ཉེ་དུས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནན་ཡང་གྲོང་ཁྱེར་ཞི་ཁྲོན་རྫོང་གི་ཆུ་བེད་སྒྲིག་བཀོད་དང་། གནས་སྤོས་གྲོང་གསར་སོགས་སུ་ཕེབས་ཏེ་ཡུལ་དངོས་སུ་ལྷོ་ཆུ་བྱང་འདྲེན་གྱི་དབུས་ཐིག་ལས་གྲྭའི་དོ་དམ་འཁོར་རྒྱུག་དང་ཆུ་མཛོད་ཁུལ་གྱི་གནས་སྤོས་ཡུལ་མིའི་བཀོད་སྒྲིག་སོགས་ཀྱི་གནས་ཚུལ་ཐད་མཁྱེན་རྟོགས་གནང་བ་དང་། ད་དུང་ནན་ཡང་གྲོང་ཁྱེར་གྱི་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་ཐད་རྟོག་ཞིབ་གནང་ཡོད། ས་གནས་དེ་གའི་ལས་བྱེད་པ་དང་མང་ཚོགས་ནས་ས་གནས་དེ་གའི་ཐོན་ཁུངས་བཟང་ཆ་སྔོག་འདོན་དང་བེད་སྤྱོད་ཡག་པོ་བྱས་ནས་འབད་པ་ཆེན་པོས་འཚོ་བ་དེ་བས་ཡག་པ་སྐྱེལ་ཐུབ་པ་བྱ་རྒྱུ་ཡིན་ཞེས་ཞུས་ཡོད་པ་རེད།
ཐའོ་ཁྲ་ཆུ་ཡུར་གྱི་ཉེ་འགྲམ་དུ་གནས་པའི་ཅིའུ་ཁྲུང་གྲོང་རྡལ་ཙོའུ་ཀྲོང་གྲོང་ཚོར་ཁྱོན་ཐེམ་དུད་175དང་མི་གྲངས་750ཡོད་པ་དང་། སྤྱི་ལོ་2011ལོའི་སྤྱི་ཟླ་6པར་ལྷོ་ཆུ་བྱང་འདྲེན་གྱི་དབུས་རྒྱུད་ལས་གྲྭའི་འཛུགས་སྐྲུན་རྐྱེན་པས་གནས་དེར་སྤོས་པ་ཞིག་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དེ་གར་རྟོག་ཞིབ་གནང་བར་ཕེབས་དུས། ཞབས་ཐང་མར་ཕེབས་ནས་གྲོང་ཚོའི་རྣམ་པར་གཟིགས་གནང་བ་མ་ཟད་གནས་སྤོས་ཡུལ་མི་ཙའུ་ཤིན་ཙེང་གི་ཁྱིམ་དུ་ཕེབས་ཏེ་ཁོང་ཚོ་ནང་མི་གསུམ་དུ་ཅི་འཕྲོས་མོལ་འཕྲོལ་གནང་ནས་ཞུགས་ཡོད། ཙའུ་ཤིན་ཙེང་གི་བུ་ཙའུ་ཧུའེ་ཡན་གྱིས། གནས་སྤོས་མ་བྱས་གོང་། ང་ཚོའི་ཁྱིམ་གྱི་གནས་ཚུལ་ནི་འདམ་གྱིས་ཁེངས་པའི་ལམ་དང་། ཐོག་མེད་ཁང་པ། འཐུང་ཆུ་ཕྱི་ནས་ལེན་པ་དེ་འདྲ་ཞིག་རེད། དེ་གར་སྤོས་རྗེས། དུས་ཡུན་ལོ་ངོ་བཅུའི་གོང་འཕེལ་བརྒྱུད། ད་ཆ་འཐུང་ཆུའི་ཐད་ཆུ་ཀ་ལ་ཡོད་པ་དང་། ལམ་ཡང་སྒོ་འགྲམ་བར་བཟོས་ཡོད་པ་མ་ཟད། ད་དུང་རླངས་འཁོར་ཆུང་ཆུང་ཞིག་ཀྱང་ཉོས་ཡོད། སྤྱི་ཁྱབ་ཧྲུའུ་ཅིས་ང་ཚོ་གནས་སྤོས་ཡུལ་མི་ཚོར་གཅེས་སྐྱོང་དེ་འདྲ་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། ང་ཚོས་སླད་ཕྱིན་ཆད་འཚོ་བ་ཡག་པོ་སྐྱེལ་ཐུབ་པ་བྱ་རྒྱུ་ཡིན་ཞེས་བརྗོད་ཡོད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། རྒྱལ་སྲིད་ནི་མི་དམངས་ལ་བརྟེན་པ་དང་། མི་དམངས་ནི་རྒྱལ་སྲིད་རྩ་བ་ཡིན། གུང་ཁྲན་ཏང་གིས་སྲིད་སྐྱོང་བ་དང་སྲུང་བ་ལས་སྲུང་བྱ་ནི་མི་དམངས་ཀྱི་སེམས་པ་རེད་ལ། སྲུང་བྱའི་དམིགས་ཡུལ་ནི་མི་དམངས་འཚོ་བ་ཡག་པོ་སྐྱེལ་ཐུབ་པ་བྱ་རྒྱུ་དེ་རེད། ང་ཚོའི་ཏང་གི་ལོ་བརྒྱའི་འབད་འཐབ་ལོ་རྒྱུས་ནི་མི་དམངས་ལ་བདེ་སྐྱིད་འཚོལ་བའི་ལོ་རྒྱུས་ཤིག་རེད་ཅེས་གསུངས་པར། ཙོའུ་ཀྲོང་གྲོང་ཚོའི་གྲོང་ཚོར་བཅའ་སྡོད་ཧྲུའུ་ཅི་དང་པོ་ལིང་ཧེང་ལ་མྱོང་ཚོར་ཟབ་མོ་བྱུང་ཡོད། ཁོང་གིས། ང་ཚོས་ངེས་པར་དུ་ཏང་གི་ལོ་བརྒྱའི་ལོ་རྒྱུས་ཁྲོད་ནས་མདུན་སྐྱོད་ཀྱི་བློ་རིག་དང་སྟོབས་ཤུགས་དང་ལེན་གྱིས་གཞི་རིམ་ཏང་རྩ་འཛུགས་ཀྱི་ནུས་པ་དང་ཏང་ཡོན་ལས་བྱེད་པའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་ཐོན་ལས་གོང་འཕེལ་དང་སྟོབས་ཆེར་གཏོང་བ་དང་། ཙོའུ་ཀྲོང་གྲོང་ཚོའི་གྲོང་མི་ཡོངས་ཀྱི་སྣེ་ཁྲིད་དེ་གྲོང་གསེབ་དར་རྒྱས་ཀྱི་སྤྱིའི་དམིགས་ཚད་འབད་འཐབ་ཆེན་པོས་མངོན་འགྱུར་ཡོང་བ་བྱ་རྒྱུ་ཡིན་ཞེས་གསུངས་ཡོད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནན་ཡང་དུ་རྟོག་ཞིབ་གནང་སྐབས། ཧན་རྒྱལ་རབས་ཤར་མའི་སྐབས་ཀྱི་གསོ་རིག་མཁས་པ་ཀྲང་ཀྲུང་ཅིང་གི་མཆོད་འབུལ་ཁང་དུ་ཕེབས་ནས་ཁོང་ལ་རྗེས་དྲན་ཞུས་གནང་ཡོད། ཁོང་གིས། དྲང་སྲུང་གསར་གཏོད་དང་རྒྱུད་འཛིན་གོང་འཕེལ་ལས་དོན་ཡག་པོ་བསྒྲུབ་སྟེ་ཀྲུང་ལུགས་གསོ་རིག་ཀྱི་ཚན་ཞིབ་དང་གསར་གཏོད་ལ་སྐུལ་འདེད་ཧུར་ཐག་བཏང་ནས་མི་དམངས་མང་ཚོགས་ལ་བདེ་ཐང་ཞབས་ཞུ་སྤུས་ལེགས་མཁོ་འདོན་བྱེད་དགོས་ཞེས་གསུངས་པར། ནན་ཡང་གྲོང་ཁྱེར་ཀྲང་ཀྲུང་ཅིང་དངོས་མང་བཤམས་མཛོད་ཁང་གི་འགོ་འཛིན་ལེའུ་ཧའེ་ཡན་གྱིས། རྒྱལ་ཡོངས་ཀྱི་ཀྲུང་ལུགས་གསོ་རིག་རིག་གནས་ཀྱི་དྲིལ་བསྒྲགས་སློབ་གསོའི་རྟེན་གཞི་ཡིན་པའི་ཆ་ནས་ང་ཚོས་དམིགས་སའི་རང་བཞིན་ཡོད་པའི་སྒོ་ནས་མིག་སྔའི་ཀྲུང་ལུགས་གསོ་རིག་གོང་འཕེལ་གྱི་འཐབ་ཇུས་སྒྲོམ་གཞིའི་ནང་ཁོངས་སུ་ཀྲུང་ལུགས་གསོ་རིག་གི་ལས་དོན་བརྒྱུད་བསྒྲགས་ཡག་པོ་དང་ཀྲུང་ལུགས་གསོ་རིག་གི་གཏམ་རྒྱུད་ཡག་པོ་བརྗོད་པ། ཀྲང་ཀྲུང་ཅིང་གི་གཏམ་རྒྱུད་ཡག་པོ་བརྗོད་པ་བཅས་བྱ་རྒྱུ་ཡིན་ཞེས་ཞུས་ཡོད།
ནན་ཡང་ཡའོ་དབྱི་པའོ་རྩྭ་ཨ་ཀྲོང་ཐོན་རྫས་ཚད་ཡོད་ཀུང་སིར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ང་ཚོས་ཕྱོགས་གཅིག་ནས་ལག་རྩལ་རུབ་བསྡུས་ཅན་གྱི་ཐོན་ལས་གོང་འཕེལ་གཏོང་དགོས་ལ། གཉིས་ནས་ལས་ཞུགས་གང་མང་ཐུབ་པའི་ངལ་རྩོལ་རུབ་བསྡུས་ཅན་གྱི་ཐོན་ལས་ཀྱང་གོང་འཕེལ་བཏང་ནས་ལས་ཞུགས་ལས་གནས་དང་རིན་འཕར་ཕན་འབྲས་དེ་བས་མང་བ་ཞིང་པར་སྤྲོད་དགོས་ཞེས་གསུངས་ཡོད། ཀུང་སིའི་ལས་འཛིན་པའི་ལྷན་ཚོགས་ཀྱི་འགོ་འཛིན་ཁྲ་ཧུང་ཧྥུ་ཡིས། གོམ་སྟབས་རྗེས་མར་ངས་ཐོན་རྫས་ཐད་རྩེར་སོན་གྱི་ཞིབ་བཟོ་ཐོན་སྐྱེད་བྱ་རྒྱུ་དང་། ལས་ཞུགས་ཐད་ལས་གནས་རྒྱ་ཆེར་བཏང་སྟེ་གྲོང་མི་དེ་བས་མང་བ་ལས་ཞུགས་ཐུབ་པ་དང་། ང་ཚོ་ནན་ཡང་གི་རྩྭ་ཨ་ཀྲོང་གི་ཁྱད་ལྡན་ཐོན་ལས་རྒྱ་ཆེ་སྟོབས་ཆེར་འགྱུར་བ་བྱ་རྒྱུ་ཡིན་ཞེས་གསུངས་ཡོད།
ནན་ཡང་གི་རྒྱ་སེ་མེ་ཏོག་ལྡུམ་རར་རྟོག་ཞིབ་གནང་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ས་གནས་ཀྱི་ཁྱད་ལྡན་ཐོན་ལས་ལ་གོང་འཕེལ་གཏོང་གཞི་ཆེན་པོ་ཡོད་པས་ས་གནས་དེ་གའི་ཐོན་ཁུངས་བཟང་ཆ་སྔོག་འདོན་དང་བེད་སྤྱོད་ཡག་པོ་གཏོང་བ་དང་། ས་གནས་ཀྱི་སྤུས་ལེགས་སྣེ་རིགས་སྲུང་སྐྱོབ་བྱ་རྒྱུར་ཤུགས་སྣོན་རྒྱག་པ། ཐོན་སློབ་ཞིབ་གསུམ་ཟུང་འབྲེལ་བྱ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས་ཐོན་ལས་དང་ཚན་རྩལ། རིག་གནས་བཅས་ཀྱི་ལེའུ་ཡག་པོ་རྩོམ་རྒྱུར་གཅིག་འགྱུར་འཆར་འགོད་བྱེད་དགོས་ཞེས་གསུངས་པར། ནན་ཡང་གྲོང་ཁྱེར་ཝོ་ལུང་ཆུས་ཨུད་ཀྱི་ཧྲུའུ་ཅི་ཀའོ་ཞན་ཤིན་གྱིས། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅིའི་བླང་བྱ་ལྟར། ང་ཚོའི་རྒྱ་སེ་མེ་ཏོག་ཐོན་ལས་སྟོབས་ཆེར་བཏང་ནས་རྒྱལ་ཡོངས་དང་འཛམ་གླིང་དུ་སྐྱོད་ཐུབ་པ་བྱ་རྒྱུ་དང་། དུས་མཚུངས་སུ་རྩྭ་ཨ་ཀྲོང་གི་འཁོར་རྒྱུག་ཐད་འབྱུང་ཁམས་སྲུང་སྐྱོབ་དང་གསར་སྤེལ་བེད་སྤྱོད་གཉིས་ཟུང་འབྲེལ་བྱས་ནས་རྩྭ་གཅིག་དང་མེ་ཏོག་གཅིག་དེ་སྟོབས་ཆེའི་ཐོན་ལས་སུ་འགྱུར་བ་དང་། དེ་གཉིས་ཀྱི་ཕྱུག་འགྱུར་སྣེ་ཁྲིད་ནུས་པ་ཆེ་རུ་བཏང་སྟེ་ང་ཚོའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིར་ཕན་བདེ་སྐྲུན་རྒྱུ་ཡིན་ཞེས་གསུངས་ཡོད་པ་རེད།