༄༅།། བོད་ཀྱི་སྙན་ངག་རིག་པའི་གཞུང་ཐོག་མ་གང་ཡིན་སྐོར་རགས་ཙམ་དཔྱད་པ།

སྔོ་དེའུ་སྒོམ་པ་བཀྲ་ཤིས། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་རིག་གཞུང་དུས་དེབ། སྤེལ་དུས། 06-02



 སྔོ་དེའུ་སྒོམ་པ་བཀྲ་ཤིས།
ནང་དོན་གནད་བསྡུས། རྩོམ་འདིར་སྙན་ངག་ཅེས་པའི་ཐ་སྙད་དང་། བོད་ཀྱི་སྙན་ངག་རིག་པ། དེའི་རྣམ་གཞག་སྟོན་པའི་གཞུང་ཐོག་མ་གང་ཡིན་བཅས་དཔྱད་གཞིར་བཟུང་སྟེ། བོད་སྐད་ཁྲོད་ཀྱི་སྙན་ངག་ཅེས་པའི་ཐ་སྙད་བྱུང་ཚུལ་དང་། བོད་ཀྱི་སྙན་ངག་རིག་པའི་གཞུང་ལུགས་ཀྱི་དབུ་དུས་ནམ་ཞིག་ལ་བརྙེས་པར་དཔྱད་བརྗོད་མདོ་ཙམ་བྱས་ཤིང་། བོད་ཀྱི་མཁས་པའི་བརྩམས་པའི་སྙན་ངག་རིག་པའི་རྣམ་གཞག་འཆད་པའི་གཞུང་ཐོག་མ་གང་ཡིན་རྩལ་དུ་བཏོན་ནས་དཔྱད་པ་རགས་ཙམ་བྱས་ཡོད།
གནད་ཚིག བོད་ཀྱི་སྙན་ངག་རིག་པ། སྙན་གཞུང་ཐོག་མ། སྙན་ངག་མཁས་པའི་ཁ་རྒྱན།
        བོད་ལ་སྒྲ་ཡངས་འཇུག་གི་སྙན་ངག་དར་ནས་ཉུང་མཐར་ལོ་ངོ་སྟོང་ཕྲག་དུ་མ་ཕྱིན་ཡོད་པ་རིགས་པས་གྲུབ་ཀྱང་། སྙན་ངག་གི་རྣམ་གཞག་འཆད་པའི་གཞུང་བྱུང་ནས་ད་ལྟའི་བར་མི་ལོ་བདུན་བརྒྱ་ལྷག་ལས་སོང་མེད། ལོ་ངོ་བདུན་བརྒྱ་ལྷག་གི་གོང་རོལ་དུ། བོད་དུ་སྙན་ངག་རིག་པའི་གཞུང་བྱུང་བ་ནི་རྩོད་གླེང་མེད་པའི་དོན་དག་ཅིག་ཡིན་ནའང་། བོད་ཀྱི་སྙན་ངག་རིག་པའི་གཞུང་ཐོག་མ་གང་ཡིན་ད་དུང་དཔྱད་གཞིར་ལུས་ཡོད་པ་རེད། དེ་ཕྱིར་འདིར་གནའ་དེང་གི་ཡིག་ཚང་ཚད་ཐུབ་དག་ཁུངས་སུ་བཅོལ་ནས་གླེང་སློང་གི་ཚུལ་དུ་དེའི་སྐོར་རགས་ཙམ་དཔྱད་པ་ལ་འཇུག་གོ།།
དང་བོ། སྙན་ངག་ཅེས་པའི་ཐ་སྙད།
        གནའ་སྔ་མོ་བསྐལ་པ་ཡ་ཐོག་གི་དུས་ནས། སྒང་བ་བོད་མི་རྣམས་ཀྱིས་ཀྱང་འཛམ་བུ་གླིང་གི་མི་རིགས་གཞན་དག་དང་འདྲ་བར། ལོ་རྒྱུས་ཀྱི་དུས་སྐབས་མི་འདྲ་བ་སོ་སོའི་ནང་དུ་རང་གི་ནང་སེམས་ཀྱི་སྐྱིད་སྡུག་བརྗོད་པའི་གླུ་དང་། གནའ་བོའི་ལོ་རྒྱུས་འཆད་པའི་ལྷ་རབས། དཔའ་བོའི་མཛད་རྗེས་མཚོན་པའི་སྒྲུང་དང་། འཚོ་བའི་བྲོ་བ་སྣུམ་པའི་གཏམ་རྒྱུད་སོགས་ངག་ཐོག་གི་རྩོམ་རིག་གྲངས་ཀྱིས་མི་ཟིན་པ་ཞིག་གསར་རྩོམ་བྱས་ཡོད་པར་ངེས་ཤིང་། སྤྱིར་གནའ་བོའི་དུས་ཀྱི་ངག་རྩོམ་དེ་རྣམས་ཆུ་ལམ་ཞུགས་དང་། རྡོ་ལག་བརྒྱུད་ཀྱི་དཔེ་ལྟར་མི་རབས་ནས་མི་རབས་བར་ངག་ནས་ངག་དང་སྙན་ནས་སྙན་དུ་བརྒྱུད་ཐུབ་པ་བྱུང་བ་ལྟོས་ས་ལྟོས་འཇོག་གིས་བཤད་ན་ཉུང་ཞིང་། བྱེ་བྲག་ཡིག་ཐོག་ཏུ་འཁོད་པ་དེ་ལས་ཀྱང་ཉུང་བར་ངེས་མོད། ཡིན་ནའང་། དཔའ་བོའི་བྱུང་བ་བརྗོད་པའི་སྙན་རྩོམ་རིང་མོ་གླིང་རྗེ་གེ་སར་རྒྱལ་བོའི་སྒྲུང་གིས་མཚོན་པའི་བོད་མི་རིགས་ཀྱི་གནའ་རབས་རྩོམ་རིག་གི་ཤུལ་བཞག་གྱ་ནོམ་པ་འབོར་ཆེན་ཞིག་དུས་ད་ལྟའི་བར་མ་ཉམས་པར་བརྒྱུད་དེ་འཛམ་གླིང་ལ་ངོམ་དུ་རི་བའི་མི་རིགས་ཀྱི་ཁྱད་ནོར་དུ་གྱུར་ཡོད།
བོད་ཀྱི་གནའ་རབས་རྩོམ་རིག་ཁྲོད་ཀྱི་སྙན་ངག་ནི། སྙན་མོ་ངག་གི་དབྱངས་རྟ་ལ་དྲངས་ནས་གྱེར་ཆོག་པའི་སྙན་འཇེབས་ཡིད་དབང་འཕྲོག་པའི་ངག་རྩོམ་གླུའི་རིགས་སྣ་ཚོགས་ཀྱི་གཞི་རྩའི་ཐོག་ནས་རིམ་གྱིས་དར་རྒྱས་བྱུང་བར་མཁས་པ་རྣམས་ཀྱི་བཞེད་པ་མཐུན། དེ་ཡང་གདོད་མའི་དུས་ཀྱི་གླུ་ཡི་དབྱངས་རྟ་དང་གླུ་ཚིག་གཉིས་ལས། དབྱངས་རྟ་གཙོ་བོར་བཟུང་བ་གླུ་དབྱངས་དང་ཚིག་སྦྱོར་གཙོ་བོར་བྱས་པ་སྙན་ངག་ཏུ་འཕེལ་འགྱུར་བྱུང་བ་སྟེ། ཕྱིས་སུ་ཡི་གེ་བྱུང་བ་དང་བསྟུན་ནས་གླུ་དང་ཡིག་ཐོག་ནས་བརྩམས་པའི་སྙན་ངག་གཉིས་འཕེལ་རྒྱས་ཀྱི་ལམ་བུ་སོ་སོར་ཕྱིན་པ་རེད།
        སྙན་ངག་ཅེས་པའི་ཐ་སྙད་ནི། ཆོས་བརྗོད་ཀྱི་ཐ་སྙད་སྙན་དང་། ཆོས་ཅན་བརྗོད་པའི་ཐ་སྙད་ངག་གཉིས་ཀྱིས་གྲུབ་པའི་རྗེས་གྲུབ་ཀྱི་ཐ་སྙད་ཅིག་སྟེ། དེའི་སྒྲ་བཤད་དམ་མཚན་ཉིད་ནི། སྙན་ངག་རིག་པའི་གཞུང་རྣམས་སུ། སྤྱིར་སྙན་ངག་ཅེས་པ་ནི་རྣ་བར་སྙན་ཞིང་ཡིད་འཕྲོག་པའི་ཚིག་ཅེས་གསུངས་ཡོད་པ་ལྟར་ལ། དེའི་དོན་ཅུང་གསལ་བོར་བཤད་ན། ཚིག་གི་སྡེབ་སྦྱོར་གྱི་ཆ་ནས་རྣ་བར་སྙན་པའི་དབྱངས་ཀྱི་འགྱུར་ཁུགས་རྫོགས་ཤིང་། བརྗོད་བྱའི་ནང་དོན་གྱི་ཆ་ནས་ཡིད་དབང་འཕྲོག་པའི་ཉམས་འགྱུར་གྱིས་ཕྱུག་པའི་ངག་གི་རྣམ་པར་རིག་བྱེད་དེ་ལ་སྙན་ངག་ཅེས་བརྗོད་པ་ཡིན་ལ། སྙན་ཚིག་གམ་སྙན་ངག་ནི་སྙན་འཇེབས་དབྱངས་ཀྱི་འདེགས་འཇོག་གསལ་བའི་ཚིག་གམ་ངག་གི་སྦྱོར་བ་ཞིག་ཡིན་པར་བཤད་ཀྱང་ཆོག་སྟེ། གང་དེ་སྤྱིར་བཏང་གི་ངག་གི་སྦྱོར་བ་དང་ཁྱད་འབྱེད་པའི་སླད་དུ་བརྡ་རྙིང་དུ་སྙན་དངགས་སམ་སྙན་ངགས་ཞེས་བྱ་ཞིང་། དཔང་ལོ་ཙཱ་བ་བློ་གྲོས་བརྟན་པའི་སྙན་འགྲེལ་དཔང་ཊཱིཀ་ཞེས་གྲགས་པ་དེ་ཉིད་ཀྱི་མཆོད་བརྗོད་དུ། རྣམ་འབྱེད་རྡོ་རྗེས་ལྟ་ངན་རི་འཇིག་ཅིང་། །ལེགས་བཤད་རྒྱལ་མཚན་སེམས་རྒྱུད་ཁང་བཟང་དུ། །ཆེས་ཆེའི་བརྩོན་པས་འཛུགས་པ་ཤོང་སྟོན་དེས། །གསང་རིའི་ཁྲོད་འདིར་སྔོན་མེད་ལེགས་བསྒྱུར་པ། །རྒྱན་གྱི་བསྟན་བཅོས་སྙན་ངགས་མེ་ལོང་འདི། །ཡང་དག་བཤད་པས་བྱི་དོར་ལེགས་བསྒྲུབས་ཏེ། །དོན་གཉེར་གཟུར་གནས་རྣམས་ལ་འབུལ་ལགས་པས། །སྙན་ངགས་རྒྱན་བཀྲའི་གཟུགས་ལ་གཟིགས་པར་མཛོད། །ཞེས་པ་ལྟར། གནའ་དཔེ་ཡིག་རྙིང་རྣམས་སུ་སྙན་ངག་ལ་སྙན་དངགས་དང་། སྙན་དངག། སྙན་ངགས། སྙན་ངག་བཅས་འབྲི་སྟངས་མི་འདྲ་བ་བཞི་སྣང་ངོ་།།
        འགའ་ཞིག་གིས། སྙན་ངག་ཅེས་པ་ནི་སྒྲ་བཤད་བྱེད་དུ་མེད་པ་དང་། མཚན་ཉིད་ཀྱིས་མཚོན་པར་མི་ནུས་པའི་ཟབ་གསང་གི་དངོས་པོ་ཡ་མཚན་ཅན་ཞིག་ཏུ་བཤད་པ་ནི། མཁས་གྲུབ་རྗེས། ཇི་སྲིད་མིག་ལྡན་སྐྱེ་བོས་མ་དཔྱད་པ། །དེ་སྲིད་དམུས་ལོང་བརྒྱ་ཡིས་རབ་དཔྱད་ཀྱང་། །གླང་ཆེན་གཟུགས་ལ་ལོག་པའི་ཐ་སྙད་བརྒྱ། །ཀུན་ནས་འདོགས་པའི་མུ་ཅོར་འཕེལ་བ་ཙམ། །ཞེས་གསུངས་པ་ལྟར། རང་སྣང་འཕྲུལ་བའི་བླ་བརྡོལ་དང་། དཔྱད་བཟོད་བྲལ་བའི་མུ་ཅོར་གྱི་གཏམ་དུ་ཟད་དེ། སྙན་ངག་ནི་སྨྲ་བསམ་བརྗོད་དུ་མེད་པ་ཞིག་མ་ཡིན་པར་། རྩོམ་ཆོག་པ་དང་ཀློག་རུང་བ། རོལ་མྱོང་བྱེད་ཆོག་པ་ཞིག་ཡིན་པ་ཀུན་ལ་མཐུན་སྣང་དུ་གྲུབ་པའི་ཕྱིར་རོ།།
དེ་བཞིན་དུ། སྙན་ངག་ནི་མི་རིགས་དང་དུས་རབས་ཀྱི་ཁྱད་རྟགས་མངོན་པར་གསལ་བའི་རྩོམ་རིག་གི་བྱེ་བྲག་ཅིག་ཡིན་ཕྱིར། གནའ་ནས་ད་བར་གྱི་ལོ་རྒྱུས་དུས་སྐབས་མི་འདྲ་བ་སོ་སོའི་ནང་དུ། མི་རྣམས་ཀྱིས་རང་ཉིད་གང་ལ་གཏོགས་པའི་མི་རིགས་དེ་ཉིད་ཀྱི་མཛེས་དཔྱོད་སེམས་ཁམས་དང་མཐུན་པར་བརྩམས་པའི་སྙན་ངག་གི་བརྩམས་ཆོས་ཤིག་ཡིན་ན། དུས་རབས་གང་དང་མི་རིགས་དེའི་སྙན་ངག་ཏུ་བགྲང་བ་ནི་གནས་ལུགས་དང་མཐུན་པ་ཞིག་ཡིན་ཞིང་། སྙན་ངག་སྒྱུ་རྩལ་གྱི་མཛེས་དཔྱོད་ཚད་གཞིའང་གཅིག་ཏུ་མ་ངེས་པས། ཁ་ཤས་ཤིག་གིས་རང་ཉིད་གཅིག་པུས་སྒྱུ་རྩལ་གྱི་བདེན་པ་མཐོང་སྟེ་རྟོགས་པ་མཐོན་པོར་སླེབས་པའི་རློམ་སེམས་དང་མཁས་ཚུགས་ཀྱིས། བོད་ཀྱི་གནའ་དེང་གཉིས་ཀའི་སྙན་ངག་ལ་གསར་རྙིང་རིས་གཅོད་དང་། གཞན་གྱི་ཟེར་སྒྲོས་ཐན་ཐུན་ཚད་མར་བཟུང་ནས་མི་རིགས་རང་གི་སྙན་ངག་སྒྱུ་རྩལ་ལ་ཞྭ་དཔེ་ལྷམ་འགེབས་ཀྱི་ཁ་དམར་གདགས་ཁུལ་བྱེད་པ་ནི། ཐུན་མིན་གྱི་ཁྱད་ཆོས་མངོན་པར་གསལ་བའི་བོད་ཀྱི་སྙན་ངག་ར་མིན་ལུག་མིན་གྱི་ཕུང་གསུམ་པ་ཞིག་ཏུ་འགྱུར་བའི་ལོག་ལམ་དུ་འཇུག་པའི་བསམ་སྦྱོར་ཁོ་ན་ལས་མ་འདས་པ་རྣམ་དཔྱོད་ནར་མ་སོན་པ་དག་གིས་ངེས་པར་ཤེས་དགོས་འདུག་གོ།།
        བོད་རྒྱལ་ཁྲི་སྲོང་ལྡེ་བཙན་སྐབས་ཀྱི་ཞུས་ཆེན་ལོ་ཙཱ་བ་ཞང་ཡེ་ཤེས་སྡེས་བསྒྱུར་པའི་འཕགས་པ་གསེར་འོད་དམ་པ་མདོ་སྡེའི་དབང་བོའི་རྒྱལ་བོ་ཞེས་བྱ་བར། བསྟན་བཅོས་དང་། ཚིགས་སུ་བཅད་པའི་རྒྱུད་དང་། སྡེ་སྣོད་དང་། སྙན་དངགས་ལ་སོགས་པ་ལ། བདག་གི་རིག་སྔགས་དངོས་གྲུབ་ཏུ་གྱུར་ཅིག[1]ཅེས་དང་། ལོ་ཙཱ་བ་དེ་ཉིད་ཀྱིས་བསྒྱུར་ཅིང་ཞུས་ཏེ་སྐད་གསར་བཅད་ཀྱིས་ཀྱང་བཅོས་ནས་གཏན་ལ་ཕབ་པ་འཕགས་པ་འདུས་པ་རིན་པོ་ཆེ་ཏོག་གི་གཟུངས་ཞེས་བྱ་བར། འཇིག་རྟེན་འདི་ན་སྐྱེས་བུ་གཙོ་བོ་དཔལ་དང་བརྗོད་པ་རྣམ་གྲགས་པ། །མཁས་པ་བསྟན་བཅོས་སྙན་ངག་བྱེད་བརྩོན་མཐུན་པར་མྱུར་བར་ཡང་། །ཆོས་ཀྱི་སྐྱོ་བ་བཏང་གིས་དྲངས་ཏེ་ཤཱཀྱའི་བུ་འདིའི་སྐྱབས་དེང་སོང་། །ལུས་མཛེས་གཡོན་ཅན་བློ་གྲོས་ལྡན་ནི་ང་ཡི་དགྲར་ནི་རབ་ཏུ་གནང་། །[2]ཞེས་དང་། ཏུན་ཧོང་ཡིག་རྙིང་ལས་ཕུ་བོས་ནུ་བོར་བཏམས་ཤིང་བསྟན་པའི་མདོར། སྙན་ངག་ལསྩོགས་པ། ཡི་གེ་བཟང་པོ་འཆང་ཞིང་། གློག་ཏུ་བཆུག་ན། འཛངས་ཀྱི་སྣོན་དུ་རུངོ་། །[3]ཞེས་འཁོད་པས། ཉུང་མཐར་སྤྱི་ལོའི་དུས་རབས་དགུ་བའི་ཡར་སྔོན་དུ་བོད་སྐད་ཁྲོད་དུ་སྙན་ངག་ཅེས་པའི་ཐ་སྙད་བྱུང་ཡོད་པ་ཁུངས་སྐྱེལ་བྱས།
གཉིས་པ། བོད་ཀྱི་སྙན་ངག་རིག་པ།
        རྒྱལ་ཁབ་ཕྱི་ནང་གི་མི་རིགས་སོ་སོའི་རྩོམ་རིག་ལོ་རྒྱུས་ཐོག་ཏུ། སྙན་ངག་རྩོམ་པའི་ལག་ལེན་བྱུང་སྔ་ཞིང་རིགས་པའི་གཞུང་ལུགས་ཀྱི་ངོ་བོ་ཅན་གྱི་སྙན་ངག་རིག་པ་བྱུང་འཕྱི་བ་ནི་ཡོངས་ཁྱབ་ཀྱི་རང་བཞིན་ལྡན་པའི་སྤྱི་ཆོས་ཤིག་སྟེ། ཡོ་རོབ་གླིང་ལ་མཚོན་ནའང་།སྙན་ངག་རྩོམ་པའི་ལག་ལེན་གནའ་སྔ་མོ་ནས་བྱུང་ཡོད་པ་སྨོས་མ་དགོས་ཀྱང་། གནའ་བོའི་ཞི་ལ་རྒྱལ་ཁབ་ཀྱི་མཚན་ཉིད་པ་དང་རྩོམ་རིག་སྒྱུ་རྩལ་སྨྲ་བ་སྐད་གྲགས་ཅན་ཨེ་རི་སི་ཏོ་ཐོལ(Aristotleསྤྱི་སྔོན༣༨༤ནས༣༢༢བར)བྱ་བ་དེ་ཉིད་ཀྱིས། ༼སྙན་ངག་རིག་པ་༽ཞེས་བྱ་བའི་གཞུང་གྲགས་ཆེན་དེ་བརྩམས་རྗེས་ད་གཟོདpoeticsསྟེ་སྙན་ངག་རིག་པ་ཟེར་བའི་ཐ་སྙད་བྱུང་ཞིང་། ཐ་སྙད་དེ་ཕྱིས་སུ་ཡོ་རོབ་གླིང་དུ་རྩོམ་རིག་གཞུང་ལུགས་ཀྱི་སྤྱི་མིང་དུ་གྱུར་མྱོང་ཡོད་པ་རེད། དེ་བཞིན་དུ་བོད་མི་རིགས་ལ་མཚོན་ནའང་། མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ཀྱིས་སྙན་ངག་ལ་འཇུག་ཚུལ་ཚིག་རྒྱན་རིག་པའི་སྒོ་འབྱེད་ཅེས་བྱ་བར། སྙན་ངག་ཇི་ལྟར་རྩོམ་ཚུལ་གྱི་རིགས་པའི་གཞུང་ལུགས་བོད་དུ་མ་དར་གོང་དུ་བོད་རིགས་རང་ཉིད་ཀྱི་ཁྱད་ཆོས་མཚོན་པའི་སྙན་ངག་ཡོད་པ་གསལ་བཤད་བྱེད་ཐུབ།[4] ཅེས་དང་། དགེ་བཤེས་ཆེན་པོ་དམུ་དགེ་བསམ་གཏན་རྒྱ་མཚོས་ཕུན་ཚོགས་སྤྱི་ནོར་ཞེས་བྱ་བར། གྲོང་ཚིག་གི་གླུ་དང་། འབོལ་རྩོམ་ཙམ་རེ་གནའ་དུས་ནས་ཡོད་མོད། སྙན་ངག་གི་མཚན་ཉིད། རྣམ་གྲངས། དཔེར་བརྗོད་བཅས་ཀྱི་ཡན་ལག་ཆ་ཚང་བ་ནི་ཕྱིས་སུ་དར་བ་ཡིན་ཏེ།[5]ཞེས་གསུངས་པ་ལྟར། བོད་གངས་ཅན་གྱི་ལྗོངས་སུ་སྙན་ངག་རྩོམ་པའི་ལག་ལེན་གནའ་སྔ་མོ་ནས་དར་རྒྱས་བྱུང་ཡོད་པ་མཁས་མང་གིས་ལུང་རིགས་དཔེ་གསུམ་གྱིས་གསལ་བར་བྱས་ཟིན་པ་ལྟར་ལགས་ཀྱང་། སྙན་ངག་རིག་པ་ཞེས་པའི་ཐ་སྙད་དང་དེའི་རྣམ་གཞག་སྟོན་པའི་གཞུང་ནི་སྤྱི་ལོའི་དུས་རབས་བཅུ་གསུམ་པའི་ནང་ལ་གསར་དུ་བྱུང་བ་ཡིན།
གསུམ་པ། བོད་ཀྱི་སྙན་ངག་རིག་པའི་གཞུང་ཐོག་མ།
        འགྲོ་མགོན་འཕགས་པ་བློ་གྲོས་རྒྱལ་མཚན་གྱི་སྐུ་དུས་སུ། ལོ་ཙཱ་བ་ཆེན་པོ་ཤོང་སྟོན་རྡོ་རྗེ་རྒྱལ་མཚན་གྱིས་རྒྱ་གར་གྱི་སྙན་ངག་རིག་པའི་གཞུང་གྲགས་ཅན་སྙན་ངག་མེ་ལོང་ཞེས་བྱ་བ་རྫོགས་པར་བསྒྱུར་རྗེས་ད་གཟོད་བོད་དུ་སྙན་ངག་རིག་པ་ཞེས་པའི་ཐ་སྙད་དང་། དེའི་རྣམ་གཞག་སྟོན་པའི་གཞུང་བྱུང་བར་འདོད་པ་ཡོད་མོད་ཀྱང། དོན་དངོས་སུ་བོད་ཀྱི་སྙན་ངག་རིག་པའི་ལོ་རྒྱུས་ཀྱི་དབུ་ས་པཎ་ཀུན་དགའ་རྒྱལ་མཚན་གྱི་སྐུ་རིང་ནས་བརྩམས་པ་ཡིན།
        སྙན་གྲགས་ལྷ་ཡི་རོལ་མོ་འཛམ་གླིང་ཟླུམ་པོའི་ཁྱོན་ཡོངས་སུ་ཁྱབ་པའི་བོད་ཀྱི་མཁས་པ་ཆེན་པོ་ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་གྱིས། སྐུ་ན་ཆུང་ངུའི་དུས་ནས་མཁས་པ་མང་བོ་སློབ་དཔོན་དུ་བསྟེན་ཏེ། ཐུན་མོང་མ་ཡིན་པའི་རིག་གནས་སུ་གྲགས་པའི་མདོ་སྔགས་ཀྱི་གཞུང་ཆེན་པོ་རྣམས་ལ་ཐོས་བསམ་རྒྱ་ཆེར་མཛད་པ་ལས་གཞན། ཐུན་མོང་བའི་རིག་གནས་ལའང་སྦྱངས་པ་གནད་སྨིན་མཛད་ཚུལ་མདོ་ཙམ་ནི། ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ལས། སྡེབ་སྦྱོར་རིན་ཆེན་འབྱུང་གནས་དང་། །དམར་སེར་ཅན་དང་རྒྱལ་བའི་ལྷ། །བདེ་བར་གཤེགས་པའི་དཔལ་ལ་ཐོས། །རྒྱན་གྱི་བསྟན་བཅོས་དཎ་ཌི་དང་། །དབྱངས་ཅན་མགུལ་རྒྱན་ལ་སོགས་པ། །དགེ་འདུན་དཔལ་ལ་ལེགས་པར་བསླབས། །མངོན་བརྗོད་བསྟན་བཅོས་འཆི་མེད་མཛོད། །དེ་ཡི་རྒྱ་ཆེར་འགྲེལ་བཅས་པ། །མཁས་པ་གསུམ་ལ་ལེགས་པར་གཏུགས། །ནག་མོ་ཁོལ་གྱི་སྙན་ངག་གསུམ། །བདེ་བར་གཤེགས་པའི་དཔལ་གྱིས་བཤད། །བྱང་ཆུབ་སེམས་དཔའི་སྐྱེ་བའི་རབས། །བདག་ཉིད་ཆེན་པོ་གཉིས་ལས་ཐོས། །[6]ཞེས་བཤད་པ་ལྟར་ཏེ། ཁོང་གིས་ཐུན་མོང་བའི་རིག་གནས་སུ་གྲགས་པའི་གཞུང་དེ་དག་ལ་ཐུགས་གཉེར་དཔྱིས་ཕྱིན་མཛད་པའི་འབྲས་རྟགས་སུ་སྒྲ་རིག་པའི་གཞུང་སྒྲ་ལ་འཇུག་པ་དང་། ཡི་གེའི་སྦྱོར་བ། ཚད་མ་རིག་པའི་གཞུང་རིག་གཏེར་རྩ་འགྲེལ། སྡེབ་སྦྱོར་རིག་པའི་གཞུང་སྡེབ་སྦྱོར་མེ་ཏོག་ཆུན་པོ་དང་། མངོན་བརྗོད་རིག་པའི་གཞུང་ཚིག་གི་གཏེར། གཞན་ཡང་རོལ་མོའི་བསྟན་བཅོས། མཁས་པ་འཇུག་པའི་སྒོ་སོགས་རིག་གཞུང་གི་བསྟན་བཅོས་དུ་མ་གསར་རྩོམ་མཛད།
        དཔྱད་གཞིའི་ཡིག་ཆ་དག་ཏུ་གསལ་བ་ལྟར་ན། ས་པཎ་གྱིས་སྙན་ངག་རིག་པའི་རྣམ་གཞག་སྟོན་པའི་གཞུང་༼སྙན་ངག་གི་བསྟན་བཅོས་མཁས་པའི་ཁ་རྒྱན་༽ཞེས་པ་ཞིག་ཀྱང་མཛད་ཡོད་པར་ངེས་ཤིང་། གཞུང་དེ་ནི་བོད་ཀྱི་སྙན་ངག་རིག་པའི་གཞུང་ཐོག་མ་ཡིན་ངེས་ཏེ། སྟག་ཚང་ལོ་ཙཱ་བའི་རིག་གནས་ཀུན་ཤེས་ལས། སྒྲ་དང་སྙན་ངག་སྡེབ་སྦྱོར་མངོན་བརྗོད་དང་། །ཟློས་གར་རྣམས་ལ་རིག་གནས་ཆུང་ངུ་འམ། །ཐ་སྙད་རིག་པའི་གནས་ལྔར་གྲགས་པ་རྣམས། །ཆོས་རྗེ་ས་པཎ་ཡན་ལ་མ་དར་ཞིང་། །[7]ཞེས་གསུངས་པ་ལྟར།གཞུང་དེའི་སྔོན་ལ་བོད་དུ་སྙན་ངག་གི་རྣམ་གཞག་སྟོན་པའི་གཞུང་མ་བྱུང་བའི་ཕྱིར་རོ།།
ཡིན་ནའང་། ད་ལྟ་ང་ཚོའི་མིག་གི་སྤྱོད་ཡུལ་དུ་གྱུར་པའི་ས་སྐྱ་གོང་མ་རྣམ་ལྔའི་གསུང་འབུམ་ལས། ས་པཎ་གྱི་གསུང་འབུམ་སྡེ་དགེའི་ཤིང་དཔར་མ་ལ་ཁྱོན་གླེགས་བམ་སྣ་རིང་པོད་གསུམ་པོད་རྟགས་རིམ་པ་བཞིན་དུ་ཐ་ད་ན་བཅས་ཀྱིས་མཚན་པ་ཆོས་ཚན་བརྒྱ་དང་བདུན་ཤོག་གྲངས་དགུ་བརྒྱ་དང་དྲུག་ཡོད་པའི་ཁྲོད་ཀྱི་པོད་ན་བའི་ནང་དུ། སྒྲའི་བསྟན་བཅོས་མཁས་པའི་ཁ་རྒྱན་ཞེས་པ་ཞིག་བཞུགས་པ་ལས། སྙན་ངག་གི་བསྟན་བཅོས་མཁས་པའི་ཁ་རྒྱན་ཟེར་བའི་གཞུང་དེ་ཁོང་གི་གསུང་འབུམ་པོད་གསུམ་དུ་བསྡུས་མི་འདུག་པས། ས་པཎ་གྱིས་སྙན་ངག་གི་གཞུང་དེ་ལྟ་བུ་ཞིག་མཛད་ཡོད་མེད་མི་མང་བོ་ཞིག་ལ་མཚོན་ན་ཐེ་ཚོམ་གྱི་གནས་སུ་གྱུར་ཡོད་ཀྱང་། ཞིབ་ཏུ་བསམ་ན་གསུང་འབུམ་ཕྱོགས་གཅིག་ཏུ་བསྒྲིགས་ནས་དཔར་ཤིང་དུ་བསྐྲུན་སྐབས་མ་ཡིག་ལག་སོན་མ་བྱུང་བ་སོགས་ཀྱིས་བརྩམས་ཆོས་ཁ་ཤས་ཤིག་གསུང་འབུམ་གྱི་གྲས་སུ་མ་ཚུད་པའང་འབྱུང་སྲིད་དེ། ལོ་རྒྱུས་ཐོག་གི་མཁས་པ་རིམ་བྱོན་གྱི་གསུང་རྩོམ་ཡོད་ཚད་ལྷག་ལུས་མེད་པར་ཤིང་དཔར་དུ་བསྐྲུན་པའི་གསུང་འབུམ་ཁྲོད་དུ་བསྡུས་ཡོད་པར་སུ་ཞིག་གིས་ཀྱང་སྨྲ་མི་ནུས་ཤིང་། ལྷག་པར་དུ་ཆོས་རྗེ་ས་པཎ་ལ་མཚོན་ན་སྐུ་ཚེའི་མཇུག་གི་འཚོ་བ་ཡུལ་དབུས་དང་ཁ་ཐག་རིང་བའི་ལེང་ཇུར་བསྐྱལ་ཅིང་། ས་ཆ་དེ་གར་དགོངས་པ་རྫོགས་པས། ཁོང་གི་གསུང་རྩོམ་ཆ་ཚང་བ་ཞིག་བོད་དུ་གདན་འདྲེན་ཞུ་ཐུབ་ཡོད་མེད་དོགས་པའི་གནས་ཡིན་ནོ།།
        ས་པཎ་གྱི་སྙན་པའི་གྲགས་པ་འབར་བའི་ཕྱག་རྩོམ། སྒྲ་བ་ང་ཡིན་རྟོག་གེ་བ་ང་སྨྲ་བ་ངན་འཇོམས་ང་འདྲ་མེད། །སྡེབ་སྦྱོར་ང་མཁས་སྙན་ངག་ང་ཉིད་མངོན་བརྗོད་འཆད་ལ་འགྲན་མེད་ང་། །དུས་སྦྱོར་ངས་ཤེས་ཕྱི་ནང་ཀུན་རིག་རྣམ་དཔྱོད་བློ་གྲོས་མཚུངས་མེད་ང་། །དེ་འདྲ་གང་ཡིན་ས་སྐྱ་བ་སྟེ་མཁས་པ་གཞན་དག་གཟུགས་བརྙན་ཡིན། །ཞེས་བྱ་བའི་བསྟོད་པ་ང་བརྒྱད་མའི་རང་འགྲེལ་ལས། སྙན་ངག་ང་ཉིད་ཅེས་པའི་ཐད་ཀྱི་འགྲེལ་བར། སྙན་ངག་གི་མཚན་ཉིད་སྟོན་པར་བྱེད་པ་རྒྱན་གྱི་བསྟན་བཅོས་དང་། དེའི་མཚན་ཉིད་དང་མི་འགལ་བར་སྟོན་པར་བྱེད་པ་སྙན་ངག་གི་གཞུང་གཉིས་ལས། གཉིས་པ་དེས་བསྒྲུབས་པའི་སྙན་ངག་དངོས་ལ་ཡང་སྐྱེས་རབས་ལ་རྒྱུད་སྦྱར་བ་དང་། ཟློས་གར་ལ་གཞི་སྦྱར་བ་གཉིས་ལས། དང་བོ་བསྟན་བཅོས་མཁས་པ་རྣམས་ལ་ལེགས་པར་གྲགས་པ། ཐོས་པ་ཙམ་གྱིས་དབྱངས་ཅན་གྱི་ངག་འཇུག་པ། སྣང་བའི་ཉི་ལ་ལ་སོགས་པ་ཆེན་པོ་གསུམ་དང་། གཞོན་ནུ་འབྱུང་བ་ལ་སོགས་པ་ཆུང་ངུ་གསུམ་ལེགས་པར་ཐོས་ལ། སྐྱེས་པའི་རབས་ཀྱི་ཕྲེང་བ། སྙན་ངག་གི་གཙུག་ལག་ལྟར་བཤད་ཤེས་པ་དང་། འདི་དག་འཆད་པའི་བསྟན་བཅོས་ཀྱང་། ཁོ་བོས་བྱས་པའི་མཁས་པའི་ཁ་རྒྱན་ཞེས་བྱ་བའི་བསྟན་བཅོས་དེར་བལྟ་བར་བྱའོ།།[8]ཞེས་གསུངས་ཤིང་། ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ལས། རྩོམ་པ་རིན་པོ་ཆེའི་ཕྲེང་བས་མཁས་པའི་ཡིད་འཕྲོག་པར་མཛད་ཚུལ་ནི།་་་་་་་རིག་གནས་ཆུང་བར་གྲགས་པ་ལ། སྡེབ་སྦྱོར་མེ་ཏོག་གི་ཆུན་པོ་དང་། དེའི་ངལ་གསོའི་དཔེ་ཙམ་སྟོན་པ་བདེ་བར་གཤེགས་པའི་ཐུགས་རྗེ་ལ་བསྐུལ་བ་དང་། སྙན་ངག་མཁས་པའི་ཁ་རྒྱན་དང་། མངོན་བརྗོད་ཚིག་གི་གཏེར་དང་། ཟློས་གར་རབ་དགའི་འཇུག་པ་དང་། དེའི་རོལ་མོ་དབྱངས་འདྲེན་པའི་ཕྱོགས་ཙམ་སྟོན་པ་རོལ་མོའི་བསྟན་བཅོས་དང་།་་་་་་ཐུབ་པ་དང་འཇམ་དབྱངས་སོགས་ལ་བསྟོད་པ་ལ་སོགས་པ་མང་པོ་མཛད་དོ།།[9]ཞེས་དང་། དེང་དུས་ཀྱི་མཁས་དབང་རྗེ་དམུ་དགེ་བསམ་གཏན་རྒྱ་མཚོས་བོད་དུ་རིག་གནས་དར་ཚུལ་མདོར་བསྡུས་བཤད་པ་ཞེས་པར། ཁོང་གི་གསུང་རིག་གནས་ལ་ཡང་དམ་པའི་ཆོས་ཀྱི་ལམ་སྟོན་པ། ས་སྐྱའི་ལེགས་བཤད། སྒྲ་འཇུག། སྒྲ་ཉེ་བར་བསྡུ་བ། སྡེབ་སྦྱོར་མེ་ཏོག་ཆུན་པོ། ཚིག་གཏེར། རོལ་མོའི་བསྟན་བཅོས། ཤེས་རབ་འཕྲོ་བ། ཤེས་རབ་ལ་འཇུག་པ། མཁས་འཇུག། སྙན་ངག་མཁས་པའི་ཁ་རྒྱན། ཟློས་གར་རབ་དགའི་འཇུག་པ། སྐུ་གཟུགས་ཀྱི་བསྟན་བཅོས། བཟོའི་བསྟན་བཅོས། ས་བརྟག་པ། བསྟན་རྩིས། སྨན་དཔྱད་བསྡུས་དོན། སྨྲ་སྒོའི་བསྡུས་དོན། ཡི་གེའི་སྦྱོར་བ། བྱིས་འཇུག་འགྲེལ་བ། རིགས་གཏེར་སོགས་དང་གཞན་ཡང་མདོ་སྔགས་ཀྱི་བསྟན་བཅོས་མང་བོ་བརྩམས་སོ།།[10]ཞེས་གསུངས་ཡོད་པས། སྡེ་དགེའི་ཤིང་དཔར་མའི་གསུང་འབུམ་ཁྲོད་དུ་མ་ཚུད་པ་མ་གཏོགས། ས་པཎ་ཀུན་དགའ་རྒྱལ་མཚན་གྱིས་སྙན་ངག་གི་གཙུག་ལག་འཆད་པའི་བསྟན་བཅོས་མཁས་པའི་ཁ་རྒྱན་ཞེས་བྱ་བ་ཞིག་མཛད་ཡོད་མེད་ལ་ཐེ་ཚོམ་ཟ་མི་དགོས་པར་མ་ཟད། ཁོང་གིས་བརྩམས་པའི་སྙན་ངག་གི་བསྟན་བཅོས་མཁས་པའི་ཁ་རྒྱན་ཞེས་བྱ་བ་དེ་ནི་བོད་ཀྱི་མཁས་པ་ཚོས་བརྩམས་པའི་སྙན་ངག་རིག་པའི་གཞུང་ཐོག་མ་ཡིན་པར་ངོས་འཛིན་བྱེད་འོས་ཤིང་། བོད་ཀྱི་སྙན་ངག་རིག་པའི་གཞུང་འཆད་དཔྱོད་ཀྱི་ལས་ལ་འཇུག་པའི་དཔྱོད་ལྡན་དག་གིས་གཞུང་གལ་ཆེན་དེའི་དཔེ་རྒྱུན་བརྩད་ཞིབ་གནང་བར་རེ་སྐུལ་ཞུས་པ་ཡིན།
        སྙན་ངག་གི་བསྟན་བཅོས་མཁས་པའི་ཁ་རྒྱན་ཞེས་པ་དེ་བོད་ཀྱི་སྙན་ངག་རིག་པའི་གཞུང་ཐོག་མ་ཡིན་ན་དེའི་ནང་དོན་ཅི་ཡིན་ནམ་ཞེ་ན། གཞུང་དེའི་དཔེ་རྒྱུན་བཙལ་ནས་མ་རྙེད་བར་དུ་དོན་དེར་ལན་གསལ་བོ་ཞིག་འདེབས་དཀའ་ནའང་། གཅིག་ན་ང་ཚོས་གོང་སྨོས་ང་བརྒྱད་མའི་རང་འགྲེལ་ལས་སྙན་ངག་ང་ཉིད་ཅེས་པའི་ཐད་ཀྱི་འགྲེལ་བ་ལས་ཕྱོགས་ཙམ་ཞིག་ཚོད་དཔོག་བྱེད་ཐུབ་ལ།གཉིས་སུ་ས་པཎ་གྱི་གསུང་འབུམ་ལས་དྲི་བའི་ཚུལ་འགའ་ཞིག་ཅེས་པར། སྙན་ངག་སྦྱོར་བ་ཇི་ལྟར་ཡིན། །དེ་ཡི་བརྗོད་བྱ་གང་ལ་འཇུག །ལུང་དང་གཙུག་ལག་རིགས་པ་དང་། །མི་འགལ་བར་ནི་ཇི་ལྟར་སྦྱོར། །ལུང་ལས་བརྗོད་པ་ཇི་ལྟ་བུ། །གཙུག་ལག་ལས་ནི་འབྱུང་བ་གང་། །རིགས་པས་གྲུབ་པའི་སྙན་ངག་ཅི། །དེ་ལ་ཚིག་སྦྱོར་སྐྱོན་ཅན་གང་། །སྐྱོན་མེད་སྦྱོར་བ་ཇི་ལྟ་བུ། །རིགས་དང་ཡོན་ཏན་ལས་རྣམས་དང་། །ལུས་ངག་ཡིད་ཀྱི་བྱ་བ་གང་། །སྦྱིན་སོགས་དམ་པའི་ཕྲིན་ལས་དང་། །དཔའ་སོགས་འཇིག་རྟེན་བྱ་བ་དང་། །སྒྱུ་སོགས་དམན་པའི་སྒྲུབ་པ་དང་། །དགོད་སོགས་ཡ་མཚན་སྐྱེད་པ་ལ། །དོན་གང་ལ་ནི་སྒྲ་གང་འཇུག །དཔེ་ཅན་ལ་ནི་དཔེ་ཅི་སྦྱོར། །སྔོན་དང་ཕྱི་མ་ད་ལྟར་གྱི། །སྐྱེས་རབས་སྣ་ཚོགས་འཆད་པ་ལ། །དེ་ཡི་སྙན་ཚིག་ཇི་ལྟ་བུ། །དེ་ལྟའི་ཚིག་གིས་ང་ལ་དྲིས། །[11]ཞེས་གསུངས་པ་ལས་ང་ཚོས་ས་པཎ་མཆོག་གི་སྙན་ངག་རིག་པའི་བསམ་བློ་དང་ཁོང་གིས་བརྩམས་པའི་སྙན་ངག་གི་བསྟན་བཅོས་མཁས་པའི་ཁ་རྒྱན་གྱི་བརྗོད་དོན་ཕྱོགས་ཙམ་ཚོད་དཔོག་བགྱིད་ཐུབ་པོ།།
བཞི་བ། མཇུག་གྲུབ་པའི་ཚིག
        སྙན་ངག་ཅེས་པའི་ཐ་སྙད་དང་། བོད་ཀྱི་སྙན་ངག་རིག་པ། དེའི་རྣམ་གཞག་སྟོན་པའི་གཞུང་ཐོག་མ་གང་ཡིན་བཅས་དཔྱད་གཞིར་བཟུང་སྟེ། བོད་སྐད་ཁྲོད་ཀྱི་སྙན་ངག་ཅེས་པའི་ཐ་སྙད་བྱུང་ཚུལ་དང་། བོད་ཀྱི་སྙན་ངག་རིག་པའི་གཞུང་ལུགས་ཀྱི་དབུ་དུས་ནམ་ཞིག་ལ་བརྙེས་པར་དཔྱད་བརྗོད་མདོ་ཙམ་བྱས་ཤིང་། བོད་ཀྱི་མཁས་པའི་བརྩམས་པའི་སྙན་ངག་རིག་པའི་རྣམ་གཞག་འཆད་པའི་གཞུང་ཐོག་མ་གང་ཡིན་རྩལ་དུ་བཏོན་ནས་དཔྱད་པ་རགས་ཙམ་བྱས་ཏེ། ས་པཎ་གྱིས་མཛད་པའི་སྙན་ངག་གི་བསྟན་བཅོས་མཁས་པའི་ཁ་རྒྱན་ཞེས་པ་དེ་བོད་ཀྱི་སྙན་ངག་རིག་པའི་གཞུང་ཐོག་མ་ཡིན་པར་བཤད་པ་ལ། ཤེས་ནས་སྨྲ་བའི་དཔྱོད་ལྡན་དག་གིས་འཁྲུལ་སེལ་སྐྱོན་སྤོང་གི་དགོངས་འཆར་ལྷུག་སྩོལ་གནང་བར་ཞུའོ།།
        ལུང་ཁུངས།
        [1]འཕགས་པ་གསེར་འོད་དམ་པ་མདོ་སྡེའི་དབང་བོའི་རྒྱལ་བོ་ཞེས་བྱ་བ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༩ལོ། ཤ༣༡༧
        [2]བཀའ་འགྱུར། སྡེ་དགེའི་ཤིང་དཔར་མ། མདོ་པོད་ན་བ། ཤ༡༢ས
        [3] 王尧 陈践编著, 敦煌吐蕃文书论文集,四川民族出版社,1988年4月第1版p268
        [4] དུང་དཀར་བློ་བཟང་འཕྲིན་ལས་ཀྱིས་བརྩམས། སྙན་ངག་ལ་འཇུག་ཚུལ་ཚིག་རྒྱན་རིག་པའི་སྒོ་འབྱེད། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༢ལོ། ཤ༥
        [5][10]རྗེ་དམུ་དགེ་བསམ་གཏན་རྒྱ་མཚོའི་གསུང་འབུམ་པོད་གསུམ་པ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༩༧ལོ། ཤ༨༥༣ ཤ༤༤༠
        [6][9] ངག་དབང་ཀུན་དགའ་བསོད་ནམས་ཀྱིས་བརྩམས། ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད། མི་རིགས་དཔེ་སྐྲུན་ཁང་། ༡༩༨༦ལོ། ཤ༨༦ ཤ༡༠༥
        [7] འདར་སྟོད་པ་དགྲ་འདུལ་དབང་བོས་བརྩམས། ཐ་སྙད་རིག་གནས་ལྔའི་བྱུང་ཚུལ་ཞེས་བྱ་བ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༡༩༨༧ལོ། ཤ༢༨༥
        [8][11]ས་སྐྱ་གོང་མ་རྣམ་ལྔའི་བཀའ་འབུམ། སྡེ་དགེའི་ཤིང་དཔར་མ། པོད་ཐ་བ། ཤ༣༠༢ཉ། པོད་ཐ་བ། ཤ༡༦༢ཉ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་གིས༡༩༩༢ལོའི་ཟླ༡༢པར་དཔར་དུ་བསྐྲུན་པའི་ས་པཎ་ཀུན་དགའ་རྒྱལ་མཚན་གྱི་གསུང་འབུམ། གླེགས་བམ་དང་བོ། ཤ༦༨༨ཤ༣༦༥
        གསལ་བཤད། རྩོམ་ཐུང་འདི་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་རིག་གཞུང་དུས་དེབ་༢༠༡༠ལོའི་འདོན་ཐེངས་དང་བོའི་སྟེང་བཀོད་ཡོད།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1