ཁང་གཉིས་ཀྱི་ཡོན་ཧྲིའི་ཚོགས་ཆེན་དང་ཀྲུང་གོ་ཚན་རྩལ་མཐུན་ཚོགས་ཀྱི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་པེ་ཅིང་དུ་འཚོགས་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་ཉིན་རེའི་ཚགས་པར། སྤེལ་དུས། 05-31




        ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ནས་ཚན་རྩལ་རང་ཚུགས་རང་སྟོབས་བྱ་རྒྱུ་དེ་རྒྱལ་ཁབ་འཕེལ་རྒྱས་གཏོང་བའི་འཐབ་ཇུས་ཀྱི་འདེགས་སྐྱོར་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ་འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་གཞི་ཚུགས་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་ལེན་བསྟར་བ། འཕེལ་རྒྱས་ཀྱི་བཀོད་པ་གསར་པ་གཏོད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱེད་པ་དང་། འཛམ་གླིང་གི་ཚན་རྩལ་མདུན་གྲལ་ལ་ཁ་ཕྱོགས་པ་དང་། དཔལ་འབྱོར་གྱི་གཡུལ་ས་གཙོ་བོར་ཁ་ཕྱོགས་པ། རྒྱལ་ཁབ་ཀྱི་དགོས་མཁོ་གལ་ཆེན་ལ་ཁ་ཕྱོགས་པ། མི་དམངས་ཀྱི་ཚེ་སྲོག་བདེ་ཐང་ལ་ཁ་ཕྱོགས་པ་བཅས་བྱེད་པ། ཚན་རིག་དང་སློབ་གསོར་བརྟེན་ནས་རྒྱལ་ཁབ་དར་རྒྱས་གཏོང་བའི་འཐབ་ཇུས་དང་། ཤེས་ལྡན་མི་སྣའི་སྟོབས་ཆེའི་རྒྱལ་ཁབ་ཀྱི་འཐབ་ཇུས། གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་བཅས་ལག་བསྟར་གཏིང་ཟབ་བྱེད་པ། འཕེལ་ཕྱོགས་ཆེན་པོ་སྟངས་འཛིན་དང་གོ་སྐབས་དམ་འཛིན་བྱེད་པ་དང་། གནད་དོན་ལ་ཐད་ཀར་གཏུགས་པ་དང་དཀའ་ངལ་ལ་མི་འཛེམ་པར་མདུན་སྐྱོད། རྒྱལ་ཁབ་ཀྱི་གསར་གཏོད་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། ཚན་རྩལ་སྟོབས་ཆེའི་རྒྱལ་ཁབ་མགྱོགས་མྱུར་སྐྲུན་པ་བཅས་བྱས་ནས་ཆུ་ཚད་མཐོ་བའི་ཚན་རྩལ་རང་ཚུགས་རང་སྟོབས་ཡོང་བར་བྱེད་དགོས་པའི་ནན་བཤད་གནང་བ།

        ཟླ་5ཚེས་28ཉིན། ཀྲུང་གོ་ཚན་རིག་ཁང་གི་ཡོན་ཧྲིའི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་། ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོན་ཧྲིའི་ཚོགས་ཆེན་ཐེངས་བཅོ་ལྔ་པ། ཀྲུང་གོ་ཚན་རྩལ་མཐུན་ཚོགས་ཀྱི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་བཅས་མི་དམངས་ཚོགས་ཁང་ཆེ་མོར་གཟབ་རྒྱས་ངང་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་ཚོགས་ཆེན་ལ་ཞུགས་པ་དང་གསུང་བཤད་གལ་ཆེན་གནང་བ།
        ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་28ཉིན་གློག་འཕྲིན་འབྱོར་གསལ། ཚེས་28ཉིན་གྱི་སྔ་དྲོ། ཀྲུང་གོ་ཚན་རིག་ཁང་གི་ཡོན་ཧྲིའི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་། ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོན་ཧྲིའི་ཚོགས་ཆེན་ཐེངས་བཅོ་ལྔ་པ། ཀྲུང་གོ་ཚན་རྩལ་མཐུན་ཚོགས་ཀྱི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་བཅས་མི་དམངས་ཚོགས་ཁང་ཆེ་མོར་གཟབ་རྒྱས་ངང་འཚོགས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་ཚོགས་ཆེན་ལ་ཞུགས་པ་དང་གསུང་བཤད་གལ་ཆེན་གནང་ནས། ཚན་རྩལ་རང་ཚུགས་རང་སྟོབས་བྱ་རྒྱུ་དེ་རྒྱལ་ཁབ་འཕེལ་རྒྱས་གཏོང་བའི་འཐབ་ཇུས་ཀྱི་འདེགས་སྐྱོར་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ་འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་གཞི་ཚུགས་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་ལེན་བསྟར་བ། འཕེལ་རྒྱས་ཀྱི་བཀོད་པ་གསར་པ་གཏོད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱེད་པ་དང་། འཛམ་གླིང་གི་ཚན་རྩལ་མདུན་གྲལ་ལ་ཁ་ཕྱོགས་པ་དང་། དཔལ་འབྱོར་གྱི་གཡུལ་ས་གཙོ་བོར་ཁ་ཕྱོགས་པ། རྒྱལ་ཁབ་ཀྱི་དགོས་མཁོ་གལ་ཆེན་ལ་ཁ་ཕྱོགས་པ། མི་དམངས་ཀྱི་ཚེ་སྲོག་བདེ་ཐང་ལ་ཁ་ཕྱོགས་པ་བཅས་བྱེད་པ། ཚན་རིག་དང་སློབ་གསོར་བརྟེན་ནས་རྒྱལ་ཁབ་དར་རྒྱས་གཏོང་བའི་འཐབ་ཇུས་དང་། ཤེས་ལྡན་མི་སྣའི་སྟོབས་ཆེའི་རྒྱལ་ཁབ་ཀྱི་འཐབ་ཇུས། གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་བཅས་ལག་བསྟར་གཏིང་ཟབ་བྱེད་པ། འཕེལ་ཕྱོགས་ཆེན་པོ་སྟངས་འཛིན་དང་གོ་སྐབས་དམ་འཛིན་བྱེད་པ་དང་། གནད་དོན་ལ་ཐད་ཀར་གཏུགས་པ་དང་དཀའ་ངལ་ལ་མི་འཛེམ་པར་མདུན་སྐྱོད། རྒྱལ་ཁབ་ཀྱི་གསར་གཏོད་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། ཚན་རྩལ་སྟོབས་ཆེའི་རྒྱལ་ཁབ་མགྱོགས་མྱུར་སྐྲུན་པ་བཅས་བྱས་ནས་ཆུ་ཚད་མཐོ་བའི་ཚན་རྩལ་རང་ཚུགས་རང་སྟོབས་ཡོང་བར་བྱེད་དགོས་པའི་ནན་བཤད་གནང་བ་རེད།
        ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་ཚོགས་ཆེན་གཙོ་སྐྱོང་གནང་བ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ལི་ཀྲན་ཧྲུའུ་དང་། དབང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཧན་ཀྲེང་བཅས་ཕེབས་ཡོད་པ་རེད།
        སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲའི་ཁྲོད་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ཞིང་། ཁོང་གིས་ཀྲུང་གོ་ཚན་རིག་ཁང་གི་ཡོན་ཧྲིའི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་། ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོན་ཧྲིའི་ཚོགས་ཆེན་ཐེངས་བཅོ་ལྔ་པ། ཀྲུང་གོ་ཚན་རྩལ་མཐུན་ཚོགས་ཀྱི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་བཅས་ནི་ང་ཚོས“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་ཀྱི་ལོ་རྒྱུས་ཀྱི་འབྲེལ་མཚམས་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པ་གཏོད་པའི་དུས་སྐབས་གལ་ཆེན་གྱི་དུས་སུ། རང་རྒྱལ་གྱི་ཚན་རྩལ་གསར་གཏོད་འཕེལ་རྒྱས་ཀྱི་ཇུས་ཆེན་ལ་མཉམ་དུ་གྲོས་བསྡུར་དང་སྐུལ་འདེད་གཏོང་བའི་ཚོགས་འདུ་གཟབ་རྒྱས་ཤིག་རེད། ཞི་ཅིན་ཕིང་གིས་ཏང་ཀྲུང་དབྱང་གི་ཚབ་ཞུས་ཏེ་ཚོགས་ཆེན་འཚོགས་པར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་པ་དང་འབྲེལ་ལས་གནས་ཁག་ཏུ་དཀའ་སྤྱད་ལེགས་སྐྱེས་འབུལ་མཁན་ཚན་རྩལ་ལས་དོན་པར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཡང་གནང་བ་རེད། ཟླ་5ཚེས་30ཉིན་ནི་རྒྱལ་ཡོངས་ཀྱི་ཚན་རྩལ་ལས་དོན་པའི་ཉིན་མོ་ཐེངས་ལྔ་པ་དེ་ཡིན་པ་དང་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་རྒྱ་ཆེའི་ཚན་རྩལ་ལས་དོན་པར་དུས་ཆེན་གྱི་འཚམས་འདྲི་གནང་བ་རེད།
        ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། གསར་བརྗེ་དང་། འཛུགས་སྐྲུན། སྒྱུར་བཅོས་བཅས་ཀྱི་ལོ་རྒྱུས་ཀྱི་དུས་སྐབས་ཁག་ནང་རང་རེའི་ཏང་གིས་ཚན་རྩལ་བྱ་གཞག་ལ་ཚད་མཐོའི་མཐོང་ཆེན་བྱེད་པ་དང་། ཏང་དང་མི་དམངས་ཀྱི་བྱ་གཞག་ཁྲོད་ཚན་རྩལ་བྱ་གཞག་ལ་སྔ་ཕྱི་བར་གསུམ་དུ་འཐབ་ཇུས་ཀྱི་གནས་བབ་ཧ་ཅང་གལ་ཆེན་ལྡན་པ་དང་འཐབ་ཇུས་ཀྱི་ནུས་པ་ཧ་ཅང་གལ་ཆེན་བཏོན་ཡོད། ཏང་གི་ཚོགས་ཆེན་བཅུ་དགུ་པ་འཚོགས་ཚུན། ཏང་ཀྲུང་དབྱང་གིས་རྒྱལ་སྤྱིའི་ཚན་རྩལ་གསར་གཏོད་ཀྱི་འགྲན་རྩོད་དུས་རྣམ་ལ་ཕྱོགས་ཡོངས་ནས་དབྱེ་ཞིབ་དང་། རྒྱལ་ཁབ་ཕྱི་ནང་གི་འཕེལ་རྒྱས་དུས་བབ་ལ་ཞིབ་འཇུག་གཏིང་ཟབ་བྱས་ནས་བརྡར་ཤ་གཅོད་པ། ཚན་རྩལ་གསར་གཏོད་དེ་རྒྱལ་ཁབ་འཕེལ་རྒྱས་ཀྱི་སྤྱི་ཡོངས་ཀྱི་ལྟེ་བའི་གནས་བབ་ཐོག་འཇོག་རྒྱུ་མཐའ་འཁྱོངས་བཅས་བྱས་ནས་ཚན་རྩལ་གསར་གཏོད་ལས་དོན་ལ་ཕྱོགས་ཡོངས་ནས་ཇུས་འགོད་བྱས་ཡོད། ང་ཚོས་ཏང་གིས་ཚན་རྩལ་བྱ་གཞག་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་འཕེལ་ཕྱོགས་ཆེན་པོར་ལྟ་བ་དང་། སྤྱི་ཡོངས་ལ་འཆར་འགོད། རྩ་བར་དམ་འཛིན་བཅས་བྱས་པས་ཕན་ནུས་ཆེ་བའི་སྒྲིག་འཛུགས་སྐུལ་སློང་མ་ལག་དང་སྤྱི་འདོམས་མཐུན་སྦྱོར་གྱི་ཚན་རྩལ་ཐོན་ཁུངས་བཀོད་སྒྲིག་བྱེད་སྟངས་ཤིག་གྲུབ་ཡོད། ང་ཚོས་འཛམ་གླིང་གི་ཚན་རྩལ་སྟོབས་ཆེའི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་འཐབ་ཇུས་དམིགས་ཚད་དམ་འཛིན་ནན་པོ་བྱས་ཏེ་དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་བྱེད་པའི་འགན་འཁྲིའི་བསམ་པ་དང་། ལས་འགན་སྒྲུབ་སེམས། དགོས་གཏུགས་ཀྱི་བསམ་པ་བཅས་ལ་བརྟེན་ནས་གོ་ལ་ཧྲིལ་པོའི་ཚན་རྩལ་འཕེལ་རྒྱས་ཀྱི་གོ་སྐབས་དམ་འཛིན་བྱས་ཏེ། རྨང་གཞིའི་མདུན་གྲལ་ཁྱབ་ཁོངས་སུ་དཔའ་ངར་ཆེན་པོས་སྔོན་ཐོན་བརྩོན་ལེན་བྱས་ཡོད། ང་ཚོས་ཚན་རྩལ་གསར་གཏོད་ཀྱི་སྣེ་ཁྲིད་དང་སྐུལ་ཁྲིད་ཀྱི་ནུས་པ་གང་ལེགས་བཏོན་ཏེ་ཐོག་མའི་གསར་གཏོད་ཐད་ཚད་བརྒལ་གསར་པ་ཡོང་བ་བྱས་ནས་ཚན་རྩལ་ཁྱབ་ཁོངས་གལ་ཆེན་ཐད་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ཡོང་བའི་འབད་བརྩོན་བྱས་ཡོད། ང་ཚོས་ཚན་རྩལ་གསར་གཏོད་ཀྱི་སྒྲིག་སྲོལ་སྒྱུར་བཅོས་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས་ཏེ་སྒྱུར་བཅོས་ཀྱི་བྱེད་ཐབས་གལ་ཆེན་རབ་དང་རིམ་པ་བཏོན་ནས་རྒྱལ་ཁབ་ཀྱི་གསར་གཏོད་མ་ལག་གི་སྤྱི་ཡོངས་ཀྱི་ཕན་ནུས་ཆེ་རུ་བཏང་ཡོད། ང་ཚོས་ཤེས་ལྡན་མི་སྣའི་སྟོབས་ཆེའི་རྒྱལ་ཁབ་ཀྱི་འཐབ་ཇུས་ལག་བསྟར་ཤུགས་ཆེན་བྱས་ཏེ། གནམ་འོག་གི་མཁས་པ་ཚང་མ་གཅིག་ཏུ་བསྡུས་ནས་བཀོལ་སྤྱོད་བྱས་ཏེ་རྒྱ་ཆེའི་ཚན་རྩལ་མི་སྣའི་ཧུར་བརྩོན་རང་བཞིན་དང་། རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་སྐུལ་སློང་གང་ལེགས་བྱས་ཡོད། ང་ཚོས་ཚན་རྩལ་ཁྱབ་ཁོངས་ཀྱི་སྒོ་འབྱེད་མཉམ་ལས་རྒྱ་ཆེར་གཏོང་བ་དང་། མིའི་རིགས་ལ་འཕྲད་པའི་འགྲན་སློང་གལ་ཆེན་ཐག་གཅོད་ནང་ཧུར་ཐག་ཞུགས་ནས་ཚན་རྩལ་གསར་གཏོད་ཀྱི་གྲུབ་འབྲས་ཀྱིས་རྒྱལ་ཁབ་དང་མི་དམངས་སྔར་ལས་མང་བར་ཕན་པ་ཐོབ་རྒྱུར་སྐུལ་འདེད་ཧུར་ཐག་བཏང་ཡོད།
        ཞི་ཅིན་ཕིང་གིས་གསུངས་དོན། ལོ་ཤས་རིང་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་རྒྱལ་ཡོངས་ཀྱི་ཚན་རྩལ་ལས་རིགས་དང་སྤྱི་ཚོགས་ལས་རིགས་ཁག་གི་ཐུན་མོང་འབད་བརྩོན་འོག རང་རྒྱལ་གྱི་ཚན་རྩལ་སྟོབས་ཤུགས་དེ་གྲངས་འབོར་གསོག་འཇོག་ནས་སྤུས་ཚད་ཀྱི་མཆོང་སྐྱོད་བར་དང་གནས་ཀྱི་ཚད་བརྒལ་ནས་མ་ལག་གི་ནུས་པ་མཐོར་གཏོང་བར་ཚན་རྩལ་གསར་གཏོད་ཐད་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་གསར་པ་ཐོབ་ཡོད། རྨང་གཞིའི་ཞིབ་འཇུག་དང་ཐོག་མའི་གསར་གཏོད་ལ་གྲུབ་འབྲས་གལ་ཆེན་ཐོབ་པ་དང་། འཐབ་ཇུས་ཀྱི་ལག་རྩལ་མཐོ་བའི་ཁྱབ་ཁོངས་ལ་མཆོང་སྐྱོད་གསར་པ་བྱུང་བ། རྩེར་སོན་ཐོན་ལས་ལ་ཚད་བརྒལ་གསར་པ་བྱུང་བ། ཚན་རྩལ་གྱིས་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་དང་ཚོད་འཛིན་ཁྲོད་ནུས་པ་གལ་ཆེན་ཐོན་པ། དམངས་འཚོའི་ཚན་རྩལ་ཁྱབ་ཁོངས་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན་པ། རྒྱལ་སྲུང་ཚན་རྩལ་གསར་གཏོད་ལ་གྲུབ་འབྲས་གལ་ཆེན་ཐོབ་ཡོད། རང་རྒྱལ་གྱི་རང་བརྟེན་གསར་གཏོད་བྱ་གཞག་ལ་མདུན་ལམ་ཆེན་པོ་ཡོད་པ་དང་། རང་རྒྱལ་གྱི་རྒྱ་ཆེའི་ཚན་རྩལ་ལས་བྱེད་པར་མདུན་ལམ་ཆེན་པོ་ལྡན་པ་ལག་ལེན་ཐོག་ནས་ར་འཕྲོད་བྱུང་ཡོད། རང་རྒྱལ་གྱི་རྒྱ་ཆེའི་ཚན་རྩལ་ལས་དོན་པས་དུས་བསྟུན་འཕེལ་རྒྱས་ཀྱི་སྙིང་སྟོབས་དང་། རྙིང་དོར་གསར་འཛུགས་ཀྱི་བློ་སྟོབས། བློ་བརྟན་འགྱུར་མེད་ཀྱི་ངེས་ཤུགས་བཅས་ལ་བརྟེན་ནས་དུས་རབས་ཀྱིས་དཀྲིས་པའི་འགན་འཁྲི་ལྕི་པོ་ཕྲག་ཐོག་ཏུ་འཁུར་ཏེ་ཆུ་ཚད་མཐོ་བའི་ཚན་རྩལ་གྱི་རང་ཚུགས་རང་སྟོབས་མངོན་འགྱུར་ཧུར་ཐག་ཡོང་བ་བྱེད་དགོས།
        ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཐོག་མའི་གསར་གཏོད་རང་བཞིན་དང་སྣེ་ཁྲིད་རང་བཞིན་གྱི་ཚན་རྩལ་འགག་སྒྲོལ་ལ་ཤུགས་སྣོན་བརྒྱབ་ནས་འགག་རྩའི་ལྟེ་བའི་ལག་རྩལ་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་དགོས། རྨང་གཞིའི་ཞིབ་འཇུག་བྱེད་པར་འཚོལ་ཞིབ་བྱེད་ཕོད་པ་དང་། ཐོག་མའི་གསར་རྩོམ་འབུར་དུ་ཐོན་པ། རང་བྱུང་ཁམས་ལ་ངོས་འཛིན་བྱེད་རྒྱ་ཆེ་རུ་གཏོང་བ། ངོས་འཛིན་བྱེད་ཁོངས་གསར་པ་གཏོད་པ་བཅས་བྱེད་དགོས། ཚན་རྩལ་འགག་སྒྲོལ་བྱེད་པར་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ནས་ཛ་དྲག་ཤོས་དང་དགོས་གཏུགས་ཆེ་ཤོས་ཀྱི་གནད་དོན་གྱི་ཕྱོགས་སུ་བསྐྱོད་དེ་རྒྱལ་ཁབ་ཀྱི་ཁ་ཚ་དགོས་གཏུགས་ཀྱི་དགོས་མཁོ་དང་ཕུགས་ཀྱི་དགོས་མཁོ་ནས་འགོ་འཛུགས་དགོས། ཁེ་ལས་ཀྱི་གསར་གཏོད་སྒུལ་ཤུགས་ཆེ་རུ་གཏོང་བ་དང་ཁེ་ལས་ཀྱི་ཇུས་འགོད་བྱེད་མཁན་གྱི་ནུས་པ་བཏོན་ཏེ་སྣེ་འདྲེན་ཁེ་ལས་ཀྱིས་སྣེ་ཁྲིད་པ་དང་། མཐོ་སློབ་དང་སློབ་གླིང་གིས་འདེགས་སྐྱོར་བྱེད་པ། གསར་གཏོད་བྱེད་པོ་ཁག་ཕན་ཚུན་མཐུན་སྦྱོར་བྱེད་པ་བཅས་ཀྱི་གསར་གཏོད་ཀྱི་མཉམ་འབྲེལ་སྒྲིག་གཞི་མགྱོགས་མྱུར་འཛུགས་པ་བཅས་བྱས་ནས་ཚན་རྩལ་གྲུབ་འབྲས་གཞན་སྒྱུར་གྱི་ཕན་འབྲས་ཆེ་རུ་གཏོང་དགོས། རིག་གཞུང་ཚན་ཁག་མང་པོ་མཉམ་དུ་འདྲེས་པའི་དེང་རབས་ཀྱི་ལས་གྲྭ་དང་ལག་རྩལ་ཚན་རིག་ཞིབ་འཇུག་བྱེད་ཤུགས་ཆེ་རུ་བཏང་ནས་རྨང་གཞིའི་ཚན་རིག་དང་བཟོ་སྐྲུན་ལག་རྩལ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་ཁྲིད་བྱས་ཏེ་ཆ་ཚང་བའི་དེང་རབས་ཀྱི་ཚན་རིག་ལག་རྩལ་མ་ལག་ཞིག་ཆགས་པར་བྱེད་དགོས།
        ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཚན་རྩལ་སྒྲིག་སྲོལ་སྒྱུར་བཅོས་ལ་སྐུལ་འདེད་བཏང་སྟེ་ཕྱོགས་ཡོངས་ནས་གསར་གཏོད་ལ་རྒྱབ་སྐྱོར་བྱེད་པའི་རྨང་གཞིའི་ལམ་ལུགས་ཆགས་པར་བྱེད་དགོས། སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་གྱི་ཆ་རྐྱེན་འོག་གི་རྒྱལ་ཡོངས་ཀྱི་སྒྲིག་སྲོལ་གསར་པ་འཐུས་སྒོ་ཚང་དུ་བཏང་ནས་ཚན་རྩལ་གསར་གཏོད་ཀྱི་སྒྲིག་འཛུགས་པ་གལ་ཆེན་ཡིན་པའི་རྒྱལ་ཁབ་ཀྱི་ནུས་པ་གང་ལེགས་འདོན་དགོས། གདེང་འཇོག་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ་སོགས་རྨང་གཞིའི་སྒྱུར་བཅོས་ལ་གཙོ་གནད་ཐོག་དམ་འཛིན་ཡག་པོ་བྱས་ཏེ་སྤུས་ཚད་དང་། ལས་རྗེས། ལེགས་སྐྱེས་བཅས་ལྟེ་བར་བྱེད་པའི་གདེང་འཇོག་གི་སྟོན་ཕྱོགས་མཐའ་འཁྱོངས་བྱས་ནས་གྲུབ་འབྲས་གསར་གཏོད་ཀྱི་ཆུ་ཚད་དང་། གཞན་སྒྱུར་བཀོལ་སྤྱོད་ཀྱི་ལས་རྗེས། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ལེགས་སྐྱེས་དངོས་འབུལ་བ་བཅས་ཕྱོགས་ཡོངས་དང་ཡང་དག་པའི་ངང་མཚོན་པར་བྱེད་དགོས། སྙིང་སྟོབས་དེ་བས་ཆེ་བའི་ཐོག་ནས་ཚན་རྩལ་དོ་དམ་གྱི་འགན་ནུས་བསྒྱུར་རྒྱུར་སྐུལ་འདེད་བཏང་སྟེ་འཐབ་ཇུས་ལ་དམ་འཛིན་དང་། སྒྱུར་བཅོས་ལ་དམ་འཛིན། འཆར་འགོད་ལ་དམ་འཛིན། ཞབས་ཞུར་དམ་འཛིན་བཅས་ཀྱི་ངེས་གནས་གཞིར་བཟུང་། སྤྱོད་ཚུལ་སྒྱུར་བ་དང་ནུས་པ་ཆེ་རུ་གཏོང་བ་དང་། འཆར་འགོད་སྲིད་ཇུས་ཀྱི་ཁྲིད་སྟོན་ལ་ཤུགས་སྣོན་རྒྱག་པ། ཚན་ཞིབ་ཚན་པར་རང་བདག་དབང་ཆ་དེ་བས་མང་བ་སྤྲོད་པ། ཚན་རིག་མཁས་ཅན་ལ་ལག་རྩལ་ལམ་ཕྱོགས་ཀྱི་གཏན་འཁེལ་དབང་ཆ་དང་གྲོན་དངུལ་སྤྱོད་དབང་དེ་བས་ཆེ་བ་སྤྲོད་པ་བཅས་བྱས་ནས་ཚན་ཞིབ་ཚན་པ་དང་ཚན་ཞིབ་མི་སྣ་རྙོག་འཛིང་ཆེ་བ་དང་དགོས་པ་མེད་པའི་སྒྲིག་སྲོལ་ལམ་སྲོལ་གྱི་འཆིང་རྒྱ་ལས་བཅིངས་འགྲོལ་གཏོང་དགོས། ཚན་རྩལ་རྣམ་གྲངས་གལ་ཆེན་འཛུགས་པ་དང་རྩ་འཛུགས་ཀྱི་དོ་དམ་བྱེད་སྟངས་སྒྱུར་བཅོས་བྱེད་པ་དང་། “ཚན་རྩལ་བྱ་དགའ་སྤྲོད་པ”དང“འགྲན་བསྡུར་བྱེད་པ”སོགས་ཀྱི་ལམ་ལུགས་ལག་བསྟར་བྱས་ཏེ། བསླབ་པ་རྒན་གཞོན་ལ་མི་ལྟ་བ་དང་ཚད་གཞི་མི་བཟོ་བར་ཤེས་ཡོན་ངོ་མ་ལྡན་པའི་ཚན་རྩལ་མི་སྣར་འཇོན་ཐང་ངོམ་ས་ཡོད་པར་བྱེད་དགོས།
        ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། རིགས་ཁག་གི་ཤེས་ལྡན་མི་སྣའི་གསར་གཏོད་ཀྱི་གསོན་ཤུགས་འཕེལ་བར་བྱས་ནས་གོ་ལ་ཧྲིལ་པོའི་ཤེས་ལྡན་མི་སྣའི་མཐོ་ས་སྐྲུན་དགོས། དེང་སྐབས་འཛམ་གླིང་གི་འགྲན་རྩོད་མཐར་གཏུགས་ནས་བཤད་ན་ཤེས་ལྡན་མི་སྣའི་འགྲན་རྩོད་དང་སློབ་གསོའི་འགྲན་རྩོད་ཡིན། ཤེས་ལྡན་པ་རང་བརྟེན་གསོ་སྐྱོང་བྱ་རྒྱུར་དེ་བས་མཐོང་ཆེན་བྱས་ཏེ་འཛམ་གླིང་ཐོག་ཤུགས་རྐྱེན་ལྡན་པའི་རྩེར་སོན་ཚན་རྩལ་ཤེས་ལྡན་མི་སྣ་ཁག་གཅིག་སྐྱེད་སྲིང་ཧུར་ཐག་བྱེད་པ་དང་། གསར་གཏོད་ཚོགས་པ་ཁག་གཅིག་ལ་རྒྱབ་སྐྱོར་བརྟན་པོ་བྱེད་པ། བྱང་ཚད་མཐོ་བའི་ལག་རྩལ་རྩལ་ནུས་ཤེས་ལྡན་མི་སྣ་དང་། བཟོ་རྩལ་མཁས་པ། རྒྱལ་ཁབ་ཆེན་པོའི་བཟོ་བོ་བཅས་དེ་བས་མང་བ་གསོ་སྐྱོང་བྱེད་དགོས། རང་རྒྱལ་གྱི་སློབ་གསོ་ནི་མཁས་པ་གསོ་སྐྱོང་བྱེད་ཐུབ་པ་ཞིག་ཡིན་པས་ང་ཚོར་གདེང་ཚོད་འདི་ཡོད་དགོས། གོ་ལ་ཧྲིལ་པོའི་ཕུལ་བྱུང་ཤེས་ལྡན་མི་སྣ་གཅིག་སྡུད་བྱེད་པའི་ཚན་ཞིབ་གསར་གཏོད་ཀྱི་མཐོ་ས་བསྐྲུན་ནས་རྩེར་སོན་ཤེས་ལྡན་མི་སྣ་དང་ཆེད་ལས་ཤེས་ལྡན་མི་སྣ་ཀྲུང་གོར་ལས་ཀ་དང་། ཚན་ཞིབ། སྤེལ་རེས་བཅས་བྱེད་པར་ཡོང་བའི་སྲིད་ཇུས་འཐུས་སྒོ་ཚང་དུ་གཏོང་དགོས། ཚན་རྩལ་མི་སྣའི་སེམས་ཤུགས་གཙོ་བོ་ཚན་རྩལ་གསར་གཏོད་དང་ཞིབ་འཇུག་གསར་སྤེལ་གྱི་བྱེད་སྒོར་འདོན་དུ་འཇུག་པ་ལས། དོན་མེད་བསུ་སྐྱེལ་གྱི་བྱེད་སྒོ་དང་། དགོས་མེད་དཔྱད་ཞིབ་དང་གདེང་འཇོག་གི་བྱེད་སྒོ ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཀྱི་བྱེད་སྒོ་བཅས་ཀྱི་ཐོག་གཏན་ནས་སྤྱོད་དུ་འཇུག་མི་རུང་།
        ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་གོ་ཚན་རྩལ་མཐུན་ཚོགས་ཀྱིས་ཏང་དང་སྲིད་གཞུང་གིས་ཚན་རྩལ་ལས་དོན་པ་དང་འབྲེལ་བ་བྱེད་པའི་འབྲེལ་ཟམ་དང་འབྲེལ་ཐག་གི་འགན་འཁྲི་ཕྲག་ཐོག་ཏུ་འཁུར་ནས་ཚན་རྩལ་ལས་དོན་པར་ཞབས་འདེགས་དང་། གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུར་ཞབས་འདེགས། དམངས་ཡོངས་ཀྱི་ཚན་རིག་བྱང་ཚད་མཐོ་རུ་གཏོང་རྒྱུར་ཞབས་འདེགས། ཏང་དང་སྲིད་གཞུང་གིས་ཚན་རིག་དང་མཐུན་པའི་ཇུས་ཐག་གཅོད་རྒྱུར་ཞབས་འདེགས་ཞུ་རྒྱུ་བཅས་མཐའ་འཁྱོངས་བྱས་ཏེ་རྒྱ་ཆེའི་ཚན་རྩལ་ལས་དོན་པ་ཏང་གི་མཐའ་འཁོར་དུ་མཐུན་སྒྲིལ་བྱེད་པ་དང་། ཚན་རིག་མཁས་ཅན་གྱི་སྙིང་སྟོབས་དར་སྤེལ་གཏོང་བ། སློབ་སྲོལ་བཟང་པོ་ཁྱབ་གདལ་གཏོང་བ་བཅས་བྱེད་དགོས། འཛམ་གླིང་ལ་ཁ་ཕྱོགས་པ་དང་འབྱུང་འགྱུར་ལ་ཁ་ཕྱོགས་རྒྱུ་མཐའ་འཁྱོངས་ཀྱིས་རྒྱལ་སྤྱིའི་ཚན་རྩལ་ལས་རིགས་ཀྱི་སྒོ་དབྱེ་དང་། ཡིད་ཆེས། མཉམ་ལས་བཅས་ཟབ་ཏུ་བཏང་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་དང་། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས།
        ཞི་ཅིན་ཕིང་གིས་གསུངས་དོན། ཚན་རིག་ཁང་དང་བཟོ་སྐྲུན་ཁང་གི་ཡོན་ཧྲི་ནི་རྒྱལ་ཁབ་ཀྱི་རྒྱུ་ནོར་དང་། མི་དམངས་ཀྱི་སྤོབས་པ། མི་རིགས་ཀྱི་གཟི་བརྗིད་བཅས་ཡིན། ཡོན་ཧྲིའི་ལམ་ལུགས་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་ནས་ཡོན་ཧྲིའི་མཚན་སྙན་ལ་གཟི་བརྗིད་རང་བཞིན་དང་རིག་གཞུང་རང་བཞིན་སྔར་བས་ལྡན་པ་བྱས་ཏེ་ཡོན་ཧྲིའི་མཚན་སྙན་གྱི་དྭངས་གཙང་རང་བཞིན་སྲུང་སྐྱོང་བྱེད་དགོས། རྒྱ་ཆེའི་ཡོན་ཧྲི་ཚོས་སེམས་ལ་མེས་རྒྱལ་འཆང་བ་དང་མི་དམངས་ལ་ཞབས་འདེགས་ཞུ་བའི་མིག་དཔེ་དང་། བདེན་དོན་བརྩོན་གཉེར་དང་ཡང་རྩེར་འཛེག་ཕོད་པའི་མིག་དཔེ། རིག་གཞུང་གི་ཀུན་སྤྱོད་བརྟན་སྲུང་དང་གཟབ་ནན་སློབ་གཉེར་བྱེད་པའི་མིག་དཔེ། བློས་གཏོང་བྱེད་ཕོད་པ་དང་རྗེས་རབས་སྐྱོང་བའི་མིག་དཔེ་བཅས་བྱ་རྒྱུའི་རེ་བ་ཡོད། རྒྱ་ཆེའི་ཡོན་ཧྲི་ཚོས་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བ་དང་། ཏང་གི་འབོད་སྐུལ་དང་ལེན་ཞུ་བ། མེས་རྒྱལ་གྱི་འབོད་སྐུལ་དང་ལེན་ཞུ་བ། གཞན་གྱི་སྔོན་ལ་སྒྲུབ་ཕོད་པ་དང་ཕུལ་བྱུང་དོན་གཉེར་བྱེད་པ། རིག་གཞུང་ཀུན་སྤྱོད་དང་ཚན་ཞིབ་མི་ཆོས་བརྟན་སྲུང་བྱེད་པ། རྗེས་རབས་པར་སྣེ་ཁྲིད་མཁན་གྱི་ལམ་སྟོན་པ་བཅས་བྱས་ཏེ་ཏང་དང་། མེས་རྒྱལ། མི་དམངས་བཅས་ཀྱི་ཆེད་དུ་སྟོབས་ཤུགས་ཡོད་རྒུ་བཏོན་ནས་འབད་འཐབ་ལྷོད་མེད་བྱེད་དགོས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1