པྲོག་དབྱིབས་ནད་དུག་གསར་པ་གང་སར་མཆེད་པ་དང་བསྟུན་ནས། མི་རྣམས་ལ་རང་ཉིད་ཀྱི་ལག་པར་ལ་གཙང་སྦྲ་བྱེད་པའི་འདུ་ཤེས་དྲག་པོ་ཆགས་ཏེ། ཀུན་གྱིས་དེ་ལ་དོ་སྣང་དང་མཐོང་ཆེན་བྱེད་ཀྱིན་ཡོད། ཡིན་ནའང་ང་ཚོའི་བྱ་བ་དང་འཚོ་བའི་ཁྲོད་དུ་ད་རུང་ལག་པ་བཞིན་གཙང་སྦྲར་དོ་སྣང་བྱེད་དགོས་པའི་དངོས་པོ་གལ་ཆེན་ཞིག་ཡོད་དེ། དེ་ནི་ང་ཚོ་དང་ནམ་ཡང་འབྲལ་ཐབས་མེད་པའི་ལག་ཁྱེར་ཁ་པར་ཡིན་ནོ།།
ལག་ཁྱེར་ཁ་པར་སྟེང་གི་འབུ་ཕྲ།
མིའི་ལུས་ཕུང་གི་གྲུབ་ཆ་ལས་ཆེས་བཙོག་པ་ནི་ལག་པ་ཡིན་པ་ཀུན་གྱིས་ཤེས་མོད། འོན་ཀྱང་རྒྱུན་དུ་ང་ཚོ་དང་འབྲལ་ཐབས་མེད་པའི་ལག་ཁྱེར་ཁ་པར་གྱི་གཙང་སྦྲའི་གནས་ཚུལ་ནི་དེ་བས་ཀྱང་དོ་སྣང་བྱེད་དགོས་པ་ཞིག་ཡིན་པ་ཤེས་ཀྱིན་མེད། སྨན་ཁང་ཞིག་གི་བརྟག་དཔྱད་མཇུག་འབྲས་ལས་མངོན་པ་ལྟར་ན། སྨན་བཅོས་མི་སྣ108ཙམ་གྱི་ལག་ཁྱེར་ཁ་པར་གྱི་ཕྱི་ངོས་སུ་ལི་སྨི་གྲུ་བཞི་མ་རེར་འབུ་ཕྲ་འབུམ་གཅིག་དང་ཁྲི་གཉིས་ཙམ་གསོག་ཡོད་ལ། དེའི་ནང་དུ་ནད་བསྐྱེད་འབུ་ཕྲ39ཙམ་ཡོད།
ཉིན་གཅིག་གི་དུས་ཡུན་ནང་ལག་ཁྱེར་ཁ་པར་གྱི་སྟེང་དུ་འབུ་སྲིན་མང་པོ་འབྱུང་ངེས་པས། ཉིན་རེ་རེའི་བྲེལ་ཟིང་གི་ལས་ཀ་མཇུག་རྫོགས་རྗེས། དེ་མ་ཐག་ཏུ་ཁ་པར་ལ་དུག་སེལ་བྱེད་པའི་གོམས་གཤིས་ཆགས་སུ་འཇུག་དགོས།
ཚང་མར་དྲན་སྐུལ་བྱེད་དགོས་པ་ཞིག་ནི་ལག་ཁྱེར་ཁ་པར་ལ་དུག་སེལ་བྱེད་པའི་དུས་མཚུངས་སུ་ལག་པ་གཙང་མར་བཀྲུ་རྒྱུ་དེའང་བརྗེད་མི་རུང་།
བཟི་སྨན་ཚན་ཁག་གི་སྨན་པས་ཞིབ་འཇུག་ཅིག་ལས་ཤེས་རྟོགས་བྱུང་བ་ལྟར་ན། དུག་སེལ་བྱས་རྗེས་ཀྱི་ལག་པས་སྐར་མ་གཅིག་ལ་ཁ་པར་བཏང་རྗེས། ལག་པའི་རྒྱ་ཁྱོན་གྱི10%ལ་ནད་འབུས་སྦགས་བཙོག་བཟོས་ཡོད་པ་དང་། དེ་ལས་གཞན་སོ་ནད་ཚན་ཁག་གིས་ཀྱང་ལས་བཟོ་པའི་ཁྲོད་དུ་ཚོད་ལྟ་བྱས་པ་ལྟར་ན། ཐོག་མར་ལག་ཁྱེར་ཁ་པར་ལ་དུག་སེལ་གཙང་མ་བྱས་པ་དང་། དེ་ནས་དུས་ཡུན་ཐུང་ངུའི་ཁ་པར་སྟབས་བདེ་ཞིག་བཏང་རྗེས། 50%ཡི་ཁ་པར་ལ་སྦགས་བཙོག་ཐེབས་ཡོད་པ་རེད། དེ་ལས53%ནི་ཀི་རམ་གདགས་གཤིས་སྲིན་དང་། 2%ནི་ཀི་རམ་སྲིབ་གཤིས་སྲིན། 3%ནི་སྨར་སྲིན་བཅས་རེད།
དེ་ཡང་གསལ་པོར་བཤད་ན། གཙང་མར་བཀྲུས་པའི་ལག་པས་ལག་ཁྱེར་ཁ་པར་ལ་རེག་ཚེ་ལག་པའི་སྟེང་དུ་འབུ་ཕྲས་ཁེངས་སྲིད་པ་དང་། ལག་པ་མ་བཀྲུས་པར་གཙང་སེལ་བྱས་ཟིན་པའི་ལག་ཁྱེར་ཁ་པར་ལ་རེག་ཚེ་སྔར་བཞིན་སྦགས་བཙོག་ཐེབས་སྲིད་པས། ལག་ཁྱེར་ཁ་པར་ལ་དུག་སེལ་བྱེད་པའི་དུས་མཚུངས་སུ་ལག་པ་གཙང་མར་བཀྲུ་རྒྱུ་དེ་ནི་ཧ་ཅང་མཐོང་ཆེན་བྱེད་འོས་པའི་དུས་རྒྱུན་འཚོ་བའི་ཁྲོད་ཀྱི་གནད་དོན་གལ་ཆེན་ཞིག་རེད།
ཁ་པར་ལ་དུག་སེལ་ཇི་ལྟར་བྱེད་དགོས་སམ་ཞེ་ན། ལག་པ་དུག་སེལ་བྱེད་སྤྱད་ཀྱི་གཤེར་ཁུ་དང་སྤྱིར་བཏང་གི་ལག་ཕྱིས་རློན་པ།75%ཅན་གྱི་ཕྲུན་ཁ་པ་བཅས་ཀྱིས་གཙང་མར་ཕྱིས་ཆོག
ལག་པ་དུག་སེལ་བྱེད་སྤྱད་ཀྱི་གཤེར་ཁུ་ཡི་གྲུབ་ཆ་གཙོ་བོ་ནི་རྒུན་ཧྭགས་སྐྱུར་ཁྲུས་པའེ་ཐའེ(葡萄糖酸洗必泰)དང་ཕྲུན་ཁ་པ་ཡིན་ལ། དེའི་ནང་རྒུན་ཧྭགས་སྐྱུར་ཁྲུས་པའེ་ཐའེ་ཡི་འདུས་ཚད་ནི0.9%-1.1%དང་། ཕྲུན་ཁ་པའི་འདུས་ཚད་ནི54.9%ནས་66.9%ལ་སླེབས་ཡོད་ཅིང་།དེ་ལ་རྒྱུ་ལམ་ནད་སྐྱེད་སྲིན་དང་། རྣག་འགྱུར་རང་བཞིན་གྱི་ཟླུམ་སྲིན། ནད་སློང་རང་བཞིན་གྱི་ཕབས་སྲིན་སོགས་གསོད་པའི་ནུས་པ་ལྡན།
སྤྱིར་བཏང་གི་གནས་ཚུལ་འོག ཤོག་ཕྱིས་རློན་པ་བཀོལ་ནས་ལག་པར་དུག་སེལ་བྱེད་ཆོག་ལ། དུས་མཚུངས་སུ་དུག་སེལ་རས་རློན་བཀོལ་ནའང་ཆོག ཚང་མས་ཡོངས་ཁྱབ་ཏུ་བཀོལ་སྤྱོད་བྱེད་ཀྱིན་པ་ནི་ང་ཚོའི་ལག་ཏུ་ཐོབ་སླ་བའི75%ཅན་གྱི་ཆང་བཅུད་ཡིན། དེར་པྲོག་དབྱིབས་ནད་དུག་གསར་པ་འཇོམས་པའི་ནུས་པ་ལྡན་པས། བཀོལ་སྤྱོད་བྱེད་པར་ཧ་ཅང་འཚམ།གལ་ཏེ་ཁྱིམ་དུ་གོང་གི་དུག་སེལ་དངོས་པོ་དག་མེད་ན། རླུང་སྣུམ(风油精)གྱིས་ཚབ་བྱས་ཀྱང་ཆོག
དུག་སེལ་གཙང་འཁྲུ་བྱེད་སྟངས།
མི་ལ་ལས་ཉིན་རེར་ཁ་པར་ལ་གཙང་སྦྲ་ཡག་པོ་བྱེད་ཀྱིན་ཡོད་ནའང་། ཁ་པར་ལ་དུག་སེལ་བྱེད་མཁན་ཧ་ཅང་ཉུང་། མཚམས་ལན་རེར་དུག་སེལ་བྱེད་རྒྱུ་སེམས་ལ་དྲན་ནའང་དུག་སེལ་ཐེངས་གཅིག་བྱེད་པ་ལས་དུས་རྒྱུན་དུ་དུག་སེལ་བྱེད་པའི་གོམས་གཤིས་ཤིག་ཆགས་མེད།
འོན་ཀྱང་ཚང་མས་ཤེས་རྒྱུ་ཞིག་ལ། དུག་སེལ་ཐེངས་གཅིག་བྱས་ན་གནད་དོན་རྩ་བ་ནས་ཐག་གཅོད་བྱེད་མི་ཐུབ་པ་དང་། མཚམས་རེར་དུག་སེལ་ཐེངས་གཅིག་བྱས་པ་ལ་དོན་སྙིང་ཆེན་པོ་མེད་པས། ལག་ཁྱེར་ཁ་པར་གྱི་ཕྱི་ངོས་སུ་རིམ་གྱིས་ནད་འབུ་མང་པོ་གསོག་འཇོག་བྱེད་ཀྱིན་ཡོད། དེར་བརྟེན་དུས་ལྟར་ལག་ཁྱེར་ཁ་པར་ལ་དུག་སེལ་དང་གཙང་འཁྲུ་བྱེད་རྒྱུ་ནི་ཧ་ཅང་གལ་ཆེན་ཞིག་རེད།
དེས་ན་དུག་སེལ་དང་གཙང་འཁྲུ་ཇི་ལྟར་བྱེད་དགོས་ཤེ་ན། ལག་ཁྱེར་ཁ་པར་ལ་གཙང་སྦྲ་བྱས་ཏེ་དུག་སེལ་མ་བྱས་པའི་སྔོན་ལ་ཐོག་མར་ལག་པ་གཙང་མར་བཀྲུ་བ་དང་། སྲིན་མེད་བཀོལ་སྤྱོད་ཀྱི་བླང་བྱ་ལྟར་ཁ་པར་གྱི་ཕྱི་ཤུན་བླངས་རྗེས། རེ་རེ་བཞིན་གཙང་སྦྲ་བྱེད་པ་དང་། གཙང་སྦྲ་བྱས་ཚར་རྗེས་སླར་ཡང་ལག་པ་གཙང་མར་བཀྲུ་དགོས།
ལག་ཁྱེར་ཁ་པར་ལ་གཙང་སྦྲ་དང་དུག་སེལ་བྱས་རྗེས་དུས་ཐོག་ཏུ་ཕྱིས་ནས་སྐམ་པོ་ཡོང་བར་བྱེད་དགོས། དེ་མིན་ན་དུག་སེལ་གཤེར་ཁུའམ་ཆང་བཅུད་དེ་ཁ་པར་གྱི་ལྷུ་ལག་ནང་བཞུར་ནས་ཁ་པར་གྱི་ནུས་པར་ཤུགས་རྐྱེན་ཐེབས་སྲིད།
མི་ལ་ལས་སྟབས་མ་ལེགས་པར་དུག་སེལ་གཤེར་ཁུའམ་ཆང་བཅུད་ལག་ཁྱེར་ཁ་པར་གྱི་ནང་དུ་ཐིམ་དུ་བཅུག་རྗེས། ལག་ཁྱེར་ཁ་པར་ཉི་འོད་འོག་ཏུ་བཞག་ནས་སྐེམ་པར་བྱེད་པ་དེ་ནི་ནོར་འཁྲུལ་གྱི་བྱ་སྤྱོད་ཅིག་རེད།
ལག་ཁྱེར་ཁ་པར་བཀོལ་སྤྱོད་བྱེད་སྐབས་མ་གཞི་ནས་དྲོད་ཚད་ངེས་ཅན་ཞིག་ལ་ཐོན་ཡོད་པས། ཉི་མར་ལྡེ་ཚེ་དྲོད་ཚད་མཐོ་དྲགས་ནས་ཁ་པར་གྱི་སྤྱོད་ཡུན་ལ་གནོད་པ་ཐེབས་སྲིད།
དེར་མ་ཟད། མི་ལ་ལ་ཞིག་གིས་ད་དུང་ཁ་པར་ལ་སྦགས་བཙོག་མི་ཡོང་བའི་ཆེད་དུ་ཐེངས་གཅིག་རང་བཞིན་གྱི་རྡུལ་འགོག་ཁུག་མ་བཀོལ་བཞིན་ཡོད། དེ་ནི་སྟབས་བདེ་ལ་ནུས་པའང་ཡོད་པའི་བྱེད་ཐབས་ཤིག་ཡིན་མོད། འོན་ཀྱང་དེ་ལྟར་ནའང་ལག་ཁྱེར་ཁ་པར་ལ་སྔར་བཞིན་དུས་ཐོག་ཏུ་དུག་སེལ་བྱེད་རྒྱུ་ནི་ཧ་ཅང་གལ་ཆེན་ཡིན། །
དངོས་སྦྱོང་སློབ་མ་བུན་ཁྲང་འཚོ་ཡིས་བསྒྱུར།