ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་སི་རལ་གྱི་རྒྱལ་སྲུང་དམག་དཔུང་གིས་ཚེས16ཉིན་བཤད་རྒྱུར། དབྱི་སི་རལ་དམག་དཔུང་གི་འཐབ་འཛིང་གནམ་གྲུས་ཕཱ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སིའི་མགོ་ཁྲིད་པ་ཡེ་ཧེ་ཡཱ་ཞིན་ཝ་ཨར་གྱི་ཅཱ་ཧྲ་ས་ཁུལ་ལྷོ་ངོས་ཀྱི་ཧན་ཡུག་ནེ་སི་གྲོང་ཁྱེར་དུ་ཡོད་པའི་སྡོད་ཁང་ལ་བར་སྣང་འཇབ་རྒོལ་བྱས་ཟེར།
དབྱི་སི་རལ་གྱི་དམག་དཔུང་གིས་གསལ་སྒྲོག་ལས་བཤད་རྒྱུར། འདས་པའི་དུས་ཚོད་ཉེར་བཞིའི་ནང་། དབྱི་སི་རལ་དམག་དཔུང་གི་འཐབ་འཛིང་གནམ་གྲུས་ཧཱ་མཱ་སི་སོགས་དྲག་ཆས་རྩ་འཛུགས་ཀྱི་ཅཱ་ཧྲ་ས་ཁུལ་དུ་ཡོད་པའི་དམག་དོན་དམིགས་འབེན་དགུ་བཅུ་ལྷག་ལ་བར་སྣང་འཇབ་རྒོལ་བྱས་པ་དང་། དེའི་ནང་ཡེ་ཧེ་ཡཱ་ཞིན་ཝ་ཨར་དང་དེའི་ནུ་བོ་མུའུ་ཧན་མའོ་ཏི་ཞིན་ཝ་ཨར་གྱི་ཧན་ཡུག་ནེ་སི་རུ་ཡོད་པའི་སྡོད་ཁང་དང་། ཧཱ་མཱ་སིའི་མཐོ་རིམ་དཔོན་པོ་གཞན་པ་འགའི་སྡོད་ཁང་། ས་འོག་ཕུག་ལམ་སུམ་ཅུ་ལྷག མཚོན་ཆ་ཐོན་སྐྱེད་དང་གསོག་ཉར་བྱེད་ས་བཅུ་ཕྲག་ལྷག་བཅས་འདུས་ཡོད་ཟེར།
དབྱི་སི་རལ་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པ་ལྟར་ན། མིག་སྔའི་བར་དུ་ཐེངས་འདིའི་བར་སྣང་འཇབ་རྒོལ་དང་འབྲེལ་བའི་ཤི་རྨས་གནས་ཚུལ་བྱུང་མེད། གཞན་ཡང་ཕཱ་ལེ་སི་ཐན་གྱི་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པ་ལྟར་ན། ཡེ་ཧེ་ཡཱ་ཞིན་ཝ་ཨར་དང་དེའི་སྤུན་ཟླའི་སྒེར་གཞིས་གཉིས་ཤུལ་མེད་དུ་བཟོས་ཀྱང་། བར་སྣང་འཇབ་རྒོལ་བྱེད་སྐབས་ཡེ་ཧེ་ཡཱ་ཞིན་ཝ་ཨར་དང་དེའི་ནུ་བོ་གཉིས་ཁྱིམ་དུ་མེད་ཟེར།
ཡེ་ཧེ་ཡཱ་ཞིན་ཝ་ཨར་ནི་གཅིག་སྟོང་དགུ་བརྒྱ་རེ་གཉིས་ལོར་སྐྱེས་པ་དང་། ཉིས་སྟོང་བཅུ་བདུན་ལོར་ཧཱ་མཱ་སིའི་ཅཱ་ཧྲ་ས་ཁུལ་གྱི་མགོ་ཁྲིད་པར་བདམས་ཐོན་བྱུང་སྟེ། དབྱི་སི་རལ་གྱིས་རྩ་མེད་དུ་གཏོང་བའི་མིང་ཐོའི་ནང་བཞག་པ་རེད།
དབྱི་སི་རལ་དང་ཅཱ་ཧྲ་ས་ཁུལ་གྱི་དྲག་ཆས་པའི་བར་གྱི་འཁྲུག་རྩོད་ཚབས་ཆེན་མུ་མཐུད་དུ་སྤེལ་བཞིན་ཡོད་པ་དང་། མིག་སྔར་འཁྲུག་རྩོད་དེ་ལས་དབྱི་སི་རལ་ཕྱོགས་ཀྱི་མི་བཅུ་རྐྱེན་ལམ་དུ་ཤོར་ཡོད་ལ། ཕཱ་ལེ་སི་ཐན་ཕྱོགས་ཀྱི་མི་བརྒྱ་དང་ཞེ་ལྔ་རྐྱེན་ལམ་དུ་ཤོར། སྐོར་ཐེངས་འདིའི་འཁྲུག་རྩོད་བྱུང་བའི་ཚུན་ལ། དབྱི་སི་རལ་གྱི་བར་སྣང་འཇབ་རྒོལ་ལས་ཧཱ་མཱ་སིའི་མཐོ་རིམ་དཔོན་པོ་མང་བོ་རྐྱེན་ལམ་དུ་ཤོར་ཡོད། །