ཞོགས་པ་ཕོ་བྲང་པོ་ཏ་ལའི་ཐང་ཆེན་གྱི་བོད་ཞི་བས་བཅིངས་འགྲོལ་བཏང་བའི་དྲན་གསོའི་རྡོ་རིང་གི་གསེར་མདོག་ཅན་གྱི་ཡིག་ཆེན་ལས་འོད་ཟེར་ཆེམ་ཆེམ་འཕྲོ།
མཛད་རྗེས་རྡོ་རིང་དེས་ལོ་ངོ་70ཡི་གོང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ཕྱི་རོལ་ཕྱོགས་གཏོགས་ཀྱིས་བོད་འདི་ཉིད་ཀྲུང་གོ་ནས་ཁ་ཕྲལ་གཏོང་བའི་ལྐོག་གཡོ་ཐལ་བའི་རྡུལ་དུ་བརླགས་པ་དང་། རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ཆ་ཚང་སྲུང་སྐྱོང་བྱས་པ། མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་བྱས་པ་མ་ཟད། ཞིང་བྲན་ཁྲི་ཚོ་བརྒྱར་ཡར་ལངས་བཅིངས་འགྲོལ་གཏོང་བའི་འགྲོ་ལམ་གསར་པ་བཏོད་པ་དང་བོད་འདི་ཉིད་དར་རྒྱས་ཡར་ཐོན་གྱི་འོད་སྟོང་འཕྲོ་བའི་མདུན་ལམ་ཕྱོགས་སུ་སྐྱོད་འགོ་ཚུགས་པའི་དཔང་པོ་བྱེད་ཐུབ།
དེ་ནི་གངས་ལྗོངས་ས་མཐོར་ཉི་འོད་རབ་ཏུ་འཕྲོས་པའི་ཉིན་མོ་གསར་པ་ཞིག་རེད།
ལྷ་ས་གྲོང་ཁྱེར་ནན་ལིན་ཡུས་ཅིང་ཁུལ་ཆུང་དུ་ལོ་81ལ་སླེབས་པའི་ཚེ་དབང་འགྱུར་མེད་རྒྱ་ཆེ་ལ་དཀར་ཆ་དོད་པའི་ཚོམས་ཆེན་དུ་བརྙན་འཕྲིན་ལྟ་བཞིན་འདུག ལོ་གསུམ་གྱི་གོང་། ཚེ་དབང་འགྱུར་མེད་ཀྱི་ནང་མི་ཆབ་མདོ་གྲོང་ཁྱེར་གོ་འཇོ་རྫོང་གི་རི་གྲོང་དབུལ་པོར་འཚོ་བ་བསྐྱལ་བ་དང་། ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བྱས་པ་ལས་བགྲེས་སོང་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་རྒྱུ་བྱུང་ཡོད།
ནག་ཆུ་གྲོང་ཁྱེར་ཤན་རྩ་རྫོང་གི་འབྲོག་ཁུལ་དུ་ལོ་38ལ་སླེབས་པའི་དངོས་གྲུབ་ཀྱིས་འདོན་འཇུག་འཕྲུལ་འཁོར་བཏང་ནས་ལས་ཡུལ་དུ་ལས་ཀ་བྱེད་བཞིན་ཡོད། ལོ་5ཡི་གོང་ཁོང་ནི་ཕྱུགས་འཚོ་བ་ཞིག་ཡིན་ལ། གྲོང་ཚོའི་ནང་གི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་ཞིག་རེད། ས་གནས་དེ་གའི་སྲིད་གཞུང་གི་རོགས་སྐྱོར་འོག་དངོས་གྲུབ་ཀྱིས་འདོན་འཇུག་འཕྲུལ་འཁོར་ཉོས་ནས་ཕྱིར་ལས་ཀ་བྱེད་པར་འགྲོ་གི་ཡོད། ད་ཆ་ཁྱིམ་ཚང་གི་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི་1.5བར་མཐོ་རུ་ཕྱིན་ཡོད།
ལོ་ངོ་70ཡི་རིང་ཀྲུང་གོ་གུང་ཁྲན་ཏང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་བོད་འདི་ཉིད་དབུལ་ཕོངས་རྗེས་ལུས་ནས་ཤེས་དཔལ་ཡར་ཐོན་གྱི་ཕྱོགས་སུ་སྐྱོད་པའི་རླབས་ཆེན་གྱི་མཆོང་སྐྱོད་བྱུང་ནས་བྱ་གཞག་ཁག་ལ་ཕྱོགས་ཡོངས་ནས་ཡར་རྒྱས་བྱུང་བ་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད།
ཐུགས་ཁུར་ཟབ་བཞེས། ཀྲུང་དབྱང་གིས་བོད་ལ་རྒྱབ་སྐྱོར་དང་རྒྱལ་ཡོངས་ཀྱིས་བོད་ལ་རོགས་སྐྱོར་བྱེད་པ།
བོད་རྙིང་པར་ཚད་ལྡན་གྱི་གཞུང་ལམ་གཅིག་ཀྱང་མེད། བོད་ཞི་བས་བཅིངས་འགྲོལ་བཏང་རྗེས་མི་དམངས་བཅིངས་འགྲོལ་དམག་གཙོ་བོར་བྱས་པའི་ལམ་བཟོའི་དཔུང་ཆེན་གྱིས་དཀའ་ཚེགས་ཆེ་བའི་རང་བྱུང་ཁོར་ཡུག་དང་ཨར་ལས་ཀྱི་དཀའ་ངལ་ཁྱད་དུ་བསད་དེ། ལོ་གསུམ་ནང་ཁྲོན་བོད་དང་མཚོ་བོད་གཞུང་ལམ་གཉིས་ཤར་གཏོང་བྱས་ཡོད། ད་ཆ་བོད་ཀྱི་གཞུང་ལམ་དུ་རླངས་འཁོར་ཤར་གཏོང་ཐུབ་པའི་ལམ་ཐག་སྤྱི་ལེ་ཁྲི་11.88ཟིན་པ་དང་། ཤང་གྲོང་རྡལ་དང་སྒྲིག་གཞི་ཚང་བའི་གྲོང་ཚོར་རླངས་འཁོར་ཤར་གཏོང་ཐུབ་ཚད་100%དང་99.96%སོ་སོར་ཟིན་ཡོད།
ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བོད་ཀྱི་ལྕགས་ལམ་འཕེལ་རྒྱས་མྱུར་པོ་བྱུང་བ་སྟེ། 2014ལོར་ལྷ་ས་ནས་གཞིས་རྩེ་བར་གྱི་ལྕགས་ལམ་ཤར་གཏོང་ཐུབ་པ་དང་། ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲི་བར་གྱི་དུམ་བུ་འདི་ལོའི་ཟླ་4ཚེས་1ཉིན་ནས་ཚོད་ལྟའི་གཉེར་སྐྱོང་བྱེད་བཞིན་ཡོད་པ་དང་རིང་མིན་དུ་མེ་འཁོར་ཤར་གཏོང་ཐུབ་རྒྱུ་རེད། ཀྲུང་གོ་ལྕགས་ལམ་འཛུགས་སྐྲུན་བཟོ་ལས་ལྷ་ཉིང་བབས་ཚུགས་ཀྱི་རྣམ་གྲངས་པུའི་འགན་འཁུར་བ་ཀྲང་ཡ་ཅུན་2005ལོར་མཚོ་བོད་ལྕགས་ལམ་ལྷ་ས་བབས་ཚུགས་ཀྱི་འཛུགས་སྐྲུན་ནང་ཞུགས་མྱོང་ཡོད། ལས་མཇུག་འགྲིལ་ཉེར་ཡོད་པའི་ཉིང་ཁྲི་བབས་ཚུགས་ལ་ལྟ་བཞིན་ཁོང་གིས“དེ་དུས་ཆ་སྙོམས་ས་བབ་མཐོ་ཚད་སྨི་4000ལྷག་ཙམ་གྱི་ས་མཐོར་ལྕགས་ལམ་འཛུགས་སྐྲུན་གྱི་མྱུར་ཚད་མགྱོགས་པོ་དེ་འདྲ་ཡོང་སྙམ་པ་ང་ཚོའི་བསམ་པའི་ཡུལ་ལའང་འཆར་མྱོང་མེད”ཅེས་བཤད།
ཏང་ཀྲུང་དབྱང་གིས་སྔར་ནས་བཟུང་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་དང་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་ཐུགས་ཁུར་ཟབ་མོ་གནང་གི་ཡོད། ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་ལ་ཆོས་ཉིད་རང་བཞིན་གྱི་ངོས་འཛིན་ཇེ་ཟབ་ཏུ་བཏང་བ་དང་། ཏང་གིས་མི་དམངས་ཀྱི་འགོ་ཁྲིད་དེ་བོད་སྐྱོང་དང་། བོད་བརྟན་ལྷིང་། བོད་དར་རྒྱས་བཅས་ཀྱི་གྲུབ་འབྲས་ཐོབ་པའི་ཉམས་མྱོང་ལ་ཕྱོགས་སྡོམ་བྱས་པས། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་གྲུབ་པ་དང་། བོད་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་བས་བོད་ཀྱི་འཕེལ་རྒྱས་ལ་སྐྱེ་སྟོབས་ཀྱི་དཔལ་འབར་བ་དང་གསོན་ཤུགས་ཆེན་པོ་རྒྱས་ཏེ་མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཟམ་མི་ཆད་པར་ཆེ་རུ་ཕྱིན་ཡོད།
“ལོ་ལྔ་ཚན་བཅུ་གསུམ་པའི”རིང་རྒྱལ་ཁབ་ཀྱིས་བོད་ལ་རྣམ་གྲངས་197འཆར་འགོད་བཀོད་སྒྲིག་བྱས་པར་མ་དངུལ་སྒོར་དུང་ཕྱུར་3807བཏང་བའི་ནང་ཀྲུང་དབྱང་སྲིད་གཞུང་གིས་མ་དངུལ་སྒོར་དུང་ཕྱུར་2674བཏང་ཡོད། 2020ལོའི་ཟླ་10པའི་ཟླ་མཇུག་བར། ཀྲུང་དབྱང་སྲིད་གཞུང་གིས་རིམ་རྩིས་བྱས་ན་བོད་ལ་མ་དངུལ་སྒོར་དུང་ཕྱུར་3136བཏང་བ་དེ་འཆར་འགོད་མ་འཇོག་དངུལ་འབོར་ལས་17.3%གྱིས་མཐོ་བ་ཡོད།
བསྡོམས་རྩིས་བྱས་པར་གཞིགས་ན། བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70ཡི་རིང་རྒྱལ་ཁབ་ཀྱིས་རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར་ཁྲི་1ལྷག་ཙམ་བཏང་ནས་གཙོ་གནད་འཛུགས་སྐྲུན་རྣམ་གྲངས་800ལྷག་ཙམ་ལག་ལེན་བསྟར་བས་བོད་ཀྱི་འགྲིམ་འགྲུལ་དང་།
ནུས་རྒྱུ། ཆུ་བེད་སོགས་ཁྱབ་ཁོངས་ཁག་ལ་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད།
2019ལོའི་ཟླ་གསུམ་པར་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས་ཡོངས་བསྒྲགས་བྱས་པའི《རླབས་ཆེན་གྱི་མཆོང་སྐྱོད། བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་ངོ་60འཁོར་བ》ཞེས་པའི་རྒྱབ་ཤ་དཀར་པོའི་དེབ་ནང་། 1980ལོ་ནས་2018ལོ་བར་ཀྲུང་དབྱང་གིས་བོད་ལ་ནོར་སྲིད་ཁ་གསབ་རིམ་རྩིས་བྱས་ན་སྒོར་དུང་ཕྱུར་12377.3སྤྲད་པ་དེས་བོད་ཀྱི་ནོར་སྲིད་གཏོང་སྒོའི་བསྡོམས་འབོར་གྱི་91%བཟུང་ཡོད་ཅེས་འཁོད་ཡོད། “དེ་ཡང་གསལ་པོར་བཤད་ན། བོད་ཀྱིས་སྒོར་100སྤྱད་ན་སྒོར་91ནི་ཀྲུང་དབྱང་ནོར་སྲིད་ཀྱིས་རྒྱབ་སྐྱོར་བྱས་པ་ཞིག་རེད”ཅེས་བོད་རང་སྐྱོང་ལྗོངས་སྲིད་གཞུང་གི་འབྲེལ་ཡོད་འགན་འཁུར་བློ་མཐུན་གྱིས་བཤད།
ཀྲུང་དབྱང་གིས་བོད་ལ་རྒྱབ་སྐྱོར་དང་རྒྱལ་ཡོངས་ཀྱིས་བོད་ལ་རོགས་སྐྱོར་བྱེད་པ་ནི་ཏང་ཀྲུང་དབྱང་གིས་ཐོག་མཐའ་བར་གསུམ་དུ་འཛིན་པའི་སྲིད་ཇུས་ཤིག་ཡིན། ཉིན་ཤས་གོང་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས་ཁྱབ་བསྒྲགས་བྱས་པའི《བོད་ཞི་བས་བཅིངས་འགྲོལ་དང་དར་རྒྱས་གོང་འཕེལ》ཞེས་པའི་རྒྱབ་ཤ་དཀར་པོའི་དེབ་ནང་མངོན་པར་གཞིགས་ན། 1994ལོ་ནས་2020ལོ་བར་ཁ་གཏད་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་དང་། ཀྲུང་དབྱང་རྒྱལ་ཁབ་ལས་ཁུངས། ཀྲུང་དབྱང་ཁེ་ལས་བཅས་ཀྱིས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཛུགས་སྐྲུན་གྱི་རྣམ་གྲངས་6330ལ་རོགས་སྐྱོར་བྱས་པར་ཁྱོན་མ་དངུལ་སྒོར་དུང་ཕྱུར་527བཏང་བ་དང་འབྲེལ་ཕུལ་བྱུང་ལས་བྱེད་པ་9682ཁག་9ལ་དབྱེ་ནས་བོད་སྐྱོར་བྱེད་པར་མངགས་པ་རེད།
འཚོ་བར་འགྱུར་ལྡོག་ཆེན་པོ་བྱུང་བ། དབུལ་པོ་དབུལ་རྐྱང་ལས་བསྒྲལ་ཏེ་ཕྱོགས་ཡོངས་ནས་འབྱོར་འབྲིང་ཕྱོགས་སུ་བསྐྱོད་པ།
དེ་སྔ་ཞིང་བྲན་ཡིན་པའི་ཚེ་དབང་འགྱུར་མེད་ཀྱིས་ད་ཆའི་འཚོ་བ་ཡག་པོ་འདི་འདྲ་སྐྱེལ་ཐུབ་སྙམ་པ་བསམ་པའི་ཡུལ་ལའང་འཆར་མྱོང་མེད། “ཆུང་དུས་ཞིང་བྲན་བདག་པོའི་ས་ཞིང་འདེབས་པ་དང་ཕྱུགས་འཚོ་དགོས་པ་དང་རང་ཁྱིམ་ལ་ལྟོ་གྲོད་པ་རྒྱགས་པ་ཞིག་བཟའ་རྒྱུ་མེད”སྐབས་དེ་དུས་ཀྱི་ཡ་ང་བའི་འཚོ་བ་དེ་དག་རྡོ་ལ་རི་མོ་བརྐོས་པ་བཞིན་ཚེ་དབང་འགྱུར་མེད་ཀྱི་སེམས་ལ་བརྟན་པོར་ངེས་ཡོད།
ལོ་རྒྱུས་ཐོག་བོད་དུ་ཡུན་རིང་ཆོས་སྲིད་ཟུང་འབྲེལ་གྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ལག་བསྟར་བྱས་ཡོད། ལམ་ལུགས་དེ་1959ལོའི་བོད་དུ་དམངས་གཙོའི་བཅོས་སྒྱུར་མ་བྱས་གོང་བར་ལག་ལེན་བསྟར་བ་དང་ཞིང་བྲན་ཁྲི་ཚོ་བརྒྱ་ལྷག་ཙམ་བཤུ་གཞོག་དང་གཉའ་གནོན་མྱོང་དགོས་བྱུང་ཡོད།
“དམངས་གཙོའི་བཅོས་སྒྱུར་ནི་བོད་འདི་ཉིད་དུས་རབས་འཕེལ་རྒྱས་ཀྱི་རླབས་རྒྱུན་དང་བསྟུན་པའི་གདམ་ག་གལ་ཆེན་ཞིག་དང་ཀྲུང་གོ་གུང་ཁྲན་ཏང་གིས་བོད་ཀྱི་གནད་དོན་ཐག་གཅོད་བྱེད་པའི་གསར་གཏོད་རླབས་ཆེན་ཞིག་ཡིན་པས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་ཡར་ཐོན་ལ་སྒུལ་ཤུགས་ཆེན་པོ་བསྣན་ཡོད” བོད་རང་སྐྱོང་ལྗོངས་སྲིད་གཞུང་གི་ཀྲུའུ་ཞི་ཆེ་དགྲ་ལྷ་ཡིས་ཞིང་བྲན་ཁྲི་ཚོ་བརྒྱར་ཡར་ལངས་བཅིངས་འགྲོལ་ཐོབ་པ་དང་རང་ཉིད་ལ་དབང་བའི་ས་ཞིང་དང་ཐོན་སྐྱེད་རྒྱུ་ཆ་ཐེངས་དང་པོ་རག་ནས་རྒྱལ་ཁབ་དང་སྤྱི་ཚོགས་ཀྱི་བདག་པོར་གྱུར་ཡོད་ཅེས་གསུངས།
ཚེ་དབང་འགྱུར་མེད་ཀྱི་ཕ་ཡུལ་ནི་ཆབ་མདོ་གྲོང་ཁྱེར་གོ་འཇོ་རྫོང་འབུམ་སྐྱེས་ཤང་མཁལ་པོ་གྲོང་ཚོ་ནས་ཡིན་པས་གྲོང་ཚོ་གནས་སའི་ས་ངན་ཡུག་ཁུལ་ནི་འཕྲེད་རྒྱུག་རི་ཁུག་ཏུ་གནས་པ་དང་། དེ་ནི་བོད་ཀྱི་དབུལ་པོའི་ཁྲོད་ཀྱི་དབུལ་ཤོས་དེ་རེད། མི་རབས་ནས་མི་རབས་བར་རི་མཐོའི་གྲོག་རོང་དུ་འཚོ་བ་སྐྱེལ་བ་དང་། ཚེ་དབང་འགྱུར་མེད་དང་ཡུལ་མི་སྤུན་ཟླ་ཚོས་ས་ཞིང་སྦར་མཐིལ་ཙམ་ལ་བརྟེན་ནས་འཚོ་ཐབས་བྱེད་དགོས་ཀྱི་ཡོད།
དུས་རབས་གསར་པར་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་བརྒྱབ་པ་ནས་བཟུང་། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བོད་རང་སྐྱོང་ལྗོངས་ཡོངས་ཤིན་ཏུ་དབུལ་བའི་ས་ཁུལ་དུ་བརྩིས་ནས“ཁུལ་གསུམ་ཀྲོའུ་གསུམ”གྱི་ཁྱབ་ཁོངས་ནང་བཅུག་ནས་གཙོ་གནད་ཐོག་རྒྱབ་སྐྱོར་བྱས་ཡོད། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་གཏིང་ཟབ་བྱས་ཏེ་བོད་ཀྱིས་དབུལ་སྒྲོལ་འགག་སྒྲོལ་ལ་བརྟེན་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་སྤྱི་འདོམས་བྱ་རྒྱུ་མཐའ་འཁྱོངས་དང་གནད་སྨིན་དབུལ་སྐྱོར་གྱི་ཐབས་ཇུས་མཐའ་འཁྱོངས་བྱས་ནས་སེམས་ནུས་ཡོད་རྒུས་དབུལ་སྒྲོལ་འགག་སྒྲོལ་ལ་སྐུལ་འདེད་བཏང་ཡོད།
2016ལོ་ནས་བཟུང་བོད་ཀྱིས“ཡུལ་ཕྱོགས་ཤིག་གི་ས་ཆུས་ཡུལ་ཕྱོགས་དེ་གའི་མི་གསོ་མི་ཐུབ་པའི”ས་ཁོངས་དབུལ་པོའི་མི་འབོར་ཡུལ་གཞན་དུ་གནས་སྤོས་ཏེ་གྲོང་ཁྱེར་དང་གྲོང་རྡལ་དང་ཐོན་སྐྱེད་རྒྱུ་ཆ་འབེལ་བ་དང་རྨང་གཞིའི་སྒྲིག་བཀོད་བལྟོས་བཅས་ཀྱིས་འཐུས་སྒོ་ཚང་བའི་ས་ཁུལ་དུ་གཅིག་སྡུད་བྱས་ཡོད། ཚེ་དབང་འགྱུར་མེད་ཀྱི་ནང་མི་2018ལོའི་ཟླ་6པར་ལྷ་སར་སྤོས་ནས་གཞིས་ཆགས་པ་དང་། ད་ཆ་བུ་མོ་གཉིས་ཡོད་པ་ལས་གཅིག་ལྷ་སར་ཁྱིམ་ཐབ་ཟིན་པ་དང་བུ་མོ་གཅིག་སྡོད་ཁང་གསར་པའི་ཉེ་འགྲམ་གྱི་བུ་བཅོལ་ཁང་དུ་ལས་ཀར་འགྲོ་གི་ཡོད། ཚེ་དབང་འགྱུར་མེད་ཀྱིས་ཟླ་རེར་རྒན་གསོའི་དངུལ་ལེན་པ་མ་ཚད་སྡེ་ཁུལ་གྱི་ཐོན་ལས་ཀྱི་བགོ་འགྲེམས་ཀྱང་ལེན་གྱི་ཡོད། “འཚོ་བ་ཉིན་རེ་ལས་མ་འདས་པར་སྐྱིད་དུ་འགྲོ་གི་འདུག”ཅེས་བགྲེས་སོང་གིས་འཛུམ་དམུལ་དམུལ་ངང་བཤད།
ལོ་4ལྷག་ཙམ་འབད་འཐབ་བྱས་པ་བརྒྱུད་བོད་ཀྱིས་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བཀོད་སྒྲིག་བྱ་ཡུལ་965བསྐྲུན་ནས་ཞིང་འབྲོག་པ་ཁྲི་26.6རི་མཐོ་གཡང་གཟར་གྱི་གྲང་ངར་ཆེ་བའི་ས་ཆ་ནས་ལུང་ཤུར་གྱི་གྲོང་ཁྱེར་དང་གྲོང་རྡལ་དུ་སྤོས་ཏེ་བདེ་སྡོད་ལས་བརྩོན་བྱུང་ཡོད།
གོང་འོག་སེམས་མཐུན་དང་། དམག་འཐབ་ནུས་ལྡན། གནད་སྨིན་དངོས་སྒྲུབ། འགག་སྒྲོལ་དཀའ་སེལ་བཅས་བྱས་པས་2019ལོའི་ལོ་མཇུག་ཏུ་བོད་ཀྱི་ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོ་ཁྲི་62.8ཚང་མ་དབུལ་སྒྲོལ་ཐུབ་པ་དང་། རྫོང(ཆུས)དབུལ་པོ་74ཚང་མ་དབུལ་ཞྭ་ཕུད་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་ཐོབ་ཡོད།
འོས་འགན་སློབ་གསོ་སྲ་བརྟན་དུ་གཏོང་ཚད་95%ཟིན་པ་དང་། གཞི་རྩའི་རྒན་གསོ་འགན་བཅོལ་ནང་ཞུགས་ཚད་95%ཡན་ཟིན་པ། མི་རེའི་ཆ་སྙོམས་སྔོན་དཔག་ཚེ་ཚད་ལོ་71.1བར་མཐོ་རུ་ཕྱིན་པ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་41156དང་སྒོར་14598སོ་སོར་ཟིན་པ་ལ་སོགས་བྱུང་བས། བོད་ཀྱིས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པར་ཐག་གཅོད་རང་བཞིན་གྱི་གྲུབ་འབྲས་ཐོབ་ནས་མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད།
མུ་མཐུད་འབད་འཐབ་བྱེད། གྲོང་གསེབ་དར་རྒྱས་ལ་གཞོལ་ནས་ས་མཐོའི་ལེའུ་གསར་པ་རྩོམ་པ།
དབུལ་པོའི་གནས་ལས་བསྒྲལ་ཏེ་བོད་ཀྱིས་ཕྱོགས་ཡོངས་ནས་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བའི་ལེའུ་གསར་པ་རྩོམ་བཞིན་ཡོད།
འབྲི་ཆུ་དང་། རྫ་ཆུ། རྒྱལ་མོ་རྔུལ་ཆུ་བཅས“གཙང་གསུམ་འདུས་སའི”ཆབ་མདོར་རི་མཐོ་གྲོག་རོང་མང་བས་མཛོ་སྒང་རྫོང་སྟོབས་འབར་ཤང་དེ་ཡང་རྒྱལ་མོ་རྔུལ་ཆུའི་གྲོག་རོང་དུ་ཆགས་ཡོད།
སྟོབས་འབར་ཤང་བཅུད་གཡང་གྲོང་ཚོ་ད་ཆ་ཐག་རིང་ལུང་ཁུག་ཏུ་གནས་ཀྱང་གཞུང་ལམ་གྲོང་ཚོ་བར་ཤར་གཏོང་ཐུབ་ཡོད། ཨ་སྒྲོན་ཁྱིམ་གྱི་ཁྱད་ལྡན་ཁྱིམ་ཚང་མགྲོན་ཁང་དུ་འདི་ལོའི་ཟླ་4པར་ཡུལ་སྐོར་བ་ཁག་མང་པོ་སྣེ་ལེན་ཞུས་ཡོད། “ཉེ་བའི་ལོ་ཤས་རིང་ནང་སའི་ཡུལ་སྐོར་བ་ཇེ་མང་དུ་སོང་བས་གྲོང་ཚོའི་ནང་གི་མི་མང་པོ་ཞིག་གིས་ཁྱིམ་ཚང་མགྲོན་ཁང་བཙུགས་ཡོད”ཅེས་ཨ་སྒྲོན་གྱིས་སེམས་རྩ་འཁོལ་པོས་ཇ་བསྲུབས་མ་བླུགས་ནས་སྐུ་མགྲོན་ལ་སྣེ་ལེན་ཞུ་བཞིན་བཤད།
“ལོ་ལྔ་ཚན་བཅུ་གསུམ་པའི”རིང་། བོད་ཀྱི་གྲོང་གསེབ་ཡུལ་སྐོར་འཕེལ་རྒྱས་མྱུར་པོ་ཕྱིན་ནས་ཁྱིམ་ཚང་མགྲོན་ཁང་2377ཟིན་པ་དང་། 2020ལོར་ལྗོངས་ཡོངས་ཀྱི་གྲོང་གསེབ་ཡུལ་སྐོར་གྱིས་ཡུལ་སྐོར་བ་མི་ཐེངས་ཁྲི་1061ལ་སྣེ་ལེན་ཞུས་པར་ཡོང་འབབ་སྒོར་དུང་ཕྱུར་12ལྷག་ཙམ་བྱུང་ཡོད།
གཞིས་རྩེ་དང་ལྷོ་ཁ་སོགས་རྒྱ་ཆེའི་ཞིང་འབྲོག་ཁུལ་དུ་ཞིང་འབྲོག་པས་ལས་ཞུགས་གཞན་སྒྱུར་གྱི་གསོ་སྦྱོང་ནང་ཧུར་ཐག་ཞུགས་ཏེ་རྩལ་ནུས་གསར་པ་ཁོང་དུ་ཆུད་ནས་འཚོ་བ་གསར་པའི་ཕྱོགས་སུ་སྐྱོད་བཞིན་ཡོད།
གཞིས་རྩེ་གྲོང་ཁྱེར་རྒྱལ་རྩེ་རྫོང་མྱང་སྟོད་ཤང་ཆུ་སྣེ་གྲོང་ཚོར་མིག་ཆུང་དང་ཁོང་གི་བཟའ་ཟླས་ལོ་ཤས་གོང་། ཞིང་ལས་གཅིག་པུར་བརྟེན་པས་མི་རེའི་ལོ་རེའི་ཆ་སྙོམས་ཡོང་འབབ་སྒོར་1500ཡང་ཟིན་གྱི་མེད།
2017ལོའི་ཟླ་5པར་མིག་ཆུང་གིས་རྫོང་མི་སྤྱི་ཅུས་ཀྱིས་སྒྲིག་འཛུགས་བྱས་པའི་ཞིང་འབྲོག་པའི་རྩལ་ནུས་གསོ་སྦྱོང་འཛིན་གྲྭར་མིང་ཐོ་བཀོད་ནས་ཚ་ལ་རྒྱག་སྟངས་སྦྱངས། 2018ལོའི་ལོ་མཇུག་ཏུ་ཁོང་གིས་རྫོང་གྲོང་དུ་ཚ་ལ་རྒྱག་ས་ཞིག་བཙུགས་ནས་སྒོ་སྒེའུ་ཁུང་སྒྲིག་སྦྱོར་དང་ལྕགས་དྲར་ཚ་ལ་རྒྱག་པ་སོགས་ཀྱི་ལས་སྒོ་གཉེར་བ་དང་། སྔོན་དཔག་བྱས་ན་འདི་ལོ་ཡོང་འབབ་སྒོར་ཁྲི་6ཡན་ཟིན་རེ་ཡོད།
2020ལོར་བོད་ཀྱི་ཞིང་འབྲོག་པ་ཁྲི་61ལས་ཞུགས་གཞན་སྒྱུར་བྱས་ནས་ངལ་ནུས་ཡོང་འབབ་སྒོར་དུང་ཕྱུར་47.1ཟིན་ཡོད། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་བོད་ཀྱི་ཞིང་འབྲོག་པ་ཁྲི་283.9ལས་ཞུགས་གཞན་སྒྱུར་ཐུབ་ཡོད།
ལྷ་སའི་བར་སྐོར་དུ་ཡུལ་སྐོར་བ་མང་བ་དང་ཁྲོམ་ར་དར་རྒྱས་ཆེ་ཞིང་། དེ་གར་བོད་ཆས་ཚོང་ཁང་བཙུགས་ནས་ལོ་20ལྷག་ཙམ་སོང་བའི་ངག་དགས“ལོ་འདི་དག་རིང་ལྷ་སའི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ཆེན་པོ་བྱུང་ནས་བོད་ཆས་ཀྱི་ཚོང་ཡག་ཏུ་ཕྱིན་པ་མ་ཟད། ད་དུང་བོད་ཆས་པར་ཁང་སོགས་ཀྱི་ཚོང་ཡང་ཡག་ཏུ་ཕྱིན་ཡོད། “བརྟན་ལྷིང་དང་འཆམ་མཐུན་གྱི་སྤྱི་ཚོགས་ཁོར་ཡུག་ཡོད་པའི་དབང་གིས་ཁྲོམ་ར་གཞི་ནས་དར་རྒྱས་ཆེན་པོ་ཡོང་སྲིད་ལ་ཚང་མའི་འཚོ་བ་ཡང་ཇེ་ལེགས་སུ་འགྲོ་སྲིད”ཅེས་མྱོང་ཚོར་ཟབ་མོས་བཤད།
ཉེ་བའི་ལོ་ཤས་རིང་། བོད་ཀྱིས་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ལ“ཏང་གི་བཀའ་དྲིན་ལ་སྣང་ཆེན་གྱིས་སྲོག་ཤིང་ལ་དགའ་ཞེན་དང་། མཐུན་སྒྲིལ་ལ་སྣང་ཆེན་གྱིས་མེས་རྒྱལ་ལ་དགའ་ཞེན། ལེགས་སྐྱེས་འབུལ་བར་སྣང་ཆེན་གྱིས་ཁྱིམ་གཞིས་ལ་དགའ་ཞེན། ཤེས་དཔལ་ལ་སྣང་ཆེན་གྱིས་འཚོ་བར་དགའ་ཞེན”བཅས་ནང་དོན་གཙོ་བོར་བྱས་པའི“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོ་རྒྱུན་མཐུད་སྤེལ་ཏེ། མང་ཚོགས་ཉེ་འགྲམ་གྱི་འཕེལ་རྒྱས་གསར་པ་དང་འགྱུར་ལྡོག་གསར་པར་བརྟེན་ནས་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བོད་ལ་ཐོབ་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་ལ་ངོས་འཛིན་གཏིང་ཟབ་བྱེད་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་སྔར་བས་ཟབ་ཏུ་བཏང་ནས། མེས་རྒྱལ་གཅིག་གྱུར་ལ་མཐའ་གཅིག་ཏུ་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པའི་སློབ་གསོ་ཁྲིད་སྟོན་བྱས་ཡོད།
“ང་ཚོས་ངེས་པར་དུ་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་ནན་ཏན་བྱས་ཏེ་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་ཏན་ཏིག་གཏོང་བ་དང་། གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་བསྟར་ཤུགས་ཆེན། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་དེ་བས་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འཚོ་བ་སྐྱེལ་ཐུབ་པ་བཅས་བྱས་ནས་མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཧུར་ཐག་སྐྲུན་དགོས”ཞེས་བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་གསུངས།