ཆུང་འབྲིང་སློབ་མར་རྩོམ་ཡིག་གི་ལས་བྱ་འཇོག་སྟངས་སྐོར་རོབ་ཙམ་གླེང་བ།

ཀྱེ་ཕུར་མཆོག་གསུམ། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 06-03


གཅིག །ཆུང་འབྲིང་སློབ་མའི་རྩོམ་ཡིག་འབྲི་སྦྱོང་ཚིག་གྲུབ་བཟོ་བ་ནས་འགོ་བརྩམ་དགོས།

རྩོམ་ཡིག་ལས་བྱ་ནི་སློབ་ཆུང་ལོ་རིམ་གསུམ་པ་ནས་འགོ་རྩོམ་དགོས་པ་ཞིག་ཏུ་འདོད། སློབ་ཆུང་སློབ་མས་རྩོམ་ཡིག་འབྲི་མི་ཐུབ་པ་ཀུན་ལ་གསལ་ཡང་ཚིག་གྲུབ་བཟོ་བ་ནི་རྩོམ་ཡིག་གི་ས་བོན་དུ་ངོས་བཟུང་ཆོག་སྟེ། ཚིག་གྲུབ་བཟོ་བའང་མདོར་དེད་ན་སློབ་མ་རང་རང་གི་ཆུ་ཚད་དང་རྣམ་དཔྱོད། འཚོ་བའི་ཉམས་མྱོང་དང་སྤྱི་ཚོགས་ཀྱི་འབྲེལ་འདྲིས། བསམ་གཞིག་གི་ཁམས་དང་བསྟུན་ཏེ་འགྲོ་དགོས་པས། སློབ་མར་ཚིག་གྲུབ་ཐུང་གྲས་བཟོ་བར་སྐུལ་ཆོག་སྟེ། དཔེར་ན། སློབ་གྲྭ། དགེ་རྒན། ཕ་མ། མདུན་ཅོག །སློབ་གྲོགས་ལྟ་བུའི་ཐ་སྙད་སླ་མོའི་རིགས་ཚིག་གྲུབ་ཏུ་གཏང་བར་སྐུལ་ཏེ། ང་ཚོའི་སློབ་གྲྭ་ཧ་ཅང་མཛེས། དགེ་རྒན་དགུང་གི་ཉི་མ་ཡིན། ཕ་མ་ཉི་ཟླ་ཆ་གཅིག་ཡིན། མདུན་ཅོག་གྲུ་བཞི་སློབ་མར་མཁོ། སློབ་གྲོགས་བཟང་པོ་གྲོགས་ཀྱི་མཆོག་ལྟ་བུའི་ཚིག་གི་སྦྱོར་བ་སྤེལ་བ་ནས་འགོ་བརྩམ་ཆོག་ལ། འབྲི་རྩལ་ལ་ཅུང་ཙམ་གོམས་པའམ་ལོ་རིམ་གསུམ་པ་ནས་བཞི་པར་སླེབས་ཚེ་སྔར་གྱི་རྨང་གཞིའི་སྟེང་གོམ་གང་མདུན་དུ་སྤོས་ཆོག་སྟེ། དཔེར་ན། རྩྭ་ཐང་། ནོར་ལུག །གངས་རི། རྟ་མཆོག ་དང་རྣང་ཞིང་། ལོ་ལེགས། སྙེ་མ་ལྟ་བུ་སློབ་གྲྭའི་ར་བ་ལས་ཕྱིར་བུད་དེ་རོང་འབྲོག་མང་ཚོགས་ཀྱི་འཚོ་བའི་ཁྲོད་འབྲེལ་འདྲིས་ཆེ་བའི་ཐ་སྙད་དེ་དྭངས་གཙང་གི་རྩྭ་ཐང་དང་ཕ་ཡུལ་གྱི་བྱ་དངོས་སམ་སྒོ་ཕྱུགས་ངོས་འཛིན། ཞིང་ལས་ཡོ་བྱད་སོགས་ཐ་སྙད་སྣ་མང་ལ་འཇུག་པ་དང་བསམ་གཞིག་གི་ཁྱབ་ཁོངས་ཀྱང་སྔར་ལས་ཇེ་ཡངས་སུ་བཏང་ཆོག་སྟེ། དཔེར་ན། རྩྭ་ཐང་ནི་ང་རང་འཚར་ལོངས་བྱུང་སའི་ཕ་ཡུལ་ཡིན། ནོར་ལུག་འཚོས་ཏེ་འཚོ་བའི་མཐུན་རྐྱེན་བསྐྲུན། གངས་རི་དཀར་པོ་བོད་ཀྱི་བླ་རི་ཡིན། རྟ་མཆོག་བང་གིས་མུ་མེད་རྩྭ་ཐང་བསྐྱེད། རྣང་ཞིང་གྲུ་བཞི་འཚོ་བའི་རྒྱབ་རྟེན་ཡིན། ལོ་ལེགས་སྨིན་པས་གདོང་ལ་འཛུམ་ཆུང་ལུད། སྙེ་མས་མགོ་བོ་དུད་དེ་སུ་ལ་བསྒུག་ལྟ་བུའི་བརྗོད་པ་སྤེལ་ཏེ་ཚིག་གི་རྩལ་དང་བསམ་བློའི་ཁོག་རྒྱ། ཡི་གེའི་དག་ཆ་དང་བྱ་དངོས་ངོས་འཛིན་གྱི་ནུས་པ་སོགས་ལ་ཤུགས་སྣོན་བྱ་ཆོག་ལ། སློབ་མས་དེ་དག་ལེགས་གྲུབ་བྱས་པ་བཟང་ན་དགེ་རྒན་གྱིས་སློབ་མའི་ཚིག་གྲུབ་དག་ལ་ཚད་མཐོའི་གདེང་འཇོག་གནང་ཆོག་ལ་དེ་དག་གིས་སློབ་མའི་འབྱུང་འགྱུར་གྱི་འོད་ཟེར་བསུ་སྲིད་པའི་གནས་ལུགས་ཀྱང་ལབ་ཆོག་པས་དེ་ནི་སློབ་མའི་དགའ་ཕྱོགས་བསྐྱེད་བསྲིང་བྱ་བའི་གཞི་རུ་འགྱུར་སྲིད་ལ“ཚིག་གི་དག་ཆས་དོན་གྱི་གནད་འབྱིན་ཞིང་། དོན་གྱི་གོ་བས་ཚིག་གི་དག་ཐོན་པ”ཞེས་པ་ལྟར་ཚིག་གྲུབ་བམ་བརྗོད་པ་གང་ཞིག་སྤེལ་ཡང་ཚིག་གི་དག་ཆ་ནི་ཐོག་མ་ཉིད་ནས་རྒྱུད་ལ་འཇགས་པར་བྱ་དགོས། ལོ་རིམ་ལྔ་པ་དྲུག་པར་ཐོན་དུས་སློབ་མ་སྔར་གནས་ནས་གོམ་གང་མདུན་དུ་སྤོས་ཆོག །དེ་ནི་སློབ་མས་ཚིག་གྲུབ་བཟོ་བ་ལས་ཉིན་ཐོ་ཐུང་གྲས་འབྲི་བའི་ལས་སུ་སྐུལ་དགོས། དེ་དུས་ད་དུང་སློབ་མའི་རྣམ་དཔྱོད་ཀྱི་གཤོག་པ་རྒྱས་མེད་ལ་འཆར་ཡན་དང་བསམ་གཞིག་གི་ས་བོན་ཡང་དེ་ཙམ་སྨིན་མེད་པ་མ་ཚད། སློབ་མ་རེ་རེའི་ཆུ་ཚད་དང་བརྩོན་སེམས། དགའ་ཕྱོགས་དང་འཚོ་བའི་རྒྱུས་ལོན་ཡང་ཅུང་ཞན་པས་དེ་ལུགས་ཀྱིས་ཉིན་ཐོ་ཐུང་གྲས་འབྲི་ཆོག །

དཔེར་ན། ངས་དེ་རིང་གི་སློབ་ཐུན་རེ་རེར་སེམས་ཀྱིས་མཉན་ཏེ་དགེ་རྒན་གྱིས་ཁྲིད་པའི་ནང་དོན་ཡོད་ཚད་རྟོགས་སོང་བས་དེ་རིང་གི་ཉི་མར་དོན་སྙིང་ལྡན་ལྟ་བུ། སློབ་གྲོགས་སྒྲོལ་མའི་རོགས་རམ་འོག་ངས་དེ་རིང་གི་ལས་བྱ་ཆ་ཚང་དུ་བྲིས་ཚར་བས་སེམས་ཀྱི་ནམ་མཁར་དགའ་སྣང་གི་རྒོད་པོ་ཡང་ཡང་ལྡིང་ལྟ་བུ། དེ་རིང་སློབ་གྲྭར་གནང་བ་བཏང་ཟིན་པས་ང་ཚོ་མཆོང་ལྡིང་གིས་ཡུལ་དུ་ལོག་ནས་ཕ་མའི་བྱམས་བརྩེ་ནུ་ཞོ་འཐུང་ལྟ་བུ་སྔོན་གྱི་ཚིག་གྲུབ་ནས་ཚིག་གི་རྗོད་པ་སྤེལ་བའི་ཕྱོགས་སུ་ནུར་ཆོག་པས་དེའང་ན་ཆུང་གི་སློབ་མ་ཞིག་ལ་མཚོན་ན་འཕེལ་རྒྱས་ཤིག་དང་ནར་སོན་གྱི་གོ་རིམ་ཞིག་ག་ལ་མིན་ཨང་། “ཞུམ་ལ་གཟེངས་བསྟོད་རྒོད་པ་ལ། །འཁོར་བའི་ཉེས་དམིགས་ལེགས་པར་འཆད། །རྨུགས་པ་རྣམས་ལ་ངོ་མཚར་གྱི། གཏམ་བཤད་ནས་ནི་མཉན་དུ་གཞུག”ཅེས་པ་ལྟར་དགེ་རྒན་གྱིས་ཀྱང་སློབ་མའི་འཕེལ་རྒྱས་སམ་གྲུབ་འབྲས་ཕྲན་ཙམ་མཐོང་བ་དག་ལ་དེ་འཚམ་གྱིས་གདེང་འཇོག་དང་བསྟོད་བསྔགས་ཀྱི་མཐེ་བོང་ཀེར་ཏེ་ཁོ་ཚོར་དགའ་ཕྱོགས་ཀྱི་མེ་ཁ་གསོ་དགོས།

གཉིས། རྩོམ་ཡིག་གི་ལས་བྱ་ནི་སློབ་མའི་ན་ཚོད་ལྟར་གོ་སྒྲིག་བྱ་དགོས།

གོང་གི་གོ་རིམ་དེ་དག་བརྒྱུད་དུས་དམའ་འབྲིང་གི་སྒོ་ཐེམ་བརྒལ་བའི་དུས་སྐབས་ཤིག་ཏུ་སླེབས་འདུག་པས། གཅིག་ན་ཁོར་ཡུག་ཅིག་བརྗེས་པ་དང་། གཉིས་ན་ཆུ་ཚད་ཀྱང་རིམ་གྱིས་འཕར་བ། གསུམ་ན། བསམ་གཞིག་གི་ནུས་པ་དང་རང་བདག་གི་བསམ་བློའམ་དྲིན་གཟོའི་ནུས་པའང་སྔོན་ལས་ལྡབ་ཀྱིས་འཕར་འདུག་པ་མངོན་སུམ་རེད། དེ་བས་དགེ་རྒན་དག་གིས་ཀྱང་དེར་བསྟུན་གྱིས་ཐབས་ལམ་སྤྱད་དེ་སློབ་མའི་བློ་ཁ་སློབ་སྦྱོང་ལ་འགུག་ཐབས་བྱ་དགོས་ན། སྔོན་གྱི་ཉིན་ཐོ་ཐུང་ངུ་ལས་བརྒལ་ཏེ་ཉིན་ཐོ་རིང་གྲས་དང་ཡང་ན་དགེ་རྒན་དང་ཕ་མའི་བཀའ་དྲིན་བརྗོད་པའི་རྩོམ་ཡིག །བྱ་དངོས་ཞིབ་བརྗོད་ཀྱི་རྩོམ་ཡིག་དང་འཚོ་བའི་མཐོང་ཐོས་བརྗོད་པའི་རྩོམ་ཡིག །ད་རུང་དཔེ་ཀློག་མྱོང་ཚོར་དང་སེམས་ཁམས་ཞིབ་བརྗོད་ཀྱི་རྩོམ་ཐུང་། དེ་མིན་རྒྱུན་སྤྱོད་ཡིག་རིགས་སྣ་ཚོགས་སོགས་འབྲི་བར་སྐུལ་དགོས་ལ་འདི་དག་ནི་གོང་གི་མཐུན་རྐྱེན་ནམ་མ་ལག་ཚང་བའི་རྨང་གཞིའི་སྟེང་ནས་འགོ་རྩོམ་དགོས་པ་ལས་སློབ་ཆུང་སྐབས་སུ་ཚིག་སྒྲིག་དང་ཉིན་ཐོ་ཐུང་གྲས་འབྲི་བར་གོམས་མེད་ཚེ་དམིགས་ཡུལ་འདི་དག་ཀྱང་ཇི་བཞིན་འགྲུབ་མི་སྲིད་པས་སློབ་མར་བཙན་དང་བཀའ་ཡིས་སྐུལ་བ་ནི་དགའ་ཕྱོགས་ཀྱི་མེ་དཔུང་ཆུ་ཡིས་གསོད་པའི་སྣང་ཚུལ་ལས་མི་འདུག་པས་གཟབ་དགོས། དཔེར་ན། རྨང་མ་བཏིང་བར་མཁར་བརྩིགས་ན་འགྱེལ་འགྲོ་བ་དང་། དུས་མ་རན་པར་ལྗང་པ་འཐེན་ན་རྙིད་འགྲོ་བ། ལངས་མ་ཐུབ་པར་རྒྱུག་ན་ལོག་འགྲོ་བ་སོགས་དཔེ་མཚོན་གསོན་པོ་ཅི་འདྲའི་མང་ཨང་། དེ་བས་སློབ་མར་རྩོམ་ཡིག་བཙན་གྱིས་འབྲི་བའི་གནོན་ཤུགས་སྤྲད་མི་རུང་། ཚད་མཐོ་བའི་གནོན་ཤུགས་ཀྱིས་སློབ་མའི་མི་ཚེ་གཅིག་གི་མདུན་ལམ་བརླག་ཀྱང་སྲིད་དོ། །

དེ་བས་ང་ཚོར་ཡང་སློབ་ཆུང་ནས་དམའ་འབྲིང་དང་དེ་ནས་མཐོ་འབྲིང་བར་གྱི་སློབ་ཁྲིད་ཀྱི་རྨང་གཞིའམ་གཏན་ཚིགས་ཀྱི་རྨང་གཞི་ཞིག་ཆགས་དགོས་པའི་གནད་ཀྱང་འདིར་ཐུག་ཡོད། རྨང་དེ་ལྟ་བུ་ཞིག་ཆགས་ཐུབ་མིན་ཡང་སློབ་གྲྭ་ཆུང་འབྲིང་གི་སྐད་ཡིག་སློབ་ཁྲིད་ཕྲག་ལ་ཁུར་བའི་དགེ་རྒན་དག་གིས་གཅིག་མཐུན་གྱིས་བསམ་གཞིག་གཏང་དགོས་པའི་གནད་དོན་གལ་ཆེན་ཞིག་ཏུ་འདོད། སློབ་ཆུང་དགེ་རྒན་གྱིས་སློབ་ཆུང་གི་ནང་དོན་དང་དམའ་འབྲིང་དགེ་རྒན་གྱིས་དམའ་འབྲིང་གི་ནང་དོན། མཐོ་འབྲིང་དགེ་རྒན་གྱིས་མཐོ་འབྲིང་གི་ནང་དོན་བདེ་ལེགས་ངང་ལེགས་འགྲུབ་བྱ་ཐུབ་ཚེ་ང་ཚོའི་མིག་སྔར་གནས་པའི་སློབ་མ་དག་ཀྱང་དེ་འདྲའི་དབང་རྟུལ་ཏག་ཏག་ག་ལ་ཡིན་ཨང་། གཙོ་བོ་རང་རང་གི་ལས་འགན་མ་འགྲུབ་པར་གཡག་ཁལ་མཚོ་འགེལ་དང་མཛོ་ཁལ་གཡག་འགེལ་གྱིས་རྣམ་པར་སོང་བས་དེང་གི་སྐྱ་ཆད་སྔོ་རྡུག་གི་སྣང་ཚུལ་འདི་བྱུང་བ་རེད། སློབ་གསོ་ཟེར་བ་ནི་རྒྱལ་ཁབ་ཅིག་གམ་མི་རིགས་ཤིག །

རིག་གནས་ཤིག །ཡུལ་ལུང་ཞིག་གི་འཚོ་བའི་ལེགས་ཉེས་དང་སེམས་ཀྱི་འདུ་ཤེས་འཛིན་སྟངས་སོགས་གོང་འཕེལ་ལམ་འཐུས་ཚང་དུ་གཏོང་བའི་ཐབས་ལམ་ཉག་ཅིག་ཏུ་འདོད་པ་ལས་རང་རང་སར་ཁྱིར་རྒྱག་པའི་དབྱུག་པ་བྱ་ཆོག་པ་ཞིག་གཏན་ནས་མ་ཡིན་པས་ང་ཚོས་ཀྱང་གོ་རིམ་དང་སྒྲིག་གཞི་མི་འཆོལ་བའི་རྨང་གཞིའི་སྟེང་སློབ་གསོའི་ལམ་ལུགས་ཤིག་གཟུག་ཐུབ་ན་ནི་སྐས་རྐང་རེ་དང་ཐེམ་པ་རེ་བརྒལ་ཏེ་དམིགས་འབེན་གྱི་ཡང་རྩེར་བསྙེག་ཐུབ་པར་གདོན་མི་ཟ་བ་བཞིན། གོང་གི་རྩོམ་འབྲིའི་ཁ་ཕྱོགས་དེའང་དེ་བཞིན་དུ་ལེགས་ལམ་དུ་འགྲོ་སྲིད་ལ་རྩོམ་འབྲིའི་ནུས་པ་སྔོག་པ་ལས་རང་ཤུགས་ཀྱིས་དཔེ་ཀློག་ལ་གོམས་པ་དང་བསམ་གཞིག་གི་འདུ་ཤེས་ཡོད་པའི་སློབ་མ་ཞིག་བསྐྱེད་དུ་བསྲིང་པར་ཡང་ཐེ་ཚོམ་ཅི་ཡང་མེད་དོ། སློབ་ཁྲིད་སློབ་གསོ་ནི་དགེ་རྒན་གྱི་ཆུ་ཚད་དང་ཐད་ཀར་དུ་འབྲེལ་སྲིད་ཀྱང་དེ་ནི་དགེ་རྒན་གྱིས་དགའ་སྐྱོ་དང་ཨུ་ཚུགས་ཀྱིས་བརྒྱ་ཁ་གཅིག་ཆོད་བྱ་ཆོག་པ་ཞིག་ཀྱང་མ་རེད། དཔེར་ན། དགེ་རྒན་རྩོམ་རིག་ལ་མི་དགའ་བ་ལས་སློབ་མའི་རྩོམ་འབྲིའི་དགའ་ཕྱོགས་འགོག་པ། དགེ་རྒན་གླུ་དབྱངས་ལ་མི་དགའ་བ་ལས་སློབ་མའི་གླུ་དབྱངས་སྦྱོང་བའི་དགའ་ཕྱོགས་འགོག་པ། དགེ་རྒན་མི་རིགས་ཀྱི་ཡུལ་སྲོལ་དང་འཚོ་བའི་གོམས་གཤིས་ལ་རྨོངས་པ་ལས་སློབ་མའི་དེའི་ཕྱོགས་ཀྱི་དགའ་ཕྱོགས་འགོག་པ། གཞན་ཡང་སློབ་མའི་རྩིས་ཐང་དང་མི་གཤིས་ཀྱི་གཉོམ་སར་ལག་པ་བསྲིངས་པ་ལྟ་བུ་ནི་གཏན་ནས་མི་རུང་བའི་ནོར་འཁྲུལ་ཚབ་ཆེན་ཞིག་ཏུ་ཁོ་བོས་འདོད་དོ། །

གསུམ། དཔྱད་འཇོག་ནི་སློབ་མའི་བརྩོན་སེམས་འཕེལ་བའི་ལྕག་ཚན་ཡིན།

སློབ་མ་རིམ་གྱིས་དམའ་གཉིས་དང་དམའ་གསུམ་ལ་ཐོན་དུས་བོད་འབྲེལ་ས་ཁུལ་གྱི་སློབ་མ་མང་ཆེ་བ་ལོ་བཅོ་ལྔ་ལས་བརྒལ་ཟིན་པས་ན་ཚོད་སོགས་ཕྱོགས་གང་ནས་བལྟས་ཀྱང་རང་རྐྱ་ཕེར་བའི་དུས་སྐབས་སུ་ཁེལ་ཡོད་ལ་སློབ་མའི་རྩོམ་ཡིག་གི་ལས་བྱའང་སྔོན་ལས་ལྡབ་གཅིག་གིས་ཡར་འཕར་ཆོག་སྟེ། དཔེར་ན་རྩོམ་ཡིག་ཐུང་ངུ་ནས་རྩོམ་ཡིག་ཅུང་རིང་གྲས་འབྲི་བ་དང་། རྩོམ་ཡིག་གི་ཁ་ཡིག་ཀྱང་བདག་གི་སློབ་གྲྭ་དང་བདག་གི་དགེ་རྒན། བདག་གི་ཕ་ཡུལ། བདག་གི་ཨ་མ། འདས་དོན་ཞིག་ལྟ་བུའི་གནས་ལས་ཅུང་ཡར་འཕགས་ཏེ་རྩོམ་སྟངས་ཀྱང་ཇི་བཞིན་བརྗོད་པ་དང་གསལ་བཤད་རྩོམ་ཡིག་གི་རེ་འདུན་ཆ་ཚང་མངོན་པའི་རྩོམ་ཡིག་འབྲི་བར་སྐུལ་ཆོག་ལ། ཡིད་ཀྱི་འགྱུར་བ་མཚོན་པའི་རྩོམ་ཡིག་དང་དོན་གྱི་བྱུང་བ་བརྗོད་པའི་རྩོམ་ཡིག །དཔྱད་གླེང་དང་དོན་བརྗོད་ལྷུག་རྩོམ་འབྲི་བར་ཡང་ཚོད་ལྟ་བྱ་ཆོག་པས་མི་ཚད་ཁ་བྱང་ཡང་འཆར་གཞི་ལྡན་པའི་མི་ཞིག་བྱ། ཨ་ཕ་ནི་ངའི་འཚོ་བའི་རྒྱབ་རི་ཡིན། ངས་སློབ་སྦྱོང་བྱ་བ་ནི་ལྟོ་རྒྱབ་ཁོ་ནའི་ཆེད་དུ་ཡིན་ནམ། ངེད་ཚང་གི་སྦྲ་ནག་གི་ལས་དབང་ལྟ་བུ་ཅུང་ཙམ་འགན་འཁྲི་དང་བསམ་གཞིག །འབྱུང་འགྱུར་གྱི་ཕུགས་བསམ་གླེང་བའི་ལམ་དུ་གོམ་པ་ཐོག་མར་སྤོས་ཆོག་ལ། རང་ཉིད་ཀྱིས་བྲིས་པ་ཙམ་མ་ཡིན་པར་གཞན་གྱི་རྩོམ་ཡིག་མང་དུ་བཀླགས་པ་དང་དེར་དབྱེ་ཞིབ་དང་བསམ་གཞིག་བྱེད་པའི་དབུ་ཡང་འཛུགས་ཆོག །གཞན་གྱི་ལེགས་པའི་བསམ་བློ་དང་རྩོམ་ཡིག་གི་འབྲི་ཐབས་ཁྱད་པར་བ། ཐུན་མིན་གྱི་མཚོན་ཐབས་སོགས་ཀྱང་བླངས་ཆོག་པས་སློབ་མ་ནི་སྔོན་གྱི་ཀྱ་ཙེ་གོམ་ཙེ་ནས་རང་གིས་ལམ་དུ་ཞུགས་ཐུབ་པ་དང་ཞུགས་པ་ཙམ་གྱིས་མི་ཆོག་པར་རྒྱུགས་ཐུབ་ལ་རྒྱུགས་པས་མི་ཚད་ལམ་བར་གྱི་ཉེན་ཁར་གཡོལ་བའི་ཐབས་ཀྱང་ཤེས་པའི་གནས་སུ་འཁྲིད་དགོས། དེ་བས་སློབ་མའི་རྩོམ་ཡིག་འབྲི་བ་ནི་སྐབས་ཐོག་གི་འགན་ཁུར་བསྲིབ་པ་ཙམ་མ་ཡིན་པར་རང་གི་འཚོ་བའི་ཁྲོད་ཀྱི་གོམས་གཤིས་ཤིག་གམ་དགའ་ཕྱོགས་ཤིག་ཏུ་ཆགས་པ་བྱ་ཐུབ་ཚེ། དགེ་རྒན་དག་གི་དམིགས་ཡུལ་དང་འགན་ཁུར་ཡང་འབེན་ལ་ཕོག་པར་ཐག་མི་རིང་བར་སྙམ། སློབ་མའི་རྩོམ་ཡིག་དེ་དག་འབྲི་རུ་བཅུག་པ་ཙམ་གྱིས་ག་ལ་ཆོག་སྟེ་བྲིས་རྗེས་དགེ་རྒན་གྱིས་དེ་དག་ལ་སེམས་ཞིབ་མོས་ཞུ་དག་གཏོང་དགོས་ལ་ལེགས་ཉེས་བླང་དོར་གྱི་དབྱེ་བའང་གསལ་པོར་དགར་དགོས། དེ་འཚམ་གྱི་དཔྱད་འཇོག་གི་ཚིག་ཀྱང་རེ་རེ་བཞིན་འབྲི་དགོས། བཟང་ལ་བསྟོད་པའི་བསྔགས་པ་དང་ཞན་ལ་ཆད་པའི་གནད་རྣམས་བླུ་དགོས་ཏེ། དེ་ནི་མ་མཐའི་དགེ་རྒན་ཞིག་གིས་ཀྱང་བསྒྲུབ་དགོས་པའི་འགན་ཁུར་ཆུང་ཆུང་ཞིག་ཏུ་བསམ་དགོས་ལ། དེས་ནི་སློབ་མའི་ཕུགས་བསམ་དང་དགའ་ཕྱོགས་ཆེ་ཆེ་ཞིག་བསྐྱེད་པར་གདོན་མི་ཟའོ། །ཡིན་ཡང་དཔྱད་འཇོག་བྱ་དུས་ཡིད་ལ་གང་ཤར་ཐོལ་གྱིས་མི་འབྲི་བར་དཔེར་ན། ཁྱོད་ཀྱིས་བྲིས་རྩོམ་འདིས་དགེ་རྒན་གྱི་ཡིད་དབང་རྨང་ནས་འཕྲོག་སོང་། མུ་ནས་འབད་འབུངས་བྱོས་དང་ཁྱོད་ཀྱི་འབྱུང་འགྱུར་འོད་ཀྱིས་ཁེངས། ཁྱོད་ཀྱི་རྩོམ་ཡིག་གི་གསེང་ལ་འཐིམ་པའི་གཤིས་སྤྱོད་འདིས་སློབ་གྲོགས་མང་དག་ཅིག་གི་ཡིད་ཀྱི་དང་བ་འདྲེན་སྲིད། ཉི་མ་རེ་རེ་བཞིན་ཡར་རྒྱས་ཀྱི་ཟླ་བ་གོང་དུ་འཕེལ་བཞིན་པ་ནི་ཅི་འདྲའི་དགའ་འོས་པ་ཞིག་རེད་ཨང་། དེ་རིང་གི་རྩོམ་ཡིག་བྲིས་པ་དེ་ཙམ་འཁྱོངས་མི་འདུག་ཀྱང་ཧུར་བརྩོན་བྱོས་དང་ཡར་རྒྱས་ཀྱི་འཕར་རྩ་ལྡང་གིན་འདུག་ལྟ་བུའི་དཔྱད་འཇོག་བྲིས་ཏེ་སློབ་མའི་ཀུན་སློང་དང་འབད་བརྩོན། རོགས་རེས་ཀྱི་ལྗང་ལོ་འབུ་རུ་གཞུག་དགོས། ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1