ཞི་ཅིན་ཕིང་གིས་ལྷོ་ཆུ་བྱང་འདྲེན་ལས་གྲྭའི་སྐོར་ལ་འདི་ལྟར་གསུངས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 05-17


        འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས་14ཉིན་གྱི་སྔ་དྲོ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧོ་ནན་ཞིང་ཆེན་ནན་ཡང་གྲོང་ཁྱེར་དུ་ལྷོ་ཆུ་བྱང་འདྲེན་གྱི་རྗེས་མཐུད་ལས་གྲྭ་སྤུས་ཚད་མཐོ་པོའི་ངང་གོང་འཕེལ་གཏོང་རྒྱུར་སྐུལ་འདེད་གཏོང་བའི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ་མ་ཟད་གསུང་བཤད་གལ་ཆེན་ཡང་གནང་ཡོད། ཁོང་གིས། ལྷོ་ཆུ་བྱང་འདྲེན་ལས་གྲྭ་ནི་འཐབ་ཇུས་ཀྱི་གནས་བབ་ཧྲིལ་པོ་དང་འབྲེལ་བ་ཡོད་པ་དང་། ཕུགས་ཀྱི་གོང་འཕེལ་དང་འབྲེལ་བ་ཡོད་པ། མི་དམངས་ཀྱི་བདེ་སྐྱིད་དང་འབྲེལ་བ་ཡོད་པ་ཞིག་བཅས་རེད། གོང་འཕེལ་གྱི་དུས་མཚམས་གསར་པར་སླེབས་པ་བྱེད་པ་དང་། གོང་འཕེལ་གྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་པ། གོང་འཕེལ་གྱི་གནས་སྟངས་གསར་པ་གྲུབ་པ་བྱེད་པ། རྒྱལ་ཡོངས་གཅིག་གྱུར་གྱི་ཁྲོམ་ར་ཆེན་པོ་དང་བཀག་རྒྱ་མེད་པའི་རྒྱལ་ནང་གི་འཁོར་རྒྱུག་ཆེན་མོ་གྲུབ་པ་བྱེད་པ། ལྷོ་བྱང་མཐུན་སྦྱོར་ངང་གོང་འཕེལ་ཡོང་བ་བྱེད་པ་བཅས་ལ་ཆུའི་ཐོན་ཁུངས་ཀྱི་འདེགས་སྐྱོར་ནུས་ལྡན་བྱེད་དགོས་ཀྱི་ཡོད། ལྷོ་ཆུ་བྱང་འདྲེན་ལས་གྲྭར་འཕྲད་པའི་དུས་བབ་གསར་པ་དང་ལས་འགན་གསར་པར་དབྱེ་ཞིབ་གཏིང་ཟབ་བྱེད་པ་དང་། གོང་འཕེལ་གྱི་འདུ་ཤེས་གསར་པ་ཆ་ལག་ཚང་བ་དང་། གནད་ལ་འཁེལ་བ། ཁྱོན་ཡོངས་བཅས་ཀྱི་ཐོག་ནས་ལག་བསྟར་བྱེད་པ། སྤུས་མཐོའི་གོང་འཕེལ་གྱི་བླང་བྱ་ལྟར། གོང་འཕེལ་དང་བདེ་འཇགས་ལ་གཅིག་གྱུར་འཆར་འགོད་བྱེད་པ། ཆུ་གྲོན་ཆུང་སྔོན་འགྲོར་བརྩི་བ་དང་། བར་ཁམས་དོ་སྙོམ་པོ་ཡོང་བ་བྱེད་པ། མ་ལག་ཅན་གྱི་བཅོས་སྐྱོང་བྱེད་པ། ལག་གཉིས་ཀས་ཤུགས་རྒྱག་པ་བཅས་ཀྱི་ཆུ་བཅོས་སྐྱོང་གི་བསམ་ཇུས་ལག་བསྟར་བྱེད་པ། དོན་ངོ་མའི་དགོས་མཁོ་ཡོད་པ་དང་། འབྱུང་ཁམས་བདེ་འཇགས། རྒྱུན་མཐུད་ཆོག་པ་བཅས་ཀྱི་ཆུ་བེད་ལས་གྲྭ་གཙོ་ཆེ་གྲས་ཀྱི་རིགས་པས་ཁུངས་སྐྱེལ་རྩ་དོན་ལ་བརྩི་སྲུང་བྱེད་པ། རྒྱུག་ཁོངས་ཧྲིལ་པོ་དང་ཆུའི་ཐོན་ཁུངས་ལ་གཞིགས་ནས་བཀོད་སྒྲིག་དོ་སྙོམ་པོ་བྱེད་པ། ཚན་རིག་དང་མཐུན་པའི་ངང་ལས་གྲྭའི་འཆར་འགོད་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། ཆུའི་ཐོན་ཁུངས་གཅིག་སྡུད་གྲོན་ཆུང་གི་སྒོ་ནས་བེད་སྤྱོད་བྱེད་པའི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱ་དགོས་པའི་ནན་སྟོན་གནང་ཡོད་པ་རེད།
        ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲེང་བཞུགས་མོལ་ཚོགས་འདུར་ཞུགས་པ་མ་ཟད་གསུང་བཤད་ཀྱང་གནང་ཡོད་པ་རེད།
        བཞུགས་མོལ་ཚོགས་འདུའི་ཐོག ཆུ་བེད་པུའི་པུའུ་ཀྲང་ལི་གོ་དབྱིང་དང་། རྒྱལ་ཁབ་གོང་འཕེལ་དང་བསྒྱུར་བཅོས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཧོ་ལི་ཧྥེང་། ཅང་སུའུ་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ལོའུ་ཆིན་ཅན། ཧོ་ནན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཞི་ཝང་གོ་ཧྲེང་། ཐེན་ཅིན་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ལི་ཧུང་ཀྲུང་། པེ་ཅིང་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཚའི་ཆི། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧུའུ་ཁྲུན་ཧྭ་བཅས་ནས་སྔ་རྗེས་སུ་གཏམ་བཤད་གནང་བ་རེད།
        ཚང་མའི་གཏམ་བཤད་གསན་གྲུབ་རྗེས། ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ཡོད། ཁོང་གིས། ཆུ་ནི་འཚོ་གསོན་གྱི་རྩ་བ་དང་། ཤེས་དཔལ་གྱི་འབྱུང་ཁུངས་རེད། གནའ་སྔ་མོ་ནས་བཟུང་། རང་རྒྱལ་གྱི་གཞི་རྩའི་ཆར་ཆུའི་གནས་ཚུལ་ནི་དབྱར་དུས་འབྲུབ་ཆུ་རྒྱས་པ་དང་དགུན་དུས་ཐན་པ་བསྟན་པ་དང་། བྱང་ཕྱོགས་ཉུང་ལ་ལྷོ་ཕྱོགས་མང་བ་ཡིན་ཞིང་། དུས་ཚོད་དང་བར་ཁམས་མི་འདྲ་བའི་ཆུའི་ཐོན་ཁུངས་ཧ་ཅང་དོ་སྙོམ་པོ་མེད། ཀྲུང་གོ་གསར་པ་དབུ་བརྙེས་རྗེས་རང་རེའི་ཏང་གིས་གཞི་ཁྱོན་ཆེ་བའི་ཆུ་བེད་ལས་གྲྭའི་འཛུགས་སྐྲུན་ལ་འགོ་ཁྲིད་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཏང་ཀྲུང་དབྱང་གིས་ཆུའི་ཐོན་ཁུངས་ཀྱི་གནོད་འཚེ་འགོག་བཅོས་དང་། ཆུའི་ཐོན་ཁུངས་གྲོན་ཆུང་། ཆུའི་འབྱུང་ཁམས་སྲུང་སྐྱོབ་དང་ཉམས་བཟོ། ཆུའི་ཁོར་ཡུག་བཅོས་སྐྱོང་བཅས་ལ་གཅིག་གྱུར་འཆར་འགོད་བྱས་ནས། རྒྱུག་ཁོངས་དང་ས་ཁོངས་ལས་བརྒལ་བའི་ཆུ་འདྲེན་ལས་གྲྭ་གཙོ་གནད་ཁག་གཅིག་བསྐྲུན་ཡོད། ལྷོ་ཆུ་བྱང་འདྲེན་ནི་རྒྱུག་ཁོངས་དང་ས་ཁོངས་ལས་བརྒལ་ནས་ཆུའི་ཐོན་ཁུངས་བགོ་སྒྲིག་བྱེད་པའི་རྐང་འཛིན་ལས་གྲྭ་ཞིག་ཡིན། ལྷོ་ཆུ་བྱང་འདྲེན་གྱི་ཤར་ཡུར་དང་ནུབ་ཡུར་གྱི་ལས་མཚམས་དང་པོའི་ལས་གྲྭ་ལེགས་གྲུབ་བྱུང་ནས་ཆུ་འདྲེན་འགོ་ཚུགས་ཚུན། ད་ཕན་ཆུ་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར་400ལྷག་ཙམ་དྲངས་ཡོད་པ་དང་། དེ་ལས་ཐད་ཀར་ཕན་པ་ཐོབ་པའི་མི་གྲངས་དུང་ཕྱུར་1.2ཟིན་ཞིང་། དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་དང་འབྱུང་ཁམས་ཁོར་ཡུག་སྲུང་སྐྱོབ་ཐད་ནུས་པ་གལ་ཆེན་ཐོན་ཡོད། ལག་ལེན་དངོས་ཀྱིས་ར་སྤྲོད་བྱས་པར། ཏང་ཀྲུང་དབྱང་གིས་ལྷོ་ཆུ་བྱང་འདྲེན་གྱི་ལས་གྲྭའི་ཇུས་ཐག་བཅད་པ་ནི་ཡོངས་སུ་ཡང་དག་ལག་ལེན་དངོས་ལས་ར་སྤྲོད་གང་ལེགས་ཐུབ་ཡོད་ཅེས་ནན་སྟོན་གནང་བ་རེད།
        ཞི་ཅིན་ཕིང་གིས། ལྷོ་ཆུ་བྱང་འདྲེན་སོགས་ལས་གྲྭ་གལ་ཆེན་ལག་བསྟར་བྱས་པ་ལས་ང་ཚོས་ཆུ་བོ་རྒྱུག་ཁུལ་སྒྲོལ་ནས་ཆུ་འདྲེན་ལས་གྲྭ་གལ་ཆེན་ལག་བསྟར་བྱེད་པའི་རྩ་ཆེའི་ཉམས་མྱོང་གསོག་འཇོག་བྱས་ཡོད། གཅིག་ནི་རྒྱལ་ཡོངས་སུ་གཅིག་གྱུར་འཆར་འགོད་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཐོག ཆ་ཤས་ཀྱིས་ཁྱོན་ཡོངས་ལ་བསྟུན་པ་དང་། ས་གནས་ཀྱིས་ཀྲུང་དབྱང་ལ་བསྟུན་པ། ཀྲུང་དབྱང་རིམ་པས་ཁྱོན་ཡོངས་ནས་ཐོན་ཁུངས་བཀོད་སྒྲིག་ལེགས་པོ་བྱེད་པ་དེ་དང་། གཉིས་ནི་སྟོབས་ཤུགས་གཅིག་སྡུད་ཀྱིས་དོན་ཆེན་སྒྲུབ་པ་སྟེ། ཀྲུང་དབྱང་རིམ་པས་གཅིག་གྱུར་གྱིས་སྐུལ་འདེད་བྱེད་པ་དང་། མ་དངུལ་དང་ས་ཆ་བེད་སྤྱོད་སོགས་འཛུགས་སྐྲུན་གྱི་དགོས་མཁོ་གཅིག་སྡུད་ཀྱིས་འགན་སྲུང་བྱེད་པ། གནས་སྤོས་ཡུལ་མི་བཀོད་སྒྲིག་སོགས་ཀྱི་ལས་དོན་ལ་གཅིག་གྱུར་གྱིས་འཆར་འགོད་ཡག་པོ་བྱེད་པ། གསུམ་ནི་ཕྱི་རོལ་ཡུལ་གྱི་ཆོས་ཉིད་ལ་བརྩི་འཇོག་དང་། ཚན་རིག་དང་མཐུན་པའི་སྒོ་ནས་ཇུས་གཞིར་རིགས་པས་ཁུངས་སྐྱེལ་གཟབ་ནན་བྱེད་པ། འབྱུང་ཁམས་ཁོར་ཡུག་སྲུང་སྐྱོང་ལ་མཐོང་ཆེན་བཅས་བྱས་པ། བཞི་ནས་འཆར་འགོད་ཀྱིས་གཅིག་གྱུར་ཁྲིད་སྟོན་བྱེད་པ་སྟེ། འབྲི་ཆུ་དང་། ཧོའེ་ཧོ་ཆུ་བོ། རྨ་ཆུ། ཧའེ་ཧོ་གཙང་པོ་བཅས་འབབ་རྒྱུད་ཆེན་པོ་བཞི་ཡི་ཆུའི་ཐོན་ཁུངས་ཀྱི་གནས་ཚུལ་ལ་གཅིག་གྱུར་འཆར་འགོད་བྱེད་པ་དང་། འབྲེལ་ཡོད་ས་ཁུལ་དང་ལས་རིགས་ཁག་གི་དགོས་མཁོར་ལྟ་རྟོག་བྱེད་པ། ལྔ་ནི་ཆུ་གྲོན་ཆུང་དང་སྦགས་བཙོག་བཅོས་སྐྱོང་ལ་མཐོང་ཆེན་བྱེད་པ་སྟེ། སྔོན་ལ་ཆུ་གྲོན་ཆུང་དང་རྗེས་སུ་ཆུ་སྙོམ་འདྲེན་བྱེད་པ་དང་། སྔོན་ལ་བཙོག་བཅོས་དང་རྗེས་སུ་ཆུ་ཁྲིད་པ། སྔོན་ལ་ཁོར་ཡུག་སྲུང་སྐྱོབ་དང་རྗེས་སུ་ཆུ་སྤྱོད་པ་བཅས་རྒྱུན་འཁྱོངས་བྱེད་པ། དྲུག་ནི་གནད་འཁེལ་གནད་སྨིན་ངང་ཆུ་འདྲེན་པ་དང་། ཆུ་མང་ཉུང་བགོ་བཤའ་རྒྱག་པའི་ཇུས་གཞི་ཞིབ་ཕྲ་བཟོ་བ། ཆུ་ཁུངས་ནས་འཛད་སྤྱོད་པའི་བར་གྱི་གནད་སྨིན་བཀོད་གཏོང་ལ་ཤུགས་སྣོན་རྒྱག་པ་བཅས་རེད། ཉམས་མྱོང་དེ་དག་རྗེས་མཐུད་ལས་གྲྭའི་འཆར་འགོད་འཛུགས་སྐྲུན་གྱི་བརྒྱུད་རིམ་ཁྲོད་བེད་སྤྱོད་ཡག་པོ་བྱེད་དགོས་ཞེས་བསྟན་གནང་ཡོད།
        ཞི་ཅིན་ཕིང་གིས། ཆུ་འདྲེན་ལས་གྲྭར་མུ་མཐུད་ཚན་རིག་དང་མཐུན་པའི་སྒོ་ནས་སྐུལ་འདེད་གཏོང་བར། ཆུ་གྲོན་ཆུང་ལ་ཁྱོན་ཡོངས་ནས་ཤུགས་སྣོན་རྒྱག་པ་དང་ཆུའི་ཐོན་ཁུངས་ལ་གཅུན་སྡོམ་བྱེད་ཤུགས་ཆེ་རུ་གཏོང་བའི་སྔོན་འགྲོའི་ཆ་རྐྱེན་འོག དགོས་མཁོ་དང་མཁོ་སྤྲོད་དོ་དམ་ལ་གཅིག་གྱུར་འཆར་འགོད་ཀྱིས་ཤུགས་སྣོན་རྒྱག་དགོས། གཅིག་ནས་མ་ལག་གི་འདུ་ཤེས་རྒྱུན་འཁྱོངས་བྱས་ཏེ། མ་ལག་སྨྲ་བའི་བསམ་བློ་དང་ཐབས་ཤེས་ལ་བརྟེན་ནས་གནད་དོན་ལ་དབྱེ་ཞིབ་བྱེད་པ་དང་། ཁུངས་འབྱེད་དང་གྲོན་ཆུང་དང་། བསགས་འབོར་དང་འཕར་ཚད། དུས་ཚོད་དང་བར་སྟོང་བཅས་ཀྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱེད་པ་དང་། ལས་གྲྭའི་ཕྱོགས་བསྡུས་ཕན་འབྲས་ཆེ་ཤོས་ཐོབ་པ་བྱ་དགོས། གཉིས་ནས་ཆོས་ཉིད་ལ་བརྩི་སྲུང་ཞུ་རྒྱུ་རྒྱུན་འཁྱོངས་ཀྱིས་ཆུའི་ཐོན་ཁུངས་ཀྱི་ཕུགས་ཀྱི་མཁོ་སྤྲོད་འཕེལ་ཕྱོགས་དང་། ས་ཁོངས་ཁྱབ་ཚུལ། གྲུབ་གཞིའི་ཁྱད་ཆོས་བཅས་ལ་ཞིབ་འཇུག་དང་བརྡར་ཤ་བཅད་དེ། ཚན་རིག་དང་མཐུན་པའི་ངང་ལས་གྲྭའི་གཞི་ཁྱོན་དང་སྤྱིའི་བཀོད་སྒྲིག་གཏན་འཁེལ་བྱེད་པ་དང། གོང་འཕེལ་དང་སྲུང་སྐྱོང་། བེད་སྤྱོད་དང་ཉམས་གསོ་བཅས་ཀྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱེད་དགོས་པ་ལས་འབྱུང་ཁམས་བདེ་འཇགས་ཀྱི་མཐའ་ཚད་ལས་གཏན་ནས་བརྒལ་མི་རུང་། གསུམ་ནས་ཆུ་གྲོན་ཆུང་བྱ་རྒྱུ་སྔོན་ལ་འཇོག་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཆུ་གྲོན་ཆུང་བྱ་རྒྱུ་དེ་ཆུ་འདྲེན་ཁུལ་གྱི་རྩ་བའི་ཐབས་ལམ་དུ་བརྩིས་ནས་ཆུ་གྲོན་ཆུང་གི་ལས་དོན་ཡུན་རིང་གཏིང་ཟབ་སྤེལ་བ་དང་། ཆུའི་ཐོན་ཁུངས་ཀྱི་ཐེག་ནུས་ལ་གཞིགས་ཏེ་གྲོང་ཁྱེར་གྱི་བར་མཐོངས་བཀོད་སྒྲིག་དང་། ཐོན་ལས་གྲུབ་གཞི། མི་འབོར་གཞི་ཁྱོན་གྱི་གྲུབ་གཞི་བཅས་ལེགས་སུ་གཏོང་དགོས།
        བཞི་ནས་དཔལ་འབྱོར་ཐད་ལུགས་མཐུན་ཡོང་བ་བྱ་རྒྱུ་རྒྱུན་འཁྱོངས་ཀྱིས་ལས་གྲྭའི་མ་འཇོག་དང་ཕན་འབྲས་ལ་གཅིག་གྱུར་འཆར་འགོད་བྱས་ཐོག་ཇུས་གཞི་མང་པོ་བདམས་ནས་རིགས་པས་ཁུངས་སྐྱེལ་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་། ས་ཆ་བསྡུས་ནས་གནས་སྤོ་དགོས་པའི་ཡུལ་མིའི་གྲངས་འབོར་ཉུང་དུ་གཏོང་གང་ཐུབ་བྱེད་དགོས། ལྔ་ནས་འབྱུང་ཁམས་ཁོར་ཡུག་སྲུང་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས། རི་ཆུ་ནགས་གསུམ་དང་། ཞིང་ས། མཚོ་དང་མཚེའུ། བྱེ་མ་བཅས་ལ་གཞི་གཅིག་ཅན་གྱི་སྲུང་སྐྱོང་དང་་མ་ལག་ཚང་བའི་བཅོས་སྐྱོང་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། འབྲི་ཆུ་དང་རྨ་ཆུ་སོགས་གཙང་པོ་དང་ཆུ་བོ་ཆེ་གྲས་ཀྱི་ཆུ་ཁུངས་གསོ་རྒྱུར་ཤུགས་སྣོན་རྒྱག་པ་དང་། འབྱུང་ཁམས་ལ་སྲུང་སྐྱོང་བྱ་ཤུགས་ཆེ་རུ་གཏོང་བ། ལྷོ་ཆུ་བྱང་འདྲེན་ལས་གྲྭའི་ལམ་རྒྱུད་ཀྱི་ཆུའི་ཐོན་ཁུངས་ལ་སྲུང་སྐྱོང་བྱ་ཤུགས་ཆེ་རུ་གཏོང་བ། ཆུ་འདྲེན་ལམ་རྒྱུད་དང་ཆུ་ཁུལ་གྱི་སྦགས་བཙོག་འགོག་བཅོས་དང་འབྱུང་ཁམས་ཁོར་ཡུག་སྲུང་སྐྱོང་ལས་དོན་ལ་མུ་མཐུད་དམ་འཛིན་ཡག་པོ་བྱེད་དགོས་པ། དྲུག་ནས་རྒྱལ་ཁབ་ཀྱི་ཆུའི་དྲ་བ་གང་མགྱོགས་བཙུགས་ནས། ལོ་ལྔ་ཚན་གྱི་འཆར་འགོད་བཅུ་བཞི་པའི་རིང་ཆུའི་བདེ་འཇགས་འགན་ལེན་ནུས་པ་ཁྱོན་ཡོངས་ནས་མཐོ་རུ་གཏོང་རྒྱུ་དམིགས་ཚད་དུ་བྱེད་པ་དང་། ཆུའི་ཐོན་ཁུངས་བཀོད་སྒྲིག་མ་ལག་ལེགས་སུ་གཏོང་བ། ཆུ་རྒྱུག་ཁོངས་ཀྱི་ཆུ་ལོག་སྔོན་འགོག་དང་གནོད་འཚེ་ཉུང་གཏོང་མ་ལག་འཐུས་སྒོ་ཚང་དུ་གཏོང་རྒྱུ་གཙོ་གནད་དུ་བྱེད་པ། བསགས་འབོར་དང་འཕར་ཚད་ལ་གཅིག་གྱུར་འཆར་འགོད་བྱེད་པ། མཉམ་སྦྲེལ་མཉམ་མཐུད་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། རྒྱལ་ཁབ་ཀྱི་ཆུ་དྲའི་སྒྲོམ་གཞི་གཙོ་བོ་དང་འཕར་རྩ་ཆེན་པོ་བསྐྲུན་མགྱོགས་སུ་གཏོང་བ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྒོ་ཀུན་ནས་བསྐྲུན་ཆེད་ཆུའི་བདེ་འཇགས་ལ་འགན་ལེན་ནུས་ལྡན་བྱེད་དགོས་ཞེས་ནན་སྟོན་གནང་ཡོད་པ་རེད།
        ཞི་ཅིན་ཕིང་གིས། ༼ལྷོ་ཆུ་བྱང་འདྲེན་ལས་གྲྭའི་སྤྱིའི་འཆར་འགོད་༽ཁྱབ་བསྒྲགས་བྱས་ནས་ལོ་ངོ་20ཙམ་འདས་ཟིན་ཅིང་། དེའི་རིང་མི་རབས་ཁ་ཤས་ཀྱི་སེམས་ནུས་དང་བློ་གྲོས་གཅིག་ཏུ་འདུས་ཡོད། དེ་དང་དུས་མཚུངས། ལོ་འདི་དག་རིང་རང་རྒྱལ་གྱི་དཔལ་འབྱོར་སྤྱི་འབོར་དང་། ཐོན་ལས་གྲུབ་གཞི། གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འགྱུར་བའི་ཆུ་ཚད་སོགས་མངོན་གསལ་དོད་པོས་མཐོ་རུ་ཕྱིན་པ་དང་། རང་རྒྱལ་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོ་དེ་མི་དམངས་ཀྱི་འཚོ་བའི་དགོས་མཁོ་ཉིན་བཞིན་ཆེ་རུ་འགྲོ་བ་དང་གོང་འཕེལ་དོ་སྙོམ་པོ་མེད་པ་དང་གོང་འཕེལ་གང་ལེགས་མ་བྱུང་བའི་བར་གྱི་འགལ་བར་གྱུར་བ། པེ་ཅིང་དང་། ཐེན་ཅིན། ཧོ་པེ་བཅས་མཉམ་དུ་གོང་སྤེལ་དང་། འབྲི་ཆུའི་དཔལ་འབྱོར་ཁུལ་གོང་སྤེལ། འབྲི་ཆུའི་ཟུར་གསུམ་གླིང་གཞི་གཅིག་ཅན་གྱི་གོང་སྤེལ། རྨ་ཆུ་རྒྱུག་ཁོངས་ཀྱི་འབྱུང་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་གོང་འཕེལ་སོགས་ས་ཁོངས་ཀྱི་འཐབ་ཇུས་གལ་ཆེན་སྔ་རྗེས་སུ་ལག་བསྟར་བྱས་པ། རང་རྒྱལ་བྱང་ཕྱོགས་ཀྱི་གཙང་པོ་དང་ཆུ་བོ་གཙོ་བོ་དང་ལྷག་པར་དུ་རྨ་ཆུར་བྱེ་མ་ཐོན་ཚད་ཆེས་ཆེར་ཆག་པ། ས་འོག་གི་ཆུ་ཚད་ལས་བརྒལ་ནས་སྔོག་འདོན་བྱས་པ་སོགས་ཆུའི་འབྱུང་ཁམས་ཁོར་ཡུག་གནད་དོན་ལ་འགྱུར་ལྡོག་ཕྱིན་ཡོད། འདི་དག་ཚང་མས་ཆུའི་ཐོན་ཁུངས་ཀྱི་མཁོ་སྤྲོད་ལ་ཤུགས་སྣོན་དང་ལེགས་སྒྱུར་བྱེད་པར་བླང་བྱ་གསར་པ་བཏོན་ཡོད། དུས་བབ་དང་བསྟུན་པ་དང་། ཚན་རིག་དང་མཐུན་པའི་བཀོད་སྒྲིག་བྱས་ཏེ། ཆུ་ཡུར་ཤར་མ་དང་། དབུས་མ། ནུབ་མ་བཅས་ཆུ་ཡུར་གསུམ་གྱི་རང་སོ་སོའི་ཁྱད་ཆོས་ལ་སྟངས་འཛིན་འཕྱུགས་མེད་བྱས་ནས། རྩེ་རིམ་ཇུས་འགོད་ལ་ཤུགས་སྣོན་རྒྱག་པ་དང་། འཐབ་ཇུས་བཀོད་སྒྲིག་ལེགས་སུ་གཏོང་བ། རྗེས་མཐུད་ལས་གྲྭའི་འཛུགས་སྐྲུན་ལ་གཅིག་གྱུར་འཆར་འགོད་ཀྱིས་མཛུབ་ཁྲིད་དང་སྐུལ་མ་གཏོང་བ་བཅས་བྱེད་དགོས། སྒྲིག་འཛུགས་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་། རྗེས་མཐུད་ལས་གྲྭའི་འཆར་འགོད་ཇུས་འགོད་ལ་དམ་འཛིན་ཡག་པོ་བྱེད་པ། སྡེ་ཚན་དང་། ས་གནས། རིགས་གཅིག་མཁས་ཅན་བཅས་ཀྱི་བསམ་འཆར་མཐུན་སྦྱོར་བྱེད་པ། གནད་དོན་གལ་ཆེན་ལ་ཞིབ་འཇུག་བྱེད་པ། ལས་གྲྭའི་སྒྲིག་སྲོལ་དང་ལམ་སྲོལ་གསར་གཏོད་བྱེད་པ། ཚད་མཐོའི་ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་དང་ལོ་རྒྱུས་ཀྱི་ལས་འགན་སྒྲུབ་སེམས་ཀྱི་ཐོག་ནས་ལས་དོན་ཁག་ཡག་པོ་སྒྲུབ་པ་བཅས་བྱས་ནས་བཏོན་པའི་འཆར་འགོད་དང་ཇུས་འགོད་བྱས་པའི་ཇུས་གཞི་དག་གིས་ལོ་རྒྱུས་དང་ལག་ལེན་གྱི་ཉམས་སད་ཐེག་ཐུབ་པའི་འགན་ལེན་བྱེད་དགོས་ཞེས་བསྟན་གནང་ཡོད།
        ཧན་ཀྲེང་གིས་གསུང་བཤད་ནང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་ནས། ལྷོ་ཆུ་བྱང་འདྲེན་གྱི་ལས་གྲྭའི་དོན་སྙིང་ལ་ངོས་འཛིན་གཏིང་ཟབ་བྱེད་པ་དང་། ལྷོ་ཆུ་བྱང་འདྲེན་གྱི་རྗེས་མཐུད་ལས་གྲྭ་སྤུས་མཐོའི་གོང་འཕེལ་ཡོང་རྒྱུར་སྐུལ་འདེད་གཏོང་དགོས། འབྱུང་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་ཤུགས་སྣོན་བརྒྱབ་ནས་ལས་གྲྭའི་འཆར་འགོད་དང་འཛུགས་སྐྲུན་དང་འཁོར་སྐྱོད་ཀྱི་བརྒྱུད་རིམ་ཧྲིལ་པོའི་ཐོག་ནས་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་འདུ་ཤེས་གང་ལེགས་མངོན་པ་བྱ་དགོས། ཆུ་གྲོན་ཆུང་སྔོན་ལ་བྱེད་པའི་བྱེད་ཕྱོགས་རྒྱུན་འཁྱོངས་དང་དོན་འཁྱོལ་བྱེད་པ་དང་། དེ་བས་ནན་པའི་བྱ་ཐབས་ཀྱིས་ཆུ་གྲོན་ཆུང་བྱེད་པའི་ལས་ཀར་དམ་འཛིན་ལེགས་པོ་བྱས་ཏེ། ཆུ་བེད་སྤྱོད་གང་བྱུང་བྱེད་པ་དང་ཆུ་འདྲེན་ཐལ་ཤོར་བའི་རིགས་ཐོན་རྒྱུར་སྔོན་འགོག་མཐའ་གཅིག་ཏུ་བྱ་དགོས། ༼ལྷོ་ཆུ་བྱང་འདྲེན་ལས་གྲྭའི་སྤྱིའི་འཆར་འགོད་༽ལག་བསྟར་བྱས་ཚུལ་ལ་དཔྱད་དཔོག་ནན་ཏན་བྱས་ཏེ་རྗེས་མཐུད་ལས་གྲྭའི་འཆར་འགོད་དང་འཛུགས་སྐྲུན་ཇུས་གཞིར་དཔྱད་བསྡུར་དང་རིགས་པས་ཁུངས་སྐྱེལ་བྱེད་ཚད་མུ་མཐུད་ཟབ་ཏུ་བཏང་ནས་འཆར་འགོད་སྔར་བས་ལེགས་སུ་དང་འཐུས་སྒོ་ཚང་དུ་གཏོང་དགོས། ཚན་རིག་དང་མཐུན་པའི་རྣམ་འགྱུར་རྒྱུན་འཁྱོངས་དང་ཕྱི་རོལ་ཡུལ་གྱི་ཆོས་ཉིད་ལ་བརྩི་སྲུང་ཞུས་ནས་ལས་དོན་ཁག་ཏན་ཏིག་ངང་ཡག་པོ་བསྒྲུབ་དགོས། ཤར་ཡུར་དང་དཀྱིལ་ཡུར་གྱི་དུས་རིམ་དང་པོའི་ལས་གྲྭའི་བདེ་འཇགས་དོ་དམ་དང་བཀོད་གཏོང་དོ་དམ་ལ་མུ་མཐུད་ཤུགས་སྣོན་རྒྱག་པ་དང་། ཆུའི་སྤུས་ཚད་ལ་ལྟ་ཞིབ་ཚད་ལེན་དང་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། ཆུ་འདྲེན་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། ལས་གྲྭའི་ཕན་འབྲས་ཆེ་རུ་གཏོང་བར་ཤུགས་རྒྱག་པ་བཅས་བྱ་དགོས་ཞེས་གསུངས་ཡོད།
        ད་རེས་ཀྱི་བཞུགས་མོལ་ཚོགས་འདུ་ཡག་པོ་འཚོགས་ཆེད། ཚེས་13ཉིན་གྱི་ཕྱི་དྲོ་ཞི་ཅིན་ཕིང་གིས་ཧོ་ནན་ཞིང་ཨུད་ཀྱི་ཧྲུའུ་ཅི་ཝང་གོ་ཧྲེང་དང་ཞིང་ཆེན་གྱི་འགོ་འཛིན་གྱི་ལས་ཚབ་ཝང་ཁའེ་ཡི་ཕེབས་རོགས་འོག་ནན་ཡང་གྲོང་ཁྱེར་ཤི་ཁྲོན་རྫོང་གི་ཆུ་བེད་སྒྲིག་བཀོད་དང་གནས་སྤོས་ཡུལ་མིའི་གྲོང་གསར་སོགས་སུ་ཕེབས་ནས་ལྷོ་ཆུ་བྱང་འདྲེན་གྱི་བར་ཡུར་ལས་གྲྭའི་འཛུགས་སྐྲུན་དོ་དམ་འཁོར་སྐྱོད་དང་ཆུ་མཛོད་ཁུལ་གྱི་ཡུལ་མི་གནས་སྤོ་བཀོད་སྒྲིག་སོགས་ཀྱི་གནས་ཚུལ་ཐད་མཁྱེན་རྟོགས་གནང་ཡོད།
        ཞི་ཅིན་ཕིང་དང་ཐོག་ཐའོ་ཁྲ་ཆུ་ཡུར་གྱི་འགག་རྩའི་ལས་གྲྭར་ཕེབས་ཏེ་ཡུལ་དངོས་ནས་ཆུ་འདྲེན་རྐ་ཡི་འཁོར་སྐྱོད་གནས་ཚུལ་ལ་གཟིགས་ཞིབ་གནང་བ་དང་། དེ་རྗེས་གྲུ་གཟིངས་ནང་བཞུགས་ནས་ཏན་ཅང་ཁོའུ་ཆུ་མཛོད་ལ་རྟོག་ཞིབ་གནང་བ་དང་། འབྲེལ་ཡོད་གནས་ཚུལ་སྙན་སེང་ཞུས་པར་གསན་གནང་བ་མ་ཟད་ཆུ་མཛོད་ནས་བླངས་པའི་ཆུར་ གཟིགས་ཞིབ་གནང་ཡོད།
        ཞི་ཅིན་ཕིང་གིས་ལྷོ་ཆུ་བྱང་འདྲེན་ལས་གྲྭ་ནི་འཐབ་ཇུས་རང་བཞིན་གྱི་རྨང་གཞིའི་སྒྲིག་བཀོད་གལ་ཆེན་ཞིག་དང་། བྱས་རྗེས་དེང་འདིར་བཞག་རྗེས་ཕན་འབྲས་བསྐལ་བརྒྱར་ཐོན་པའི་བྱ་བ་ཞིག་རེད། ཚེ་སྲོག་གི་མཐའ་ཐིག་སྲུང་སྐྱོང་བྱེད་པའི་ཆབ་སྲིད་ཀྱི་མཐོ་ཚད་ཐོག་ནས་ལྷོ་ཆུ་བྱང་འདྲེན་ལས་གྲྭའི་བདེ་འཇགས་དང་། ཆུ་མཁོ་འདོན་གྱི་བདེ་འཇགས། ཆུ་སྤུས་བདེ་འཇགས་བཅས་སྲུང་སྐྱོང་ཏན་ཏིག་བྱ་དགོས། ཆུ་འཐུང་སྐབས་ཁྲོན་པ་འདྲུ་མཁན་བརྗེད་མི་རུང་བའི་དཔེ་ལྟར་ཆུ་མཛོད་ཁུལ་ལ་རྒྱབ་སྐྱོར་དང་རོགས་སྐྱོར་བྱེད་ཤུགས་མུ་མཐུད་ཆེ་རུ་གཏོང་དགོས། ཆུའི་ཐོན་ཁུངས་ཀྱི་གཅུན་སྡོམ་ལམ་ལུགས་འཛུགས་པ་དང་། ཆུ་སྤྱོད་བསྡོམས་འབོར་ཚོད་འཛིན་ནན་པོ་བྱེད་པ། ཐོན་སྐྱེད་དང་། འཚོ་བ། འབྱུང་ཁམས་བཅས་ཐད་སྤྱོད་པའི་ཆུར་གཅིག་གྱུར་འཆར་འགོད་བཅས་བྱས་ཏེ་ཞིང་ལས་དང་། བཟོ་ལས། གྲོང་ཁྱེར་དང་གྲོང་རྡལ་སོགས་ཁྱབ་ཁོངས་སུ་ཆུ་གྲོན་ཆུང་བྱེད་ཤུགས་ཆེ་རུ་གཏོང་དགོས། ཆུ་མགོའི་ཁུལ་གྱི་འབྱུང་ཁམས་ཁོར་ཡུག་སྲུང་སྐྱོབ་ལས་དོན་གཙོ་གནད་དུ་བཟུང་ནས་འགྱུར་མེད་ངང་ལས་དོན་ཁག་ཡག་པོ་བསྒྲུབས་ཏེ་ཆུ་མཛོད་དེར་སྲུང་སྐྱོབ་ཡག་པོ་བྱེད་དགོས་ཞེས་ནན་སྟོན་གནང་ཡོད།
        ཡུར་བུའི་ཉེ་འགྲམ་དུ་གནས་པའི་ཅེའུ་ཁྲུང་གྲོང་རྡལ་ཙོའུ་ཀྲོང་གྲོང་ཚོར་ཁྱོན་བསྡོམས་དུད་ཚང་175མི་750ཡོད་པ་དང་། 2011ལོའི་ཟླ་6པར་ལྷོ་ཆུ་བྱང་འདྲེན་གྱི་བར་ཡུར་ལས་གྲྭ་འཛུགས་སྐྲུན་བྱས་པའི་རྐྱེན་གྱིས་དེར་གནས་སྤོ་བྱས་ཡོད།
        ཞི་ཅིན་ཕིང་ལྷོ་ཆུ་བྱང་འདྲེན་གྱི་གནས་སྤོས་གྲོང་ཚོའི་ཐོན་ལས་འཕེལ་རྒྱས་ཀྱི་མ་དངུལ་སྤྱད་དེ་བཙུགས་པའི་ཏན་ཅང་ལྗང་མདོག་ཤིང་འབྲས་དང་སྔོ་ཚལ་ལྡུམ་རའི་རྟེན་གཞིར་ཕེབས་ཏེ་ཡུལ་དངོས་ནས་ཁམ་བུའི་སྐྱེ་འཚར་ལ་གཟིགས་ཞིབ་གནང་བ་དང་། གནས་སྤོས་ཡུལ་མིའི་ལས་ཞུགས་དང་འབབ་འཕར་ཐད་མཁྱེན་རྟོགས་ཞིབ་ཕྲ་གནང་ཡོད། གྲོང་ཚོ་ཡོངས་ཀྱི་མི་300ལྷག་ཙམ་གྱིས་ཤིང་འབྲས་ཐོན་ལས་གཉེར་བ་དང་མི་རེར་ཆ་སྙོམས་ཟླ་རེར་ཡོང་འབབ་སྒོར་2000ཡན་བྱུང་བ་གསན་པས་ཞི་ཅིན་ཕིང་དགྱེས་ཚོར་ཆེན་པོ་བྱུང་ཞིང་། ཁོང་གིས་གནས་སྤོས་མང་ཚོགས་བཀོད་སྒྲིག་གི་རྗེས་མཐུད་རོགས་སྐྱོར་ལས་དོན་མུ་མཐུད་ཡག་པོ་བསྒྲུབས་ནས་གྲོང་གསེབ་དར་རྒྱས་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ་དང་། ས་ཞིང་འདེབས་པ་དང་ཞིང་ལས་བྱེད་པ་དང་ཕྱིར་གླ་པར་སྐྱོད་པ་དང་ལས་རྣམ་གསར་པ་འཕེལ་རྒྱས་གཏོང་རྒྱུ་བཅས་མཉམ་དུ་དམ་འཛིན་བྱས་ཏེ་སྣ་མང་བྱ་ཐབས་མཉམ་བཟུང་གིས་འབབ་འཕར་ལམ་བུ་ཤར་གཏོང་ཐུབ་པ་དང་། གནས་སྤོས་མང་ཚོགས་གཏན་སྡོད་ཐུབ་པ་དང་གོང་འཕེལ་ཕྱུག་འགྱུར་ཐུབ་པའི་འགན་ལེན་བྱེད་དགོས་ཞེས་གསུངས་ཡོད།
        དེ་རྗེས། ཞི་ཅིན་ཕིང་གིས་རྐང་ཐང་མར་གྲོང་ཚོའི་རྣམ་པར་གཟིགས་ཞིབ་གནང་བ་དང་འབྲེལ་གནས་སྤོས་དུད་ཚང་ཙོའུ་ཤིན་ཙེང་གི་ཁྱིམ་དུ་ཕེབས་ནས་ནང་མི་མི་རབས་གསུམ་དང་མཉམ་དུ་བཞུགས་ཏེ་ཅི་འཕྲོས་མོལ་འཕྲོས་གནང་ཡོད། ཙོའུ་ཞིན་ཙེང་གིས་སྤྱི་ཁྱབ་ཧྲུའུ་ཅིར། འདི་གར་སྤོས་རྗེས་ལོ་ཏོག་འདེབས་པ་ཕུད་ད་དུང་གྲོང་ཚོ་དང་གྲོང་རྡལ་དུ་ཐག་ཉེ་སར་ཞོར་ལས་ཡོང་འབབ་གསོག་པར་འགྲོ་ཡི་ཡོད། སྡོད་ཁང་དང་སྨན་བཅོས། ཕྲུ་གུའི་སློབ་ཞུགས་གནད་དོན་བཅས་ཚང་མར་འགན་སྲུང་ཐུབ་སོང་ཞེས་ཞུས་ཡོད། ཞི་ཅིན་ཕིང་གིས་མི་དམངས་ནི་རྒྱལ་སྲིད་ཡིན། གུང་ཁྲན་ཏང་གིས་རྒྱལ་སྲིད་སྐྱོང་བ་དང་རྒྱལ་སྲིད་སྲུང་བའི་དམིགས་ཡུལ་ངོ་མ་དེ་མི་དམངས་རྣམས་འཚོ་བ་ཡག་པོ་སྐྱེལ་ཐུབ་པའི་ཆེད་དུ་ཡིན། ང་ཚོའི་ཏང་གི་ལོ་བརྒྱའི་འབད་འཐབ་ལོ་རྒྱུས་ནི་མི་དམངས་ལ་བདེ་སྐྱིད་སྐྲུན་པའི་ལོ་རྒྱུས་ཤིག་རེད། གཞི་རིམ་ཏང་རྩ་འཛུགས་ཀྱི་ནུས་པ་དང་ཏང་ཡོན་ལས་བྱེད་པའི་ནུས་པ་འདོན་སྤེལ་ཡག་པོ་བྱེད་པ་དང་། གྲོས་བསྡུར་བཞི་དང་ཡོངས་བསྒྲགས་གཉིས་དོན་འཁྱོལ་ཡག་པོ་བྱས་ཏེ་གྲོང་ཚོ་རིམ་པའི་བཅོས་སྐྱོང་འཐུས་ཚང་དུ་གཏོང་བ་དང་མང་ཚོགས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་ཀྱིས་ཐུན་མོང་ཕྱུག་འགྱུར་ཡོང་བའི་དམིགས་ཚད་ཕྱོགས་སུ་གོམ་སྟབས་བརྟན་པོས་མདུན་སྐྱོད་བྱེད་དགོས་ཞེས་གསུངས་ཡོད།
        གྲོང་ཚོ་ནས་ཞལ་གྱེས་སྐབས་གྲོང་མི་ཚོ་ལམ་འགྲམ་དུ་བཅར་ནས་སྤྱི་ཁྱབ་ཧྲུའུ་ཅི་དང་ཞལ་གྱེས་ཞུས་པ་རེད། སྤྱི་ཁྱབ་ཧྲུའུ་ཅིས་ལྷོ་ཆུ་བྱང་འདྲེན་ལས་གྲྭར་སེམས་ནུས་ཡོད་རྒུ་ལེགས་སྐྱེས་འབུལ་མཁན་གྱི་འཛུགས་སྐྲུན་པ་དང་འཁོར་རྒྱུག་དོ་དམ་མི་སྣ། དྭངས་གཙང་ཆུ་མོ་བྱང་དུ་འདྲེན་རྒྱུར་བླ་མེད་ལེགས་སྐྱེས་འབུལ་མཁན་གྱི་གནས་སྤོས་མང་ཚོགས་བཅས་ལ་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་གནང་བ་མ་ཟད་ལྷག་བསམ་དག་པའི་འཚམས་འདྲི་ཞུས་གནང་ཡོད།
        ཁོང་གིས་ཡུལ་མི་རྣམས་འཚོ་བ་དེ་བས་ཡག་པ་ཡོང་བའི་བཀྲ་ཤིས་སྨོན་འདུན་ཞུ་རྒྱུ་ཡིན་ཞེས་གསུངས་ཡོད་པ་རེད།
        ཞི་ཅིན་ཕིང་ནས་དབྱར་འབྲུའི་ཐོན་སྐྱེད་གནས་ཚུལ་ལ་ཐུགས་ཁུར་ཟབ་མོ་གནང་གི་ཡོད། ཆུ་འགོ་དང་པོར་རྟོག་ཞིབ་གནང་བའི་ཕེབས་ལམ་དུ་རླངས་འཁོར་ལས་ཡང་སེ་བབས་གནང་སྟེ། གྲོ་ཞིང་ནང་ཕེབས་ནས་དབྱར་གྲོའི་སྐྱེ་འཚར་བྱུང་ཚུལ་ལ་གཟིགས་གནང་ཡོད། དབྱར་གྲོར་ལོ་ལེགས་ཡོང་ཉེར་ཡོད་པ་གཟིགས་རྗེས་ཞི་ཅིན་ཕིང་གིས། དབྱར་གྲོར་ལོ་ལེགས་བྱུང་ཚེ། ད་ལོའི་དཔལ་འབྱོར་ལ་གཞི་རྟེན་ཡོད་སར་འགྱུར་རྒྱུ་རེད། འབྲུ་རིགས་ཀྱི་བདེ་འཇགས་ལ་འགན་ལེན་བྱེད་པར་ངེས་པར་དུ་ས་བོན་དེ་རང་ཉིད་ཀྱི་ལག་ནང་དམ་པོར་འཛིན་དགོས། ཞིང་ལས་ཚན་རྩལ་རང་སྟོབས་རང་སྤེལ་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པར། ས་བོན་འདེབས་གསོ་ཡག་པོ་བྱ་རྒྱུ་ནས་འགོ་བཙུགས་ཏེ། སོན་བཟང་གི་ལག་རྩལ་འགག་གཏོར་ལ་ཤུགས་སྣོན་རྒྱག་པ་དང་། ཀྲུང་གོ་རང་གི་ས་བོན་ལ་བརྟེན་ནས་ཀྲུང་གོའི་འབྲུ་རིགས་ཀྱི་བདེ་འཇགས་ལ་འགན་སྲུང་བྱེད་དགོས་ཞེས་གསུངས་པ་རེད།
        སྤྱི་ཚེས12ཉིན། ཞི་ཅིན་ཕིང་གིས་ནན་ཡང་གྲོང་ཁྱེར་དུ་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་ཐད་བརྟག་ཞིབ་དང་རྟོག་ཞིབ་གནང་བ་རེད། ཁོང་དང་ཐོག་ཧན་རྒྱལ་རབས་ཤར་མའི་གསོ་རིག་མཁས་པ་ཀྲང་ཀྲུང་ཅིང་གི་མཆོད་ཁང་དུ་ཕེབས་ནས། ཀྲང་ཀྲུང་ཅིང་གི་སྐུ་ཚེ་ཧྲིལ་པོ་དང་ཁོང་གིས་ཀྲུང་ལུགས་གསོ་རིག་ལ་ཕུལ་བའི་ལེགས་སྐྱེས། ཀྲུང་ལུགས་གསོ་རིག་གིས་ཏོག་གསར་གློ་ཚད་རིམས་ནད་འགོག་བཅོས་བྱེད་པའི་བརྒྱུད་རིམ་ཁྲོད་ཐོན་པའི་ནུས་པ། དེ་བཞིན་ཀྲུང་ལུགས་གསོ་རིག་རྒྱུད་འཛིན་གསར་གཏོད་བཅས་ཀྱི་གནས་ཚུལ་ཐད་མཁྱེན་རྟོགས་གནང་བ་རེད། ཁོང་གིས། ཀྲུང་ལུགས་གསོ་རིག་ཁྲོད་ཀྲུང་ཧྭ་མི་རིགས་ཀྱི་ལོ་ངོ་སྟོང་ཕྲག་ལྷག་གི་བདེ་ཐང་ལུས་གསོའི་འདུ་ཤེས་འཛིན་སྟངས་དང་དེའི་ལག་ལེན་གྱི་ཉམས་མྱོང་ཚུད་ཡོད་པས། དེ་ནི་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེའི་གསར་གཏོད་དང་ཀྲུང་གོའི་གནའ་བོའི་ཚན་རིག་གི་ནོར་བུ་ལྟ་བུ་རེད།
        དྲང་སྲུང་གསར་གཏོད་དང་རྒྱུད་འཛིན་གོང་འཕེལ་གཏོང་བའི་ལས་དོན་ཡག་པོ་སྒྲུབ་པར་ཀྲུང་ལུགས་གསོ་རིག་ཚན་ཞིབ་དང་གསར་གཏོད་བྱ་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་བ་དང་། དེང་རབས་ཀྱི་ཚན་རིག་བཀོལ་སྤྱོད་ཀྱིས་ཀྲུང་ལུགས་གསོ་རིག་ཀྱི་མ་དོན་ལ་གསལ་འགྲེལ་བྱ་རྒྱུར་མཐོང་ཆེན་བྱེད་པ། སྲོལ་རྒྱུན་གྱི་ཀྲུང་ལུགས་གསོ་རིག་དང་དེང་རབས་ཀྱི་གསོ་རིག་གཉིས་ཟུང་དུ་འབྲེལ་རྒྱུ་དང་ཕན་ཚུན་གཅིག་ཕན་གཅིག་རོགས་ཐུབ་རྒྱུར་སྐུལ་འདེད་གཏོང་བ། ཀྲུང་ནུབ་གསོ་རིག་དབར་ཕན་ཚུན་གསབ་རེས་དང་རོགས་ལས་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། མི་དམངས་མང་ཚོགས་ལ་སྔར་བས་སྤུས་ཚད་ལེགས་པའི་བདེ་ཐང་གི་ཞབས་ཞུ་བསྒྲུབ་དགོས་ཞེས་ནན་སྟོན་གནང་ཡོད།
        ཞི་ཅིན་ཕིང་ལྷ་རྗེའི་མཆོད་ཁང་ནས་ཞལ་གྱེས་ཏེ་ནན་ཡང་གྲོང་ཁྱེར་རྒྱ་སེ་མེ་ཏོག་འགྲེམས་སྟོན་ལྡུམ་རར་ཕེབས་ནས། ས་གནས་དེ་གའི་རྒྱ་སེ་མེ་ཏོག་གི་ཐོན་ལས་གོང་འཕེལ་དང་མང་ཚོགས་ཀྱི་སྣེ་ཁྲིད་ནས་འབབ་འཕར་ཕྱུག་འགྱུར་བྱུང་ཚུལ་ངོ་སྤྲོད་གནང་བར་གསན་པ་དང་། རླངས་འཁོར་ལ་ཞུགས་ནས་འགྲེམས་སྟོན་ལྡུམ་རའི་རྣམ་པར་གཟིགས་སྐོར་གནང་བ་རེད། ཡུལ་སྐོར་བ་ཚོས་གཅིག་མཇུག་གཉིས་མཐུད་ངང་སྤྱི་ཁྱབ་ཧྲུའུ་ཅིར་ཁམས་བདེའི་འཚམས་འདྲི་ཞུས་ཡོད།
        ཞི་ཅིན་ཕིང་གིས། ས་གནས་འདིའི་ཁྱད་ལྡན་ཐོན་ལས་གོང་འཕེལ་གཏོང་གཞི་ཆེན་པོ་ལྡན་པས། རང་ས་གནས་ཀྱི་དགེ་མཚན་ལྡན་པའི་ཐོན་ཁུངས་སྔོག་འདོན་དང་བེད་སྤྱོད་མཁས་པོ་བྱེད་པ་དང་། ས་གནས་ཀྱི་སྤུས་དག་ཐོན་རྫས་སྲུང་སྐྱོབ་བྱ་རྒྱུར་ཤུགས་སྣོན་རྒྱག་པ། ཐོན་སྐྱེད་དང་། སློབ་སྦྱོང་། ཞིབ་འཇུག་བཅས་དབར་ཟུང་འབྲེལ་ནུས་ལྡན་བྱ་རྒྱུར་སྐུལ་འདེད་གཏོང་བ། ཐོན་ལས་དང་། ཚན་རྩལ། རིག་གནས་བཅས་ཀྱི་ལས་གྲྭ་ཆེན་པོ་འདིར་གཅིག་གྱུར་འཆར་འགོད་ལེགས་པོ་བྱེད་དགོས་ཞེས་བསྟན་གནང་ཡོད།
        དེ་རྗེས་ཞི་ཅིན་ཕིང་ནན་ཡང་ཡའོ་དབྱིས་པའོ་རྩྭ་ཨ་ཀྲོང་གི་ཐོན་རྫས་ཚད་ཡོད་ཀུང་སིར་ཕེབས་ནས། ཐོན་སྐྱེད་འཁོར་ཁང་དང་ཐོན་རྫས་འགྲེམས་སྟོན་ལ་གཟིགས་སྐོར་གནང་བ་དང་འབྲེལ། ཁེ་ལས་ཀྱི་ལས་གཉེར་བ་དང་ལས་མི་ཚོ་དང་བྱམས་བརྩེའི་བཀའ་མོལ་གནང་ཡོད། ཞི་ཅིན་ཕིང་གིས། རྩྭ་ཨ་ཀྲོང་ནི་ཀྲུང་ལུགས་གསོ་རིག་གི་སྨན་རྒྱུ་རྩ་ཆེན་ཞིག་ཡིན་པས། རྩྭ་ཨ་ཀྲོང་གི་ཐོན་རྫས་གོང་འཕེལ་གཏོང་བར་གཅིག་ནས་ས་གནས་དེ་ག་ནས་རྒྱུ་ཆ་བསྡུ་ལེན་ཐུབ་པ་དང་། གཉིས་ནས་ཐག་ཉེ་སར་ལས་ཞུགས་ཐུབ་ཀྱི་ཡོད། ང་ཚོས་ཕྱོགས་གཅིག་ནས་ལག་རྩལ་རུབ་བསྡུས་ཆེ་བའི་ཐོན་ལས་གོང་འཕེལ་གཏོང་དགོས་ལ། ཕྱོགས་གཞན་ཞིག་ནས་ལས་ཞུགས་ཐུབ་ཚད་མང་བའི་ངལ་རྩོལ་རུབ་བསྡུས་རྣམ་པའི་ཐོན་ལས་གོང་འཕེལ་བཏང་སྟེ། ལས་ཞུགས་ལས་གནས་དང་འབབ་འཕར་ཡོང་སྒོ་དེ་བས་མང་བ་ཞིང་པ་ཚོར་སྦྱིན་དགོས་ཞེས་ནན་སྟོན་གནང་ཡོད།
        ཏིང་ཞུའེ་ཞང་དང་། ཧུའུ་ཁྲུན་ཧྭ། ཧོ་ལི་ཧྥེང་སོགས་ཀྱིས་གཟིགས་སྐོར་ལ་ཕེབས་རོགས་ཞུས་པ་མ་ཟད་བཞུགས་མོལ་ཚོགས་འདུར་ཡང་ཞུགས་གནང་བ་དང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་ཚན་པའི་འགན་ཁུར་བློ་མཐུན་དང་། འབྲེལ་ཡོད་ཞིང་ཆེན་དང་གྲོང་ཁྱེར་གྱི་འགན་ཁུར་བློ་མཐུན་བཞུགས་མོལ་ཚོགས་འདུར་ཞུགས་གནང་ཡོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1