཁྱིམ་བདག་སླེབས་འདུག་ཅེས་པ་མ་གཏོགས། ཕ་མ་གཉིས་ངེད་ལ་སྐོར་རྒྱག་ཏུ་ཡོང་བར་སྔ་ལྟས་ཅི་ཡང་མེད། མཚམས་མཚམས་ལ་རྨི་ལམ་སྐྱིད་མདོག་ཁ་པོ་རེ་རྨི་སྲིད་མོད། དེས་གཅིག་ཀྱང་ཐིག་མ་མྱོང་།
        ལོ་ངོ་ཉི་ཤུ་ལྷག་ཅིག་འཁོར་བའི་སློབ་སྟོན་དུས་ཆེན་ཚར་རྗེས། ང་ཚོར་གུང་སེང་རིང་པོ་ཞིག་བཏང་བྱུང་། སློབ་གྲོགས་ཚང་མས་ཅ་ལག་བསྡུ་གསོག་རྒྱག་གིན་འདུག ངའང་རྫོང་ནས་ཐོབ་པའི་རྩོམ་ཡིག་འགྲན་སྡུར་གྱི་བྱ་དགའ་དེ་ཕ་མར་སྟོན་རྒྱུར་བྲེལ་བ་འདྲ་ཞིག་ལང་གིན་ཡོད། གྲོགས་པོ་ངེད་གཉིས་ལ་རླངས་འཁོར་རྡལ་གླ་སྒོར་བཞི་བཅུ་ཞེ་སྟོད་ཅིག་ཡོད། སྒོར་རྣམས་གྲོགས་པོའི་ལག་ལ་ཡོད། བཀྲུ་དགོས་པའི་གྱོན་པ་དག་མི་རེར་རྩྭ་རས་གང་རེ་འཁུར་རྒྱུ་ཡོད། ལག་ཏུ་ལྟོ་ཕད་ཆུང་ངུ་རེའང་འཁྱེར་རྒྱུ་ཡོད།
        གྲོགས་པོ་བྱ་མདོ་ནས་ཡིན་པས། ཁོས་བྱ་མདོའི་རླངས་འཁོར་ཞིག་ལ་འབྲེལ་བ་བྱས་འདུག ང་ཚོ་རྫོང་ནས་བུད་དེ་རབ་རྒན་སྡེ་གསར་ལ་ཕེབས་འདྲོག་ཅིག་ན། རླངས་འཁོར་གློ་བུར་དུ་བསྡད་བྱུང་། མདུན་དུ་འགྲིམ་འགྲུལ་ཉེན་རྟོག་པ་འདུག་ཟེར། མི་བཞི་ཙམ་རླངས་འཁོར་གྱི་ཚད་གཞི་ལས་བརྒལ་འདུག་པས། ངེད་མི་བཞི་སར་བླངས་ཏེ་གཞུག་ན་རླངས་འཁོར་ཞིག་ཡོད་པ་དེར་སྡོད་ཟེར། གཞུག་གི་རླངས་འཁོར་དེ་ལའང་མི་བཞི་ཤོང་གི་མི་འདུག ང་རང་ཅུང་ཟད་གྱོང་མདོག་གིས་སྔོན་ནས་རླངས་འཁོར་ལ་འགོས་ཚར་ནའང་། བུ་མོ་ཞིག་གིས་མོ་རང་ལུས་རྒྱུ་རེད་ཅེས་ངུ་ཚུགས་ལྟ་བུ་ཞིག་བྱས་པས། ངས་སྡོད་ས་མོ་ལ་སྐོར་ལུགས་ཀྱིས་ཡང་བསྐྱར་ས་ལ་བབས་བཞག
        དེ་ནས་རླངས་འཁོར་བུད་ཐལ། གུས་པ་ལུས་སོང་།
        གཞུང་གི་འགྲུལ་འཁོར་ཡང་གཞུག་ན་ཡོད་པས། དྲག་བསམས་མོད། དེ་ལའང་མ་བསྐངས། དེ་ནས་གོང་བའི་རྒད་པོ་ཞིག་གི་འཕྲུལ་རྟའི་འཕོངས་ལ་འབྱར་ཏེ། ཕྱིར་རྫོང་ལ་ཕྱིན་པ་ཡིན། ཅུང་ཟད་ཅིག་འཚབ་ཀྱིན་ཡང་འདུག དེ་དུས་དམའ་གཅིག་ཡིན་པ་ཡོད། གཞུག་ནས་བཤད་ན་གྲོགས་པོས་མགོ་མང་ལ་སླེབས་ནས་མ་གཏོགས། ང་མེད་པ་ཤེས་མི་འདུག
        ད་ནི་ངའི་ཨམ་ཕྲག་ནང་གི་སྒོར་མོ་བརྒྱད་དེའི་ཁར། ད་དུང་ང་ལ་མ་མཐའ་ཡང་སྒོར་བརྒྱད་དགོས་འདུག སྒོར་བཅུ་དྲུག་བྱུང་ན། ཁོ་བོ་ཉིན་གཉིས་པའི་འགྲུལ་འཁོར་ལ་སྡོད་ཐུབ་པ་རེད། དེའི་ནང་དུ་ཟ་མ་ཟ་རྒྱུ་སོགས་ཀྱི་རིན་འདུས་མེད། སྒོར་ལྔ་ལོར་བཅུ་ལོར་རེ་མཚམས་མཚམས་ཁྲོམ་སོགས་ཉུལ་དུས་ཀྱང་རྙེད་རྒྱུ་ཡོད་པས། སྐོར་བ་འགའ་བརྒྱབ་མོད། དེ་རིང་ནི་ཁྲོམ་ན་སྔར་གྱི་གད་སྙིགས་དེ་ཚོ་མ་གཏོགས་མེད་པ་འདྲ།
        སྤོབས་པ་ཆེན་པོ་བསྐྱེད་དེ་འཛིན་བདག་དགེ་རྒན་ལ་སྒོར་མོ་བཅུ་ཐམ་པ་བསྐྱི་དགོས་བསམས་བྱུང་། སྐད་ཆ་དེ་འདྲ་ཞིག་བཤད་རྒྱུའང་ཁག་པོ་ཞེ་དྲག་རེད། ད་དུང་འཛིན་བདག་དགེ་རྒན་རྒྱ་མི་ཞིག་ཡིན། རྒྱ་སྐད་ཀྱིས་གོ་བརྡ་སྤྲོད་ཐུབ་མིན་ཡང་གནད་དོན་ཞིག་ཆགས་ཡོད།ངོ་ཚ་བ་ལ། ཅིག་གིས་སྡོམ་གྱིན་སྡོམ་གྱིན་ཡོང་། དགེ་རྒན་ལགས་ཀྱིས་ནི། ཁོང་ཁྱོ་ཤུག་གཉིས་རྒྱལ་སྟོན་ཉིན་མོར་ཆང་ས་རྒྱག་འཆར་ཡོད་པས། སྒོར་མོ་བསྐྱི་རྒྱུ་མེད་གསུངས་བྱུང་།
        ད་ཁྱོད་ལ་ཨི་ཆོག་གི།
        སྒོར་མོ་སྐྱིས་ཟེར་རྒྱུར་ངོ་ཚ་ཞིང་འདུག་པ་ལ། ད་ནི་སྐྱིས་ཞེས་མ་བསྐྱིས་ན་དེ་བས་ཀྱང་ངོ་སྐྱེངས་ནས་འབར་འགྲོ་བ་ཞིག་གདའ། ལགས་སོ་ཞུས་མ་ཐག ལམ་སེང་དགེ་རྒན་གྱི་མདུན་ནས་ཕྱིར་བཀྱེད་སྟེག་བཞིན་ཕར་ཞིག་ལ་ཕྱིན་པ་ཡིན།
        ད་དུང་ཉལ་ཁང་སྒོ་བརྒྱབ་མི་འདུག་པས། རང་གི་མལ་ཁྲིའི་ཐོག་ལ་བསྡད་དེ་བསམ་བློ་ཁ་ཤས་བཏང་། འཛིན་བདག་ལགས་ཀྱིས་ང་ལ་སྒོར་བཅུ་ཐམ་པ་མི་བསྐྱི་བ་ཅི་ཡིན་འགྲོ། ཁོང་གིས་ངས་ཁོང་ལ་སྐྱག་རྫུན་བཤད་ཀྱིན་འདུག་འདོད་པ་མིན་གྲང་། ཁོ་ལ་ཁག་མེད་ཀྱང་སྲིད། འཛིན་གྲྭའི་ནང་ན་སྐྱག་རྫུན་རྐྱང་རྐྱང་བཤད་མཁན་སྐོར་ཞིག་ཡོད། ང་འཛིན་གྲྭའི་ནང་གི་སྐྱག་རྫུན་བཤད་མཁན་དེ་ཚོར་ཚིག་པ་ཟོས། མ་གཞི་སྒོར་བཅུ་ཐམ་པ་མེད་པས་གཉེན་སྟོན་ཞིག་ཇེ་སྡུག་ལ་ཅི་ཙམ་འགྲོ་གི་ཡོད་འགྲོའང་བསམས། ཚུར་གཉེན་སྟོན་ལ་ཕེབས་པ་དག་གིས་ཀྱང་ཤོག་ཆག་མང་པོ་སྐྱེལ་བ་མ་ཡིན་ནམ། གང་ལྟར་དེ་ནི་དགེ་རྒན་ཁོང་གི་རང་དབང་ཡིན་པས། ངས་ལེ་བདའ་བྱེད་དགོས་དོན་མི་འདུག
        ལོ་མང་པོ་ཞིག་གི་རྗེས་སུ། ཁོ་བོའང་དགེ་རྒན་ཞིག་བྱེད་རྒྱུ་བྱུང་། གུང་གསེང་དག་ལ་སློབ་མ་ཚོར་ཕར་རེ་རེ་བྱས་ནས་སྒོར་མོ་བསྐྱི་དགོས་མིན་སྐད་ཆ་དྲིས་པ་ཡིན་ལ། ཁ་ཤས་ལ་འདང་མི་འདང་ཡོང་བར་དྲན་ནས་ཁ་སྣོན་རྒྱག་རྒྱུ་རེད།
        རེད། དེ་ནས། མཚན་མོ་དེར་སློབ་གྲྭའི་ཉལ་ཁང་ནང་ནས་ཉལ་བཞག་པ་ཡིན། ཞོགས་པར་ལྟོགས་ནས་གཉིད་སད་པ་འདྲ། ཆད་ཅིང་ཉོབ་པ་ཞིག་བྱུང་འདུག ནམ་རྒྱུན་ང་རང་དགའ་ཤོས་ཀྱི་དགེ་རྒན་ནི་རྒན་ཀུན་མཚོ་དང་། རྒན་ཨ་སྟག་སོགས་ཡིན་པས། དེ་རིང་ཁོང་གཉིས་ཀྱི་གཅིག་ལ་སྒོར་བཅུ་ཐམ་པ་བསྐྱི་དགོས་བསམས་བྱུང་། རྒན་ཨ་སྟག་ལགས་ནི་དུས་རྒྱུན་དུ་ངོ་གནག་ནས་འདུག་ཅིང་། ང་ལ་རྩོམ་འབྲི་སྟངས་ཀྱི་ཐབས་ཤེས་ཀྱང་མང་པོ་སློབ་མྱོང་ཡོད་པས། ཆེས་སྤྱིར་བཏང་གི་སྒོར་མོ་བསྐྱི་རྒྱུའི་དོན་དག་དེ་དག་ངེད་གཉིས་ཀྱི་བར་ལ་མི་འོས་པ་ཞིག་སྙམ། དེ་དྲན་ན་སེམས་ཤིག་ནས་སྐྲག་སྣང་དང་ངོ་ཚ་ཁྱད་མཚར་རེའང་སྐྱེས་ཡོང་། དགེ་རྒན་ཀུན་མཚོ་ལགས་དུས་རྒྱུན་ནས་ང་ལ་ཤ་ཚ་བ་ཞིག་ཡོད་ཅིང་། ངེད་གཉིས་བར་ལ་ཀུ་རེ་ཀྱལ་ཀའང་ཅུང་ཟད་འགྲོ་མྱོང་ཡོད་པས། དགོད་ཞོར་དུ་སྒོར་མོ་བཅུ་ཐམ་པ་སྐྱིས་ཞེས་བཤད་ན་མི་འགྲིག་པ་ཆེར་མེད་སྙམ་ཞིང་། དགེ་རྒན་མོས་ཉིན་ཞིག་གུས་པ་མོ་རང་གི་ནང་དུ་ཁྲིད་ནས་ཁ་ལག་ཀྱང་སྤྲོད་མྱོང་ཡོད་པས། མོས་སྒོར་མོ་བཅུ་ཐམ་པ་བརྒྱ་ཆའི་བརྒྱ་བསྐྱིའང་བསྐྱི་བ་རེད་བསམས།

        དགེ་རྒན་ཀུན་མཚོ་ལགས་ཀྱི་ནང་དེ་རྫོང་སྲིད་གཞུང་གི་རྒྱབ་ལོགས་ཤིག་ན་ཡོད་པས། སློབ་གྲྭའི་ནང་ནས་ཕར་སོང་ན། སྤྱི་ལེ་གསུམ་ཙམ་ཡོད། ངས་དེ་ལྟར་སེམས་ཐག་བཅད་རྗེས། དགེ་རྒན་གྱི་ནང་ལ་ཤར་རྒྱག་གིས་སོང་བ་ཡིན། 

དགེ་རྒན་ཚང་གི་རྒྱལ་སྒོ་མཐོང་བ་དང་བློ་བདེ་ནང་གི་བག་ཕེབས་ཤིག་དང་། ཡིད་ཆེས་མེད་པའི་དངངས་འཚབ་ཅིག་རྐྱ་འཐབ་ནས་སླེབས་བྱུང་། རྒྱལ་སྒོའི་ལྕགས་ཟྭ་ཟུར་ལ་བཀལ་འདུག་པས། དགེ་རྒན་ཏག་ཏག་ཁྱིམ་ན་བསྡད་ཡོད་པ་འདྲ། ཕལ་ཆེར་འཛིན་བདག་དགེ་རྒན་གྱིས་ང་ལ་སྒོར་མོ་མ་བསྐྱིས་པའི་གནོན་ཤུགས་དེས་ཡིན་ས་རེད། སྒོ་གླེགས་རྡུང་རྩིས་བྱེད་བཞིན་པའི་དབུགས་དེར། ཁོ་བོར་སྤོབས་པ་ཞིག་གིས་ཁྱོན་ནས་འདང་མ་སོང་།རང་ཉིད་ལ་སྙིང་ཕུར་རྡེབ་ལོངས་ཀྱང་མ་བྱིན་པར། ཕྱིར་བྲོས་ནས་ཡོང་བ་ཡིན།

        ད་ནི་ང་ལ་སྒོར་མོ་བསྐྱི་སའང་མེད་པར་གྱུར། སློབ་གྲྭར་སོང་བས་ཉལ་ཁང་སྒོའང་བརྒྱབ་ཚར་འདུག ཉིན་དེར་ཡང་དེ་ལྟར་ལུས་སོང་། དེའི་རྗེས་ཀྱི་དུས་ཚོད་བཅོ་ལྔའི་ནང་དུ། ང་རང་ཐབས་ཟད་འུ་ཐུག་ཏུ་ཆགས་ཡོད།

        དེ་དུས་ལོ་ཆུང་ཁར། ཐབས་ཤེས་ཀྱང་འཐེན་མི་ཤེས། ད་ལྟ་འདྲ་ཞིག་ཡིན་ན། ངས་སློབ་གཙོ་ལ་རྒྱུ་མཚན་བཤད་ཀྱང་ཆོག་པ་འདྲ།དེས་མ་ཡོང་ན། སློབ་གསོ་ཅུས་ལ་སོང་ནས་གནས་ཚུལ་བཤད་ན་ཡང་འགྲིག་ཐག་ཆོད་རེད། ཐབས་ཟད་ན། རྐུས་ཤིག་བྱས་ན་ཡང་ཅི་འདྲ།

        ཉི་མ་ཁད་ཀྱིས་ནུབ་ཕྱོགས་སུ་ཇེ་དམའ་ནས་ཇེ་དམར་སོང་སྟེ། རིམ་གྱིས་ས་སྲོད་ལ་སླེབས། ཐང་ཆེན་དུ་བྱིས་པ་རྣམས་ཅི་དགར་རྩེད་མོ་རྩེད་ཀྱིན་འདུག ཅུང་ཙམ་ནས་ཐང་ཆེན་གྱི་གློག་ཀྱང་བཀར་བྱུང་། མང་ཤས་ཀྱིས་ཟ་མ་ཟོས་ཚར་ནས་ལུས་སྦྱོང་བྱེད་ཀྱིན་གདའ། ང་ལ་ལྟོགས་སྣང་ཆེན་པོ་ཅང་མེད་ནའང་། ཆད་སྣང་ཡ་མཚན་ཞིག་ཡོང་གིན་འདུག འདར་སུག་ཀྱང་བྱེད། མགོ་བོའང་འདེགས་མི་ནུས་པ་ཞིག་བྱུང་བས། ངེས་པར་ཅིག་ཟ་དགོས་པ་དྲན། སེར་སྣ་ཆེན་པོ་སྐྱེ་ཞོར་སྒོར་གཅིག་སྤྲད་ནས་བག་ལེབ་ཆུང་ཆུང་གཉིས་ཉོས་པ་ཡིན། ཕ་ཡུལ་ནས་བག་ལེབ་དེའི་རིགས་ལ་རྒྱ་སྤྲང་གོ་རེ་ཟེར་སྲོལ་ཡོད་པས། སྐབས་དེར་ངས་བག་ལེབ་དེ་ང་ལ་ཧ་ཅང་འཚམ་པོ་འདུག་བསམས་བྱུང་། གཅིག་དེ་ཟོས་རྗེས། གཅིག་དེ་ཨམ་ཕྲག་ལ་ཉར། ད་ནི་ངས་ཀྱང་ཟ་མ་ཟོས་ཡོད་སྣང་གིས། མི་ཚོས་ཅི་བྱེད་པ་དེ་ཙམ་ཞིག་རང་གིས་ཀྱང་ཡོང་ཐབས་བྱས། སྐོར་གཞས་འཁྲབ་མཁན་ཡང་ཇེ་མང་རེད། ངས་ཀྱང་གང་ནུས་ཤིག་འཁྲབ་པ་ཡིན་མོད།དཀའ་ལས་ཁག་པ་ལ།

        ས་རུབ་ནས་རྒྱང་མིག་ཆད་སོང་། ཐོག་ཁང་གི་གློག་རྣམས་ཀྱང་ཇེ་གསལ་ནས་ཇེ་གསལ་རེད། ཐོག་ཁང་ནང་ན་མི་རྣམས་འགྲོ་སྡོད་བྱེད་པའང་གསལ་པོར་མཐོང་ཐུབ། ཁ་ཤས་ཀྱིས་དྲ་ཡོལ་འཐེན་གྱིན་འདུག ཐོག་ཁང་གི་ཁང་པ་རེ་རེ་ན་དྲོད་ཁོལ་འཇམ་པོ་རེ་ཡོད་པ་འདྲ། ཁྲ་ཆིལ་དགུ་ཆིལ་དུ་ཤར་བའི་གློག་འོད་དེ་ཅི་འདྲའི་མཛེས་པ་ལ།

        ད་ནི་མི་ཚང་མ་རང་རང་གི་ནང་ལ་ལོག་བཞིན་གདའ། ནང་ལ་ལོག་རྒྱུ་དེ་ཅི་འདྲའི་དོན་དག་སྐྱིད་པོ་ཞིག་རེད་ཨང་།

        ང་ལ་མོས་མཐུན་གང་ཡང་མེད་ནའང་། སྟོན་རླུང་གྲང་མོ་ཞིག་གིས་ངའི་འགྲམ་པ་དག་ལ་འོ་བྱེད་ཀྱིན་འདུག གྲང་བ་ལ། ད་ནི་ངས་སེམས་ལ་སྔོན་ཆད་གླིང་ག་བཏང་མྱོང་སའི་མང་ཆུ་ཁའི་སྡོང་གསེང་དེ་དྲན་འོང་། ང་ལ་གནས་ཚང་གཡར་མཁན་ནི་རང་བྱུང་ཁམས་ལས་མེད་པ་འདྲ། ང་ལ་བསེར་བུ་འགོག་མཁན་ནི་ལྗོན་ཤིང་དག་ལས་མེད་པ་འདྲ། སྡོང་པོ་དང་སྡོང་པོ་ཁ་འཕྲོད་པའི་བར་གསེང་ན། མིག་ཟུང་དང་འདྲ་བའི་འོད་གོར་སྣ་ཚོགས་མཐོང་རྒྱུ་འདུག ལྕང་མ་རྣམས་ནག་ཡོར་རེ་མི་རྒན་དང་འདྲ་བ་ཡོད། བྱེའུ་དག་གློ་བུར་དུ་འཕུར་བ་ན། ཁོག་ཅིག་ནས་ཅིག་ཆད་འགྲོ་བ་ཡོད། རླུང་བུའི་རྒྱག་ཕྱོགས་དང་བསྟུན་ནས་ཤུ་སྒྲ་སྣ་ཚོགས་གོ་རྒྱུ་གདའ། དེ་དུས་སློབ་གྲྭའི་ནང་ནའང་གདོན་འདྲེའི་སྒྲུང་ཤིན་ཏུ་ཁ་དར་སྒང་ཞིག་ཡིན་པས། ངའི་ཕྱོགས་བཞི་མཚམས་བརྒྱད་ན་མང་པོ་ཞིག་གིས་ང་ལ་བལྟས་འདུག་ཅིང་སྙམ། ཡང་མང་སྐེ་ནས་སྤྱང་ཀི་ཡོང་བར་དོགས་ནས། སྡོང་པོ་ཞིག་ལ་རྨི་གཅིག་ཙམ་ཡར་འཛེགས་ཏེ་ཡལ་གའི་གེལ་བར་ཉལ། སློབ་གྲྭའི་ནང་གི་མལ་ཁྲི་ཐོག་མའི་སྟེང་ནས་ལྷུང་བའང་མཐོ་ཚད་འདི་ཙམ་ཡིན་པས། གལ་སྲིད་ཟགས་པར་གྱུར་ཀྱང་སྐྱོན་ཆེར་མེད་སྙམ། སྤྱང་ཀི་དངོས་སུ་སླེབས་ན་ནི་རྨི་གཅིག་ལ་ཐོགས་པ་ཅི་ཡོད་ཀྱང་། བློ་བཟོད་ཅུང་ཟད་བདེ་བའི་ཁྱད་རེད།

        རྨི་ལམ་དང་མངོན་སུམ་གང་ཡིན་ཆ་མི་འཚལ་བའི་ཚ་འཕྲུལ་ལྟ་བུ་ཞིག་གིས་སྡོང་གསེང་གི་མཚན་ལམ་རིང་མོ་དེ་བསྐྱལ་རྗེས། གཞི་ནས་ནམ་ལངས་བྱུང་། བྱ་བྱེའུ་རྣམས་ཀྱུར་ཀྱུར་དུ་འཕུར་ལྡིང་བྱེད། ཉི་འོད་འཇམ་པོ་རེ་སྡོང་སྲུབས་བརྒྱུད་ནས་ས་གཞིར་ཕོག ང་རང་མཚན་ལ་སྐྲག་ཅིང་འཇིགས་པའི་སྡོང་པོ་རྣམས་ཀྱི་བཟོ་ལྟའང་དེ་རིང་སྙིང་ཉེ། ངས་བག་ལེབ་ཅིག་ཤོས་དེ་མང་ཆུ་ཧུབ་ཀྱིས་འཐུང་ཞོར་དུ་ཟོས། ཡིན་ནའང་ད་དུང་ཆད་སྣང་ཅུང་ཟད་འདུག

        འཆར་གཞི་གཅིག་ཀྱང་མེད་ནའང་། འཆར་གཞི་ཡོད་པ་ནང་བཞིན་སྤར་བའི་དཀྱིལ་དུ་སྒོར་རྡོག་དྲུག་པོ་བཅངས་ནས་རླངས་འཁོར་འབབ་ཚུགས་ལ་ཕྱིན་པ་ཡིན། ངས་ཕལ་ཆེར་རླངས་འཁོར་ཁ་ལོ་བ་ལ་གནས་ཚུལ་ཞིག་ཞུ་རྩིས་ཡིན་མོད། ད་དུང་སྒོ་ཕྱེས་མི་འདུག རྒད་པོ་ཧ་ལམ་ལོ་ལྔ་བཅུ་ཅན་ཞིག་གིས་ཀྱང་འབབ་ཚུགས་ཀྱི་སྒོ་འབྱེད་པར་བསྒུགས་འདུག ཁོས་ང་ལ་གང་དུ་འགྲོ་རྒྱུ་ཟེར། ངས་མགོ་མང་ལ་འགྲོ་རྒྱུ་བཤད་པ་ཡིན། ཡང་ཨོ་རེད། སློབ་མ་ཡིན་ནམ་ཟེར། ང་གློ་བུར་དུ་མི་ཆ་མེད་འདི་ལ་སྐད་ཆ་ཡོང་སྟངས་ཤིག་འགྲིག་གིན་ཡོད་པ་འདྲ། ངས་སློབ་མ་ཡིན་ཚུལ་བཤད་ཞོར། གུས་པར་ཐོབ་པའི་རྫོང་ཡོངས་ཀྱི་དམའ་གཅིག་རིམ་པའི་རྩོམ་ཡིག་འགྲན་སྡུར་གྱི་བྱ་དགའ་དེ་ཁོ་ལ་བསྟན། ཨ་ལ་ལ། ཨང་དང་པོ་རེད་ལ། ཁོས་རྒྱ་ཡིག་ཀྱང་ཤེས་ཀྱིན་ཡོད་པ་འདྲ། ད་ཁྱོད་ཡུལ་ལ་ལོག་ན། ཕ་མ་གཤིས་ཀྱིས་དགའ་རྒྱུ་རེད་ཡ་ཟེར། ངར་གི། ཁྱོད་ཀྱིས་ངའི་ཅ་ལག་འདི་གཅིག་སྲུངས་དང་། ང་སྒོར་གཅིག་འབུད་ལ་ཡོང་ཟེར། ངས་ཡ་ཡ་ཞུས་པ་ཡིན། མི་དེ་ཚུར་སླེབས་མ་ཐག ངས་འཛིན་བདག་གིས་ང་ལ་སྒོར་བཅུ་ཐམ་པ་མ་བསྐྱིས་པ་དང་། ང་རང་རྒན་ཀུན་མཚོའི་སར་སྒོར་བསྐྱི་རུ་འགྲོ་མ་ཐུབ་པ་སོགས་ལ་བསམ་བློ་གཅིག་ཀྱང་མ་བཏང་བར། ཨ་ཁུ། ཁྱེད་ཀྱིས་ང་ལ་སྒོར་བཅུ་བསྐྱིས་ན་ཨེ་ཆོག ང་ལ་རླངས་འཁོར་དུ་སྡོད་སྤྱད་སྒོར་བཅུས་འདང་གི་མི་འདུག་ཅེས་པས། མགོ་མང་ལ་སླེབས་ན་ཁྱེད་ལ་སྐྱིན་པ་སྤྲོད་རྒྱུ་ཡིན་ཞེས་པའི་སྐད་ཆ་དེ་བཤད་མ་ཚར་གོང་ནས།ཁོས་ཡ་ཡ། དེ་ཆོག་ནི་རེད་ཟེར།

        མི་དེས་སྟོད་ཐུང་སྐྱ་སྐྱ་ཞིག་གོན་ཡོད། སྐྲ་རིང་པོ་མེད། གདོང་ཅུང་ཟད་དཀར། ལག་ཏུ་ཆུ་དྲངས་སའི་སྦུ་གུ་གོར་གོར་དུ་མར་དཀྲིས་པ་ཞིག་ཁྱེར་ཡོད། མི་དེ་ཕ་ཡུལ་འབའ་རྫོང་ནས་ཡིན། མི་དེ་དོན་དག་ཅིག་གི་ཆེད་དུ་མང་རྫོང་ནས་མགོ་མང་ལ་འགྲོ་བཞིན་ཡོད། ངས་མི་དེའི་མིང་འདྲི་རྒྱུ་བརྗེད་སོང་ནའང་། དུས་ད་ལྟ་ལ་ཐུག་གི་བར་དུ་ངས་མི་དེ་བརྗེད་མ་མྱོང་། འདི་ནས་ཕར་ལ་བརྩིས་པའི་ལོ་ངོ་ག་ཚོད་ཕྱིན་ནའང་བརྗེད་མི་འགྱུར།

        རླངས་འཁོར་ལ་བསྡད་རྗེས། མི་དེས་ང་རང་ཁོའི་འཁྲིས་ལ་ཤོག་ཟེར། ངས་ཅི་ཡིན་ཧ་མ་གོ་མོད། ཁོས་རླངས་འཁོར་ཁ་ལོ་བར་ཁོ་ང་དང་མཉམ་དུ་ཡིན་ཞེས་པས། ངས་རླངས་འཁོར་རྡལ་གླ་སྤྲོད་མ་དགོས་པ་ཞིག་ཤར། ང་ལ་སེམས་འགུལ་ཆེན་པོ་ཞིག་ཐེབས་བྱུང་། ངས་ཁོས་ང་ལ་བསྐྱིས་པའི་སྒོར་མོ་བཅུ་ལོར་དེ་ཕྱིར་ཁོ་ལ་སྤྲད་པ་ཡིན། ཁོས་སྒོར་མོ་བླངས་ནས་ཕྱིར་ངའི་ཨམ་ཕྲག་ཏུ་བཅུག་སོང་། ཁོས་ང་ལ་གཞུག་ཕྱོགས་མུ་མཐུད་དུ་སློབ་སྦྱོང་ལ་འབད་པ་བྱོས་ཟེར། ཁོའི་སྐད་ཆ་དེ་དགེ་རྒན་བརྒྱ་ཡིས་བཤད་པ་ལས་ཀྱང་རིན་ཐང་ཆེ་བ་འདྲ་ཞིག་ཐོས། ……

        མགོ་མང་ལ་མ་སླེབས་བར་དུ། ངེད་གཉིས་ཀྱིས་སྐད་ཆ་ཅི་ཡང་མ་བཤད་པ་འདྲ། མི་དེའི་དཔུང་བ་ལ་མགོ་བོ་ཁེན་ནས་ང་རང་གཉིད་བདེ་མོ་ཞིག་ཁུགས་བྱུང་། རྨི་ལམ་ཞིག་ཀྱང་རྨིས་བྱུང་། ཁོ་བོ་རྟ་རྒན་རྐྱང་ལྡང་ལ་བཞོན་ནས་རྒྱུག་བཞིན་འདུག བརྒྱུགས་ནས་ཕ་ཡུལ་གྱི་སྒང་གད་པ་ཅན་གྱི་ངོར་གཅིག་འགོས་ཏེ། ཡང་ཕ་ཡུལ་གྱི་སྒང་དར་ལྕོག་ཅན་གྱི་ཕྱོགས་དེར་བརྒྱུགས་ནས་འགྲོ་བཞིན་གདའ། །


གསལ་བཤད།

འདྲ་པར་འདོན་སྤྲོད་མཁན་རྩོམ་པ་པོ་ཡིན།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1