ལོ་བརྒྱའི་གཟི་བརྗིད། མཐུན་སྒྲིལ་གྱི་སྟོབས་ཤུགས། ——སྤྲོ་སེམས་འཁོལ་བའི་ངང་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ངོ་ལོ་བརྒྱ་འཁོར་བར་བཀྲ་ཤིས་ཞུ་།
རྒན་གོང་ཨོ་རྒྱན་རྡོ་རྗེ། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 06-03
བཅོས་མིན་ལོ་རྒྱུས་རྩིབས་ཀྱི་བང་རིམ་ནང་། །
མི་རིགས་ང་དྲུག་མཛའ་མཐུན་གཅིག་ཏུ་འབྲེལ། །
ཆད་མེད་མདུན་ནས་མདུན་དུ་འཁོར་བ་ཡི། །
མི་རིགས་མཐུན་སྒྲིལ་འཁོར་ལོ་སུ་ཡིས་ལྡོག །
དྲི་མེད་ལྷག་བསམ་ཆུ་ཤེལ་ཕུང་པོའི་ཁམས། །
ཕན་ཚུན་རོགས་རམ་སྣང་བརྙན་ཅི་ཡང་གསལ། །
ཀྲུང་ཧྭའི་ལོ་རྒྱུས་སྟོང་ལོའི་བང་མཛོད་ནང་། །
མི་རིགས་མཐུན་སྒྲིལ་ནོར་བུ་འོད་སྟོང་འབར། །
ཕན་ཚུན་གཅེས་སྐྱོང་འཛུམ་པའི་མདངས་ཀྱིས་བསུས། །
སེམས་མཐུན་མཉམ་ལས་སྣ་ཚོགས་རྒྱན་གྱིས་སྤུད། །
ཐུན་མོང་འཕེལ་རྒྱས་གར་སྟབས་རབ་ཏུ་བསྒྱུར། །
མི་རིགས་མཐུན་སྒྲིལ་བཙུན་མོའི་ལང་ཚོ་སྒེག །
བླང་དོར་གནས་ལ་བློ་གྲོས་སྒོ་འཕར་ཕྱེ། །
མར་ལེའི་རིག་པས་ལེགས་ཉེས་རྣམ་པར་འབྱེད། །
སྤྱི་ཚོགས་རིང་ལུགས་ལམ་བུ་མཉམ་དུ་བདམས། །
མི་རིགས་མཐུན་སྒྲིལ་བློན་པོ་རིག་པ་རྣོ། །
དུང་ཕྱུར་བཅུ་བཞི་རུས་པ་མཁྲེགས་པའི་ལུས། །
ཅིས་ཀྱང་མི་གཞོམ་སྟོབས་དང་རྩལ་གྱིས་ཕྱུག །
བཅོས་བསྒྱུར་སྒོ་འབྱེད་རྡོག་སྒྲ་རིང་དུ་བསྲིངས། །
མི་རིགས་མཐུན་སྒྲིལ་གླང་ཆེན་ངར་ཤུགས་ཆེ། །
ཕྱི་བཟང་ནང་སྤྱོད་རྩི་བཅུད་ཅི་ཡང་ཟོས། །
འབད་བརྩོན་བང་རྩལ་ནམ་མཁའི་བྱ་ཡང་སྐྱེངས། །
ཀྲུང་ཧྭ་དར་རྒྱས་རྨིག་སྒྲ་མཁའ་མཐར་སྤུར། །
མི་རིགས་མཐུན་སྒྲིལ་རྟ་མཆོག་བང་ཁ་མགྱོགས། །
ཕྱི་ཡི་དགྲ་བོ་དཔའ་བོའི་ཟིལ་གྱིས་མནན། །
ནང་གི་འགལ་བ་ཞི་བའི་ཐབས་ཀྱིས་བསལ། །
མེས་རྒྱལ་གཅིག་གྱུར་རྒྱལ་སྲིད་དམ་པོར་བསྲུངས། །
མི་རིགས་མཐུན་སྒྲིལ་དམག་དཔོན་རྣམ་པར་རྒྱལ། །
མེས་རྒྱལ་སྐྱེད་མའི་ཕང་བ་བདེ་ཞིང་སྐྱིད། །
གནད་སྨིན་དབུལ་སྐྱོར་དམངས་ཀྱི་གསོས་སུ་སྨིན། །
འབྱོར་ཕྱུག་འཚོ་བའི་རྒྱ་མཚོ་ཀུན་ནས་རྒྱས། །
མི་རིགས་མཐུན་སྒྲིལ་གདུགས་ཀྱི་གྲིབ་བསིལ་སྐྱིད། །
རབ་ཡངས་ཞིང་ཐང་ལོ་ལེགས་སྙེ་རླབས་འཕྱུར། །
རབ་ལྗང་རྩྭ་ཐང་དཀར་ནག་ཕྱུག་གིས་ཁེངས། །
རབ་མཛེས་གངས་ཅན་གཡུ་མཚོ་སྔོན་མོ་རུ། །
མི་རིགས་མཐུན་སྒྲིལ་གསེར་ཉ་འཁྱུག་རྩལ་འགྲན། །
ཕྱར་བ་གྲུ་འདེགས་སྲོལ་བཟང་གཙུག་ཏུ་བཀུར། །
ཕན་ཚུན་རོགས་རམ་ལག་གདང་གཅིག་ཏུ་སྦྲེལ། །
གཅིག་ཀྱང་མ་ལུས་འབྱོར་ཕྱུག་ལམ་སྣེ་ཟིན། །
མི་རིགས་མཐུན་སྒྲིལ་ནོར་བུམ་སྲིད་ན་དཀོན། །
ཏང་སྲིད་ཉི་འོད་གདགས་སྲིབ་དབྱེ་བ་བྲལ། །
ཀྲུང་ཧྭའི་ས་གཞི་འདྲ་མཉམ་དཔལ་གྱིས་ཁྱབ། །
ཕན་ཚུན་བརྩི་འཇོག་སུས་ཀྱང་བརྙས་སུ་མེད། །
མི་རིགས་མཐུན་སྒྲིལ་པད་དཀར་དགའ་ཚལ་མཛེས། །
མི་རིགས་ང་དྲུག་མིང་སྲིང་བཞིན་དུ་གཅེས། །
འབྲལ་མེད་མཛའ་མཐུན་མི་འཇིག་རྡོ་རྗེར་བཅོལ། །
སྤུན་ཟླའི་བརྩེ་སེམས་ལེ་དབར་ཁྲི་ལ་ཁྱབ། །
མི་རིགས་མཐུན་སྒྲིལ་དཔལ་བེའུ་གཟུགས་སུ་སྦྲེལ། །
ཕྱི་དགྲ་སྲིན་བྱས་སྐད་ངན་ཀུན་ཏུ་སྒྲོག །
ནང་སྲིད་ཐེ་ཇུས་འདྲེ་ལག་རིང་དུ་བརྐྱངས། །
འོན་ཀྱང་འགྱུར་མེད་རྟག་ཏུ་བརྟན་པ་ཡི། །
ང་དྲུག་མི་རིགས་རྒྱལ་མཚན་འགྱེལ་དུ་མེད། །
དུང་ཕྱུར་བཅུ་བཞིའི་སྟོབས་ཤུགས་གཅིག་ཏུ་སྒྲིལ། །
ཚན་རྩལ་གསར་གཏོད་དཀའ་བརྒྱ་ཁྱད་དུ་བསད། །
ཀྲུང་གོའི་ཕུགས་འདུན་མངོན་དུ་མ་འགྱུར་བར། །
འབད་བརྩོན་འཁོར་ལོ་ནམ་ཡང་ཕྱིར་ལྡོག་མེད། །
ནམ་མཁའ་ཡེ་ལ་འཇའ་ཚོན་སྣ་ལྔ་འཁྲིགས། །
ས་གཞི་འདི་ལ་པད་མ་འདབ་བརྒྱ་བཞད། །
ཏང་གི་སྲིད་ཇུས་དཔག་བསམ་ལྗོན་ཤིང་ལས། །
མེས་རྒྱལ་བཀྲ་ཤིས་དུང་དཀར་གཡས་སུ་འཁྱིལ། །