ཁྱུང་མཆུ་རྫོང་གིས་སྡོང་འཛུགས་ནགས་སྐྲུན་གྱི་བྱ་འགུལ་སྤེལ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།སི་ཁྲོན་བོད་སྐད་རླུང་འཕྲིན། སྤེལ་དུས། 05-19



        ཉེ་ལམ། ནམ་ཟླ་ཇེ་དྲོར་སོང་བ་དང་བསྟུན་ནས། ས་གནས་སོ་སོ་རུ་རྨོ་འདེབས་དང་སྡོང་འཛུགས། ནགས་སྐྲུན་བཅས་ཀྱི་ཁོར་ཡུག་ལྗང་བསྒྱུར་ལས་ལ་བྲེལ་བཞིན་ཡོད་པ་དང་། ཁྱུང་མཆུ་རྫོང་ཡང་དེ་ལས་མ་འདས་པར་དུས་ཚིགས་ཀྱི་གོ་སྐབས་དམ་དུ་བཟུང་ནས། སྡེ་ཁག་ལས་བྱེད་དང་རུ་སྡེ་མང་ཚོགས་སོགས་མཉམ་དུ་རྩ་འཛུགས་བྱས་ཏེ། ཨ་མཆོག་སྐ་ཆུའི་འགྲམ་རྒྱུད་དུ་སྡོང་འཛུགས་ནགས་འདེབས་ཀྱི་ལས་སྒོ་སྤེལ་བ་དང་། དེས་རང་བྱུང་ཁོར་ཡུག་སྲུང་སྐྱོབ་དང་སྐྱེ་ཁམས་སླར་གསོ་ཡར་སྐུལ་བཏང་སྟེ། སྣོད་བཅུད་ཕུན་སུམ་ཚོགས་པའི་གོ་ལ་ཟླུམ་པོ་འདི་དུས་དང་རྣམ་པ་ཀུན་ཏུ་བདེ་འཇགས་བདེ་ཐང་ངང་གནས་ཐུབ་པར་རང་ངོས་ཀྱི་ནུས་ཤུགས་ཏོག་ཙམ་རེ་ཕུལ་བའི་མཐུན་རྐྱེན་གང་ལེགས་སྐྲུན་པ་རེད། 

        སྡོང་འཛུགས་ཡུལ་དངོས་སུ། ལ་ལས་ལྕགས་ཁེམ་བཟུང་ནས་ས་བརྐོ་བ་དང་ལ་ལས་སྡོང་ཕྲུག་བརྟན་པོར་འཛུགས་པ། ལ་ལས་ཆུ་ལྡུག་པ་སོགས་སོ་སོ་བྲེལ་འཚུབ་ཀྱིས་ཁེངས་ཡོད་པ་དང་། མཐོ་སྒང་གི་ས་གཤིས་དང་དྲོད་གྲང་གི་དབང་གིས་ཤུག་སྡོང་དང་ཆུ་ལྕང་། གསོམ་ཕྲུག་མ་གཏོགས་སྐྱེ་འཕེལ་ཐུབ་པའི་སྐྱེ་དངོས་གཞན་མང་པོ་མེད་ལ། གསར་འཛུགས་སྡོང་ཕྲུག་ཡིན་ཚེ། མྱུ་གུ་ཡོད་ཚད་ཀྱི་རྩ་བ་སོས་ཐུབ་པའི་གདེང་ཚོད་ནི་སུ་ལའང་ཡོད་མི་ཐུབ། ཡིན་ནའང་།  ལོ་ངོ་འདི་དག་གི་རིང་། འབྱུང་གཞིའི་གནོད་འཚེ་ཚད་དམའ་རུ་འགྲོ་བ་དང་རང་བྱུང་ཁོར་ཡུག་སླར་གསོ་ལེགས་བཅོས་གཏོང་ཆེད། རྒྱལ་ཡོངས་སམ་འཛམ་གླིང་ཀུན་ནས་ང་ཚོ་འཚོ་ཞིང་གནས་པའི་གོ་ལ་ཟླུམ་པོ་འདིར་སྲུང་སྐྱོབ་བདག་དམ་ལེགས་པོ་བྱས་དང་བྱེད་བཞིན་ཡོད་ལ། མངའ་ཁོངས་གང་སར་མཁའ་དབུགས་གཙང་ཞིང་ནམ་མཁའ་གཡའ་དག་པ། ས་གཞི་སྔོ་ལ་ཆུ་བོ་དྭངས་ཤིང་གཙང་བའི་ཐབས་ལམ་གལ་ཆེན་མངོན་འགྱུར་ཐུབ་པར་འབད་པ་ཧུར་ལེན་བྱེད་བཞིན་ཡོད་པའི་ཁར། སྐྱེ་ཁམས་ནགས་སྐྲུན་གྱི་ཆེད་ལས་དོ་དམ་རུ་ཁག་གསར་འཛུགས་བྱས་ཤིང་། ས་གནས་རང་བཞིན་གྱི་སྐྱེ་ཁམས་ལྗང་བསྒྱུར་ལས་ཀར་ཞིབ་མཇུག་རྒྱུས་ལོན་བྱས་ནས། རྒྱུན་ཆད་མེད་པར་རི་ཆུའི་ཐོན་ཁུངས་དང་ས་གཞིའི་བདག་དམ། རང་བྱུང་སྲུང་སྐྱོབ་བྱ་བ་བཅས་སྔར་ལས་རྒྱུན་སྐྱོང་དམ་འཛིན་བྱས་པས། རི་སྟོང་ལུང་སྟོང་དང་ཐང་རྒོད་དུ་གྱུར་པའི་ས་གཞིའི་གདོང་ཡོངས་ལ་ཡང་བསྐྱར་ལྗང་མདོག་གིས་བཀླུབས་པར་སོ་སོར་འོས་འགན་ཡོད་པའི་འདུ་ཤེས་མཐོར་འདེགས་སུ་བཏང་ཡོད་པ་དང་།  ས་གནས་རིམ་པ་སོ་སོའི་འགོ་ཁྲིད་ལས་བྱེད་ཀྱི་སྣེ་ཁྲིད་འོག  རིགས་སོ་སོའི་མི་དམངས་ཡོངས་ཀྱི་སེམས་སུ་སྐྱེ་ཁམས་དཔལ་ཡོན་འདུ་ཤེས་དང་ལྗང་མདོག་འཕེལ་རྒྱས་འདུ་ཤེས། སྣོད་བཅུད་སྲུང་སྐྱོབ་འདུ་ཤེས་མངོན་གསལ་དུ་གྲུབ་པར་བྱས་ཏེ། འཆམ་མཐུན་ཞོད་འཇགས་ཀྱི་རང་བྱུང་འཚོ་སྡོད་ཁོར་ཡུག་ལེགས་པོ་འཕེལ་རྒྱས་ཡར་སྐུལ་བྱ་བའི་རྨང་རྡོ་བརྟན་པོ་ཞིག་ཀྱང་ཡིན་འདུག  



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1