ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ཙུང་ཐུང་གི་གསར་འགྱུར་དྲུང་ཡིག་ཆེན་མོ་ཕའེ་སི་ཁི་ཧྥུའུ་ཡིས་ཚེས13ཉིན་གསར་འགྱུར་ལས་རིགས་ལ་བསྟན་དོན། ཨུ་རུ་སི་ཡིས་ཝུའུ་ཁི་ལན་ཤར་ཕྱོགས་ཀྱི་ཏོན་པཱ་སི་ས་ཁུལ་དབང་འོག་ཏུ་བསྡུ་རྩིས་མེད་ཟེར།
ཕའེ་སི་ཁི་ཧྥུའུ་ཡིས་དེའི་སྔོན་ཐེངས་མང་བོར་གསར་འགྱུར་ལས་རིགས་ལ་བསྟན་དོན། ཏོན་པཱ་སི་ས་ཁུལ་དབང་འོག་ཏུ་བསྡུ་བའི་འཆར་གཞི་དེ་ཁི་ལི་མུའུ་ལིན་ཕོ་བྲང་གི་བྱ་བའི་ཉིན་རིམ་ཁྲོད་མེད་ལ། ཨུ་རུ་སི་ཡིས་ཏོན་པཱ་སི་ས་ཁུལ་གྱི་ཨུ་རུ་སིའི་སྐད་བཀོལ་བའི་མི་ཚོགས་ཀྱི་ཁེ་ཕན་ལ་སྲུང་སྐྱོབ་བྱེད་པའི་ཐད་ནས་ནམ་ཡང་འགྱུར་བ་མེད་པའི་ལངས་ཕྱོགས་བཟུང་ཡོད་ཟེར།
ཉེ་སྔོན་ཡོ་རོབ་གླིང་མནའ་འབྲེལ་གྱི་ཡིག་ཆ་ཞིག་ལས་བསྒྲགས་པ་ལྟར་ན། ཨུ་རུ་སི་ཡིས་ཏོན་པཱ་སི་ས་ཁུལ་གྱི་སྡོད་དམངས་ལ་ལམ་ཡིག་སྟེར་བ་དང་ས་ཁུལ་དེར་འདེམ་བསྐོའི་བྱ་འགུལ་རྩ་འཛུགས་བྱེད་པ་སོགས་ངོ་བོའི་སྟེང་ནས་ཏོན་པཱ་སི་ས་ཁུལ་དབང་འོག་ཏུ་བཅུག་པ་མཚོན་ཡོད་ཟེར། དེ་བས་ཕའེ་སི་ཁི་ཧྥུའུ་ཡིས་དོན་དེར་དམིགས་ནས་གོང་གི་སྐད་ཆ་དེ་བཤད་པ་རེད།
ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཉིས་སྟོང་བཅུ་དགུ་ལོའི་ཟླ་བཞི་བའི་ཚེས་ཉེར་བཞི་ཉིན་བཀའ་རྒྱ་བཀོད་དེ། ཝུའུ་ཁི་ལན་ཤར་ཕྱོགས་ས་ཁུལ་གྱི་རྒྱུན་སྡོད་སྡོད་དམངས་ཀྱིས་ཨུ་རུ་སིའི་ཁོངས་མིར་རེ་ཞུ་བྱེད་པའི་ལས་རིམ་སྟབས་བདེ་རུ་བཏང་། ཝུའུ་ཁི་ལན་སྲིད་གཞུང་གིས་ཨུ་རུ་སིའི་ཕྱོགས་ཀྱིས་ཝུའུ་ཁི་ལན་གྱི་ནང་སྲིད་ལ་ཐེ་གཏོགས་བྱས་པར་སྐྱོན་འཛུགས་བྱས་པ་དང་། ནུབ་ཕྱོགས་རྒྱལ་ཁབ་དག་གིས་ཨུ་རུ་སིའི་བཀག་སྡོམ་ལ་ཤུགས་སྣོན་དགོས་པའི་འབོད་སྐུལ་བཏང་། །