༄༅།།གནས་མཆོག་ཛཾ་ནང་པདྨ་ཤེལ་ཕུག །

ཀརྨ་རྒྱལ་མཚན་གྱིས་སྒྲིག རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 05-28


ཛཾ་ནང་པདྨ་ཤེལ་ཕུག་གི་རྒྱབ་ལྗོངས།

ཨོ་རྒྱན་རིན་པོ་ཆེའི་སྒྲུབ་གནས་པདྨ་ཤེལ་ཕུག་ནི་དེང་སྡེ་དགེ་རྫོང་གི་ཤར་རྨེ་ཤོད་གྲོང་རྡལ་གྱི་ལྷོ་ངོས་ཛཾ་མདའ་གྲོང་སྡེའི་ཛཾ་ནང་ཞེས་པ་ལ་ཡོད། དེའང་ཤོད་བཅུའི་ཡ་གྱལ་རྨེ་ཤོད་ཕུ་མདའ་ཧྱོ་གསུམ་སྟེ་རྨེ་ཤོད་ཕུ་ལ་སྔོན་དུས་སུའང་ཕུ་མ་ཡུལ་ཚོ་ཟེར་ལ་སྡེ་དགེ་རྫོང་གི་ཁོངས་སུ་གཏོགས། གནས་ཀྱི་མཐའ་སྐོར་དུ་ལྗོན་ཤིང་ཤུག་པའི་སྤོས་དྲི་ཐུལ་བ་དང་། དབྱར་གྱི་དུས་སུ་མེ་ཏོག་དཀར་དམར་མཐིལ་གསུམ་གྱི་ཚོམ་བུ་བཀྲ་ཤིང་། ལྗོན་ཤིང་ཡལ་འདབ་རྒྱས་པའི་བསིལ་གྲིབ་ཀྱི་ལྡིང་ཁང་ཕུབ་པ། རི་དྭགས་མང་པོའི་རང་དགའ་རྩྭ་ཆུའི་གཟན་ཆས་ལ་འཚེ་མེད་ཞི་བདེའི་དཔལ་ལ་ཅི་དགའ་ལོངས་སུ་སྤྱོད་པའི་སྐལ་བ་དང་ལྡན་ལ། གནས་དེར་སྐྱེ་བོ་མཆོག་དམན་སུས་སྐུ་མཚམས་བཅད་རྒྱ་ཐུགས་དམ་ཉམས་བཞེས་མཛད་ན་ཉམས་རྟོགས་པ་ཉི་མ་འཆར་བ་བཞིན་གོང་ནས་གོང་དུ་འཕེལ་ལོ་ཞེས་གནས་ཡིག་རྙིང་པ་དག་ལས་གསུངས།

ཨོ་རྒྱན་རིན་པོ་ཆེའི་སྒྲུབ་གནས་པདྨ་ཤེལ་ཕུག །

ཀོང་སྤྲུལ་ཡོན་ཏན་རྒྱ་མཚོས་མཛད་པའི་པདྨ་ཤེལ་ཕུག་གི་གནས་བསྟོད་ལས། ཨེ་མ་སྔོན་ཚེ་གདོད་མའི་སར་བཞུགས་ཤྲཱི་སེང་ཧ། །འཆི་མེད་རྒྱལ་པོ་པདྨ་ཡབ་དང་ཡུམ། །རྣམ་སྣང་མཛད་སོགས་ཡེ་ཤེས་སྐུ་ཅན་རྣམས། །མངོན་སུམ་ཕེབས་ནས་རྡོ་རྗེའི་འོག་མིན་གྱི། །ཕོ་བྲང་ཉིད་དང་དབྱེར་མེད་བྱིན་གྱིས་བརླབས། །བར་དུ་བན་དེ་ཡེ་ཤེས་ཞབས་དང་ནི། །གྲུབ་ཐོབ་ཤར་པ་ལ་སོགས་བན་བོན་གྱི། །རིག་འཛིན་དུ་མས་སྒྲུབ་པའི་གནས་སུ་མཛད། །ཕྱིས་དུས་སྤྲུལ་པའི་གཏེར་ཆེན་རྣམ་པ་གཉིས། །ཆོས་རྒྱལ་ཡབ་སྲས་ལས་སྨོན་འཕྲོ་སད་ནས། །ཞལ་འཛོམ་གནས་དང་གཏེར་གྱི་སྒོ་འཕར་ཕྱེས། །སྡེ་གསུམ་གཙོར་བྱས་ཆོས་དང་དམ་རྫས་ནི། །གྲོལ་བ་བཞི་ལྡན་གདུལ་བྱའི་དཔྱིད་དུ་དྲངས། །སྔོན་མེད་ངོ་མཚར་རྨད་དུ་བྱུང་བ་ཡི། །གཏམ་སྙན་ས་གསུམ་རྣ་བའི་བཅུད་དུ་ལེན། །དེང་སང་བདག་ཀྱང་གུ་རུ་རིན་པོ་ཆེའི། །ལུང་གི་རྗེས་སྐྱོང་མོས་གུས་རིག་པའི་རྩལ། །ཏིང་འཛིན་རོལ་མོ་ཅི་ཡང་སྒྱུར་བཞིན་དུ། །ཁྱབ་བདག་བླ་མའི་སྐུ་ཚེ་བརྟན་པ་དང་། །རྣལ་འབྱོར་དོན་འགྲུབ་རྒྱལ་ཁམས་བདེ་བའི་སླད། །རྩ་གསུམ་དགོངས་པ་འདུས་པའི་དཀྱིལ་འཁོར་དུ། །ཕྱི་ནང་གསང་བའི་ཚོགས་འཁོར་ཚུལ་བཞིན་སྤྱད། །སྨོན་ལམ་འབྲས་བུ་སྨིན་པའི་ས་བོན་བཏབ། །དེ་ལྟའི་གནས་མཆོག་པདྨ་ཤེལ་ཕུག་ཅེས། །ཡོན་ཏན་གསུང་གི་གནས་ཆེན་རྨད་དུ་བྱུང་། །ཀུན་ལས་ཁྱད་པར་འཕགས་པ་ལུང་གིས་བསྔགས། །དབུས་ལྟེ་ཙིཏྟ་ཤེལ་གྱི་གུར་ཕུབ་འདྲ། །སྙིང་པོ་པདྨ་འོད་ཀྱི་གཞལ་མེད་ཁང་། །ཐབས་མཆོག་བདེ་ཆེན་གུ་རུ་དངོས་སུ་བཞུགས། །གཡོན་དུ་ཤེས་རབ་ཕར་ཕྱིན་མཚོ་རྒྱལ་མས། །ཏིང་འཛིན་སྒོམ་པའི་གནས་སུ་བྱིན་བརླབས་པ། །མཁའ་འགྲོའི་འདུ་བ་དྲི་བཟང་ངད་པས་མཚོན། །རྒྱབ་རི་ཀུན་བཟང་རྡོ་རྗེ་སེམས་དཔའ་ཡིས། །བྱིན་བརླབས་བརྒྱུད་གསུམ་རིག་འཛིན་བླ་མའི་ཞིང་། །གཡས་ཕྱོགས་རིགས་གསུམ་སེམས་དཔའ་ཐབས་ཀྱི་གནས། །གཡོན་ཕྱོགས་མྱུར་མཛད་དཔའ་མོ་ཤེས་རབ་འཕྲུལ། །མདུན་ཕྱོགས་འཕགས་པ་ཛམ་ལྷ་རིགས་ལྔ་ཡི། །ཕོ་བྲང་སྙིང་པོ་ཕྱག་རྒྱའི་མཚན་མ་གསལ། །བླ་དྭགས་མིང་ཡང་ཛཾ་ནང་ཞེས་པར་གྲགས། །ཕྱོགས་མཚམས་ཆོས་ནོར་གཏེར་མཛོད་དུ་མས་གཏམས། །ངོ་མཚར་བཀའ་རྟགས་རང་བྱོན་ཅི་ཡང་བཀྲ། །ཡེ་ཤེས་ཅན་ངོར་མཁའ་སྤྱོད་རྡོ་རྗེའི་གྲོང་། །དག་པའི་སྣང་བར་ཞིང་ཁམས་མངོན་སུམ་བཞིན། །རྩ་བ་གསུམ་གྱི་བྱིན་རླབས་སྤྲིན་ལྟར་འཐིབས། །རིག་འཛིན་དཔའ་བོ་མཁའ་འགྲོ་དངོས་སུ་འདུ། །བཀའ་སྲུང་གིང་བཙན་དཀར་དམར་ལས་ལ་མྱུ། །ཡུལ་བདག་དཀར་པོའི་ཕྱོགས་སྐྱོང་དམ་ལ་གནས། །ནག་ཕྱོགས་ལྷ་སྲིན་གདུགས་པའི་རྒྱུ་སྲང་མེད། །ཚུར་མཐོང་སྐྱེ་བོ་ཀུན་གྱི་སྣང་ངོར་ཡང་། །ས་ཡི་གད་མཐོ་གཙང་ཞིང་ཡིད་དུ་འོང་། །དབྱིབས་ལེགས་བྲག་རི་དཀར་དམར་ཕྲེང་བར་བསྟར། །སྤང་ལྗོངས་མེ་ཏོག་ཚོམ་བུ་ཀུན་ནས་མཛེས། །ལྷ་བྱ་རྩེད་འཇོའི་མགྲིན་གླུ་རྣ་དབང་སྙན། །སྤོས་ཀྱི་ཤིང་དང་སྨན་གྱི་མྱུ་གུ་འཁྲུངས། །ལྗོན་ཤིང་འདབ་རྒྱས་ནགས་ཚལ་ཁྱུད་མོས་བསྐོར། །སྐྱེ་བོའི་རྒྱུ་འགྲུལ་ཉུང་བས་འདུ་འཛིས་དབེན། །ཉམས་དགའ་བག་ཕེབ་བསམ་གཏན་སྒོམ་པའི་གནས། །ཐོས་པས་ཡིད་སྤྲོ་མཐོང་བས་དད་མོས་བསྐྱེད། །བསྡད་ན་འབྲལ་མི་ཕོད་པའི་ཏིང་འཛིན་ཤར། སྐྱོ་ཤས་མོས་གུས་སྙིང་རྗེའི་བོགས་རྩལ་ཐོན། །ཕྱག་བསྐོར་མཆོད་སོགས་ཕན་ཡོན་ཚད་ལས་འདས། །ཆེ་ཆུང་བཟང་ངན་འབྲེལ་ཚད་དོན་དང་ལྡན། །ཁྱད་པར་དམ་ལྡན་གདོངས་ཉམས་རྩལ་རྫོགས་པའི། །རྣལ་འབྱོར་ཚོགས་ཀྱི་འདུ་བར་སྤྱོད་པ་ལ། །གནས་མཆོག་ཀུན་ལས་དངོས་གྲུབ་ཁྱད་པར་འཕགས། །ཤོད་ཆེན་བཅུའི་ཡ་གྱལ་རྨེ་ཤོད་ཀྱི། །གནས་ཀྱི་གཙོ་བོ་ཡུལ་གྱི་བཅུད་ཡིན་པས། །དད་ལྡན་རྣམས་ཀྱིས་བསོད་ནམས་གསོག་པར་རིགས། །མཆོག་འདོད་རྣམས་ཀྱིས་པདྨའི་ཁང་དུ་བསྒྲུབ། །ཁྱད་པར་གསུང་གི་རིགས་མཆོག་གྲུབ་ཐག་ཉེ། །ཐུན་མོང་དོན་གཉེར་ཛཾ་ལྷའི་གནས་སུ་བསྒྲུབ། །གཡང་སྒྲུབ་བྱས་ན་ཡུལ་ཕྱོགས་རྒུད་པ་གསོ། །གནས་མཆོག་འདི་དང་འདི་འདྲའི་ཉེ་སྐོར་དུ། །སྐྱེས་ཀྱང་དད་མེད་བསོད་ནམས་མི་གསོག་པ། །མི་ལུས་དུད་འགྲོའི་སེམས་ལྡན་སྐལ་དམན་ཏེ། །དབུལ་པོའི་ཐབ་འོག་གསེར་བཞིན་དགོས་པའི་དོན། །འགྲུབ་མིན་དད་དང་ཡིད་ཆེས་སྐྱེ་བ་སོགས། །རིགས་སང་སྨོན་ལམ་འདེབས་ལ་བརྩོན་པར་འཚལ། །ཁོག་པ་སྙིང་ཡོད་རྣམས་ཀྱིས་ཚེགས་ཆུང་ངུས། །འདི་གཏན་དོན་ཆེན་སྒྲུབ་བྱེད་སྤྱི་ཡི་ནོར། །གུ་རུ་པདྨས་བཀའ་དྲིན་སྩལ་འདི་ལ། །ཡིད་ཆེས་མོས་པས་ཕྱག་བསྐོར་ཚོགས་གསོག་དང་། །སྒོམ་སྒྲུབ་འབྲེལ་བས་མི་ཡི་ལུས་ཐོབ་ཅིང་། །གནས་མཆོག་མཇལ་བའི་སྙིང་པོ་ལེན་ཡང་མཛོད། །ཨ་ཧོ། །འཁོར་འདས་ཆོས་རྣམས་རིག་པའི་མདངས་རྩལ་ཤར། །རྟོགས་ན་ཞིང་ཁམས་མ་རྟོགས་ཐ་མལ་དངོས། །རྣལ་འབྱོར་པ་ནི་བླང་དོར་གཟའ་གཏད་མེད། །གར་བལྟས་འོད་གསལ་ཉི་མ་ཁོར་ཡུག་ཤར། །ཆོས་དབྱིངས་མཁའ་ཁྱབ་འདི་ནི་བསྒྲུབ་མི་དགོས། །ཡངས་པ་ཆེན་པོ་འཛིན་རྟོགས་ཀུན་ལས་འདས། །སེམས་ཀྱི་སྤྲིན་ཚོགས་འདུ་འགོད་ཅི་བྱེད་ཀྱང་། །རང་རིག་ཟང་ཐལ་མཁའ་ལ་སྒྲིབ་པ་མེད། །བདེ་ཆེན་ཆོས་སྐུ་འགྱུར་མེད་ཁྱབ་གདལ་ཆེ། །གནས་དང་གང་ཟག་གཉིས་པོ་གཅིག་ཏུ་འདྲེས། །བལྟ་བྱ་མ་མཆིས་ལྟ་མཁན་གཞི་རྩ་སྟོང་། །བསྒོམ་པ་མ་མཆིས་སྒོམ་མཁན་དབྱིངས་སུ་ནུབ། །སྤྱོད་མེད་སྤྱོད་པ་ཚུལ་འཆོས་རྩིབ་གདབ་ཞིག །རིག་སྟོང་ཆོས་སྐུ་འདུ་འབྲལ་མེད་པ་ལས། །འབྲས་བུ་གཞན་ནས་ཚོལ་བའི་རེ་དོགས་བྲལ། །པདྨ་གར་དབང་སྐལ་པ་བཟང་བཟང་འདྲ། །བློ་གྲོས་མཐའ་ཡས་བན་རྒན་སྨྱོ་སྨྱོ་འདྲ། །བསྟན་གཉིས་གླིང་པ་སྐྱིད་སྡུག་མེད་མེད་འདྲ། །རེ་མེད་དོགས་མེད་བཀྲ་ཤིས་དཔལ་འབར་ཤོག །ཁོ་བོ་གུ་ཎའི་མིང་ཅན་ཆོས་རྗེ་མ་ཧཱ་གུ་རུའི་བཀའ་བཞིན་སྒྲུབ་གནས་ཀྱི་རྒྱལ་པོ་པདྨ་ཤེལ་ཕུག་ཏུ་གནས་འབྲེལ་བྱས་པའི་ཚེ་ཆེད་དུ་བརྗོད་པ་དགེ་ལེགས་འཕེལ་ལོ། །ཞེས་གསུངས་སོ། །

དེ་ལྟར་གནས་འདིའི་ཉེ་སྐོར་དུ་རོང་མེ་དཀར་མོ་སྟག་ཚང་དང་། ཁྱུང་ཆེན་དཔལ་གྱི་རྫོང་ཆེན། རྫོང་སར་བཀྲ་ཤིས་ལྷ་རྩེ་སོགས་ཤར་ལྷོ་ནུབ་བྱང་ཀུན་ཀྱང་སངས་རྒྱས་བྱང་ཆུབ་སེམས་དཔའ་དང་ཞི་ཁྲོའི་ལྷ་ཚོགས་བཞུགས་ཡོད་པ་ལ་དད་པས་ཕྱག་མཆོད་བསྐོར་བ་བྱས་ན། འཕྲལ་ཡུན་བདེ་ལེགས་ཡར་ངོའི་ཟླ་ལྟར་འཕེལ་ཞེས་ཀྱང་གནས་ཡིག་མང་པོར་གསུངས། དངོས་སྣང་དུའང་སྲིད་གཞུང་གིས་སྐྱེ་ཁམས་རིག་གནས་མཐོང་ཆེན་དང་སྣེ་ཁྲིད་ཀྱི་འོག །ལུང་པའི་མི་སྡེ་དབུལ་ཕོངས་ཕྱུག་ལམ་དུ་ཁྲིད་ནས་འབྱོར་འབྲིང་གི་འཚོ་བ་རོལ་དང་རོལ་བཞིན་པའོ། །

མཆན་འབྲེལ། ཁམས་ཀྱི་ས་ཕྱོགས་ལ་ཁམས་གསུམ་དང་། ཆུ་བཞི། སྒང་དྲུག །མདོ་ལྔ། རོང་ཆེན་བཞི། རོང་ཆུང་བཞི་སྟེ་རོང་བརྒྱད། ཤོད་བཅུ། མདུད་པ་བཞིར་ཕྱེ་ཚུལ་སྔོན་གྱི་ཡིག་ཆ་དག་ལས་གསལ། དེ་ལས་ཤོད་བཅུ་ནི་རྒྱ་ཤོད་དང་། དཔའ་ཤོད། རྟ་ཤོད། རྔོད་ཤོད། ཡག་ཤོད། ནགས་ཤོད། ཏྲེ་ཤོད། རྨེ་ཤོད། རྒྱངས་ཤོད། དེ་ཤོད་བཅས་སོ། །



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1