རིམས་སྲུང་བོད་སྤོས་ཀྱི་བཟོ་ཚུལ་དང་ཕན་ནུས་ལ་དཔྱད་པ།

སིདྡྷི་ཆོས་དབང། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 06-03


དང་པོ། བོད་སྤོས་ཀྱི་བྱུང་འཕེལ་མདོར་བསྡུས།

བོད་སྤོས་ནི་བོད་པའི་འཚོ་བའི་ཁྲོད་དུ་ཆེས་རྒྱུན་མཐོང་གི་སྣ་མང་རང་བཞིན་གྱི་ཐོན་རྫས་ཤིག་ཡིན། དེ་ཡང་དེང་སང་བཞིན་སྨན་སྣ་མང་པོ་ཚད་ངེས་ཅན་གྱི་སྒོ་ནས་མཉམ་དུ་སྡེབ་སྦྱོར་བྱས་ཏེ་བོད་སྤོས་བཟོ་བའི་ལག་ལེན་མ་བྱུང་གོང་དུ་བོད་ལ་སྤོས་ཀྱི་ལག་ལེན་སྟབས་བདེ་ཡོད་དེ། གྱོན་གོས་དང་མལ་ཆས་སོགས་དཀར་གསལ་ཟླ་འོད་འོག་ཏུ་སྐར་བསང་བྱེད་པ་དང་། ཉིན་མོར་སྨན་རྫས་སྣ་ཚོགས་སྦར་ཏེ་སྡོད་ཁང་སོགས་ལ་བསང་བྱས་ནས་རྐྱེན་བགེགས་ཟློག་པ། དུག་གསོད་པ་དང་དྲི་ངན་སེལ་བ། འབུ་སྲིན་སོགས་མེད་པར་བྱེད་པའི་སྲོལ་འདུག །དེ་ལྟར་དྲི་ཞིམ་ལྡན་པའི་རྩི་ཤིང་སོགས་མེར་བསྲེགས་ནས་བདུག་བྱེད་པ་ནི་བོད་སྤོས་ཀྱི་ཆེས་གདོད་མའི་རྣམ་པ་ཞིག་ཏུ་འདོད།

སྤོས་སྦྱོར་ཀྱི་སྐོར་བཀོད་པའི་དཔེ་ཆ་རིགས་གཉིས་སུ་དགར་ཆོག་སྟེ། གསོ་རིག་གི་གཞུང་དང་ཆོས་ལུགས་ཀྱི་གཞུང་ཡིན། བོད་དུ་གཅིག་གྱུར་གྱི་ཡི་གེ་བྱུང་བ་དང་བསྟུན་ནང་ཆོས་བོད་དུ་དར་བ་དང་གསོ་རིག་ལ་དར་ཁྱབ་ཆེན་པོ་བྱུང་། དེ་བས་བོད་སྤོས་ཡང་སྐབས་དེ་ནས་རིམ་བཞིན་དར་ཁྱབ་ཆེན་པོ་བྱུང་བར་འདུག་སྙམ། སྤོས་སྦྱོར་ལ་རླུང་བདུག་སྤོས་དང་གདོན་བདུག་སྤོས། ཀོ་ལ་ཉེར་ལྔ། ཟུར་མཁར་དྷརྨ་སྭ་མིས་མཛད་པའི་སྤོས་སྦྱོར། ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲིའི་མཛད་པའི་ཉུང་སྦྱོར། དཔལ་དུས་ཀྱི་འཁོར་ལོ་ནས་བཤད་པའི་ལྔ་སྦྱོར་བཅུ་གཉིས། ཆོས་སྐྱོང་གི་སྤོས་སྦྱོར། དཔལ་ལྡན་ལྷ་མོའི་སྤོས་སྦྱོར། བསུར་རྫས་དྲི་ཟའི་སྤོས་སྦྱོར། དྲི་བཟང་བཅུ་གསུམ་གྱི་སྦྱོར་བ། རྒྱ་ནག་ལུགས་ཀྱི་སྔོ་སྦྱོར་སོགས་གསོ་རིག་དང་ནང་ཆོས་ཀྱི་གཞུང་དུ་མཐོང་རྒྱུ་མང་ངོ་། །གཞན་དེང་སང་བོད་ལྗོངས་ནས་ཐོན་པའི་ཡུལ་གྱི་བོད་སྤོས་ཕྱག་རྒྱུན་ནི་ཐོན་མི་སམ་བྷོ་ཊས་རྒྱ་གར་འཕགས་ཡུལ་ནས་སློབ་གཉེར་བྱས་ཏེ་རྒྱུན་བསྐྱངས་པ་ཡིན་པའི་བཤད་རྒྱུན་ཡང་འདུག །

ད་ལྟ་བོད་སྤོས་ཐོན་སྐྱེད་བྱེད་པའི་སྡེ་ཁག་མང་པོ་འདུག་སྟེ། དགོན་སྡེ་ཁག་དང་བོད་སྨན་ཁང་། བོད་སྨན་བཟོ་གྲྭ། སྒེར་གཉེར་གྱི་བོད་སྤོས་བཟོ་གྲྭ་སོགས་ནས་རང་རང་གི་ཁྱད་ཆོས་ལྟར་ཐོན་རྫས་མང་པོ་ཚོང་རར་བཀྲམ་བཞིན་འདུག་པས་བོད་སྤོས་ལ་རིགས་ཧ་ཅང་མང་། དེ་བས་བོད་སྤོས་ཀྱི་བདེན་རྫུན་དང་ལེགས་ཉེས་དབྱེ་འབྱེད་བྱ་རྒྱུ་ཤིན་ཏུ་གལ་ཆེ་བར་མཐོང་ངོ་། །

གཉིས་པ། རིམས་བསྲུང་བོད་སྤོས་ཀྱི་བཟོ་ཚུལ།

1.རིམས་བསྲུང་བོད་སྤོས་ཀྱི་སྦྱོར་བ་དང་སྦྱོར་ཚད་གཏན་འབེབས།

ཐེངས་འདིའི་སྤོས་སྦྱོར་ནི་དེའུ་དམར་གསོ་རིག་གཅེས་བཏུས་སུ་བཀོད་པའི་ཀོ་ལ་ཉེར་ལྔའི་རྨང་གཞིའི་སྟེང་ནས་ཅུང་ཟད་འགྱུར་བ་བཏང་ཡོད། ཀོ་ལ་ཉེར་ལྔའི་ནང་ན་ཡོད་པའི་གླ་རྩི་སོགས་སྲོག་ཆགས་ཀྱི་སྨན་སྣ་རྣམས་ནུས་པ་དེ་དང་ཕྱོགས་མཐུན་གྱི་སྔོ་སྨན་གྱིས་ཚབ་བྱས་ཡོད། སྦྱོར་ཚད་གཏན་འཁེལ་སྐབས་སྤོས་སྦྱོར་ལ་གོམས་པའི་ཆེད་ལས་མི་སྣ་གདན་འདྲེན་བྱས་ཏེ་རྒྱ་ཚད་སྲང་ཚད་གཏན་འབེབས་བྱས་པ་ཡིན། །

2.སྨན་རྒྱུ་གྲ་སྒྲིག་དང་གཙང་སྦྲ།

ཐེངས་འདིའི་སྤོས་སྦྱོར་ལ་མཁོ་བའི་སྨན་རྒྱུ་དག་བོད་སྨན་ཚོང་རྭ་ནས་ཉོ་སྒྲུབ་བྱས་པ་དང་དམིགས་བསལ་ཉོ་མི་ཐུབ་པ་དག་བོད་སྤོས་བཟོ་གྲྭ་ནས་མཁོ་འདོན་བྱས། དེ་ནས་སྨན་རྒྱུ་རེ་རེ་གཙང་མ་བྱ་དགོས་སྟེ། སྨན་རྒྱུའི་ནང་གི་ས་རྡོ་སྤུ་རྩྭའི་རིགས་དོར་བར་བྱས་རྗེས་རྒྱ་ཚད་ལྟར་ཚད་འཇལ་དགོས།

3.སྨན་རྒྱུ་འཐག་པ་དང་བསྲེས་པ།

སྤོས་ཀྱི་རྒྱུ་ཆར་འགྲོ་བའི་སྨན་ཕལ་ཆེ་བ་རྒྱ་ཚད་ལྟར་མཉམ་བསྲེས་བྱས་རྗེས་འཐག་དགོས། ཚགས་ཞིབ་མོ་ཅན་དུ་བཙགས་དགོས། ནཱ་གུ་ནི་སྤོས་ཀྱི་དྲི་དང་རག་ལས་པའི་གནད་འགག་གི་སྨན་ཞིག་ཡིན། དེ་ལོགས་སུ་འདུལ་ཏེ་སྤོས་སྦྱོར་དུ་གཏོང་དགོས།

4.སྤོས་ཕྱེ་རྫི་བ་དང་སྤོས་ཐུར་བཟོ་བ།

སྤོས་སུ་སྤྱོད་རྒྱུའི་སྨན་མཉམ་འཐག་གྲུབ་རྗེས་ཆུ་གཙང་རན་ཙམ་བླུགས་ཏེ་བརྫི་དགོས། འདིར་སྤོས་མི་ཆག་པའི་ཆེད་དུ་ཡོ་འབོག་གམ་ཡང་ན་དབང་པོ་ལག་པ་འོས་འཚམ་ཞིག་བསྲེ་དགོས། སྤོས་ཕྱེ་བརྫིས་ཏེ་སྲ་སྙིའི་ཚད་འོས་འཚམ་གྱི་སྐབས་སུ་སྤོས་རེངས་བཟོ་དགོས།

5.བསིལ་སྐམ་མམ་ཉི་སྐམ་བྱེད་པ།

སྤྱིར་ང་ཚོའི་སྨན་གང་རུང་རིལ་བུ་དྲིལ་རྗེས་སྨན་གྱི་ངོ་བོ་ལ་གཞིགས་ཏེ་བསིལ་སྐམ་མམ་དྲོད་སྐམ་བྱེད། དེ་བས་སྤོས་ཀྱང་དེ་ལས་མ་འདས་སོ་སྙམ། ལྷག་པར་བསིལ་སྐམ་དེ་མཁའ་རླུང་ལེགས་པོ་རྒྱུ་བའི་ཁང་མིག་སོགས་སུ་སྐམ་པར་བྱེད་དགོས།

6.ཕྱི་ཐུམ་བཟོས་ཏེ་ཐོན་རྫས་སུ་གྲུབ་པ།

སྤོས་ཐུར་སྐམ་རྗེས་ལག་འཇམ་པོས་སྐུད་པ་ཕྲ་མོས་རིང་ཐུང་མཉམ་པར་བསྡམ་པ་དང་ཕྱི་ཐུམ་དུ་འཇུག་དགོས། ཐོན་རྫས་ཡོངས་སུ་གྲུབ་བོ།

གསུམ་པ། རིམས་བསྲུང་བོད་སྤོས་ཀྱི་ཕན་ནུས།

སྤོས་སྦྱོར་འདི་གྲུབ་རྗེས་དྲི་ཞིམ་ལ་ལག་པར་སྤོས་ཀྱི་མདོག་མི་འགོས་པ། ཆག་དུམ་དུ་འགྲོ་མི་སླ་བ། མེ་ལེན་སླ་བ་སོགས་ཀྱི་ཁྱད་ཆོས་ལྡན། འདིའི་ཕན་ནུས་ལ་ཀོ་ལ་ཉེར་ལྔའི་སྐབས་སུ་འདི་ལྟར་གསུངས་ཡོད་དེ། ཐོ་རངས་དྲི་གཞན་སྣ་ལ་མ་ཚོར་གོང་། །སྤོས་སྦྱོར་འདི་བསྲེགས་ཕུད་ཀྱིས་དཀོན་མཆོག་དང་། །རྩ་གསུམ་མཆོད་ཅིང་ལྷག་མ་དངོས་གྲུབ་ཏུ། །དམིགས་ལ་སྐྱབས་ཡུལ་སྤོས་དུད་དབྱེར་མེད་དུ། །རང་ལ་བསྟིམ་ཞིང་མགོ་བཏུམས་ཁ་སྣ་སོགས། །བུ་ག་ཀུན་དང་ལུས་ལ་ཐིམ་པར་བདུག །ཉིན་རེའི་གདོན་བགེགས་གནོད་བྱེད་མཐའ་དག་དང་། །ཁྱད་པར་འགོས་ནད་ཀུན་སྲུང་མྱོང་བས་གྲུབ། །

ཟླ་གཅིག་མ་ཆགས་ལོ་གཅིག་བསྲུང་བར་འགྱུར། །ཞེས་གསུངས་པས་རིམས་འགོག་གི་སྤོས་ཡག་ཤོས་ཤིག་ཡིན་པ་སྨྲོས་མེད་རེད།

བཞི་པ། རིམས་བསྲུང་བོད་སྤོས་ཀྱི་མ་འོངས་འཕེལ་རྒྱས།

ཐེངས་འདིར་བཟོས་པའི་རིམས་བསྲུང་བོད་སྤོས་ནི་དྲི་ཞིམ་ལ་འཇམ་པ། མཛད་སྤྱོད་མཁན་གྱིས་དགའ་བསུ་ཐོབ་པའི་སྤོས་ཞིག་ཏུ་གྲུབ། དེ་བས་མ་འོངས་པར་རིམས་བསྲུང་བོད་སྤོས་ཀྱི་སྦྱོར་སྡེ་འདི་ཡི་སྨན་སྣ་དང་སྦྱོར་ཚད། བཟོ་རྩལ་སོགས་ལ་མུ་མཐུད་ལེགས་བཅོས་བྱས་ཏེ་འབྲེལ་ཡོད་སྤོས་སྦྱོར་ཀྱི་གཏན་འབེབས་དང་སྲོལ་རྒྱུན་ཕྱག་ལེན་ལ་མཐུན་པའི་སྤོས་སྦྱོར་ཞིག་ཏུ་གྲུབ་པར་འབད་རྒྱུ། ཐེངས་འདིའི་རིམས་བསྲུང་བོད་སྤོས་སྡེབ་སྦྱོར་བྱས་པ་ལ་བརྟེན་ནས་བོད་སྤོས་ཀྱི་ལག་རྩལ་དང་བོད་སྤོས་ཀྱི་རིག་གནས་ལ་རྒྱུས་མངའ་ཡོད་པ་བྱུང་། གཞན་རང་ཅག་བོད་ཀྱི་གསོ་རིག་ཏུ་དེང་དུས་མིའི་འཚོ་བའི་དགོས་མཁོ་དང་མཐུན་པའི་བདེ་ཐང་དང་ནད་བཅོས། རིམས་འགོག་སོགས་སུ་མཁོ་བའི་སྔོག་འདོན་བྱ་དགོས་པའི་གནས་མང་པོ་ཡོད་པ་རྟོགས་ཐུབ་སོང་། སླད་མུར་བོད་ཀྱི་གསོ་རིག་འདི་དུས་རབས་གསར་པའི་འཕེལ་འགྱུར་ཁྲོད་དུས་བབ་དང་བསྟུན་པའི་རྒྱུད་འཛིན་དང་དར་རྒྱས་ཡོང་བའི་སྨོན་འདུན་ཞུ། ། 西南民族大学创新创业项目阶段性成果(S202010656132)


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1