ལོ་ངོ་70ཡི་རིང“དཔའ་བོའི་གྲོང་ཁྱེར”གྱི་འཕོ་འགྱུར།——བོད་ལྗོངས་རྒྱལ་རྩེའི་རྫོང་རིའི་འདབས་ཀྱི་དྲན་འཆར།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཤིན་ཧྭ་དྲ་བ། སྤེལ་དུས། 06-11



          “མི་བཅུ་ཕྲག་ཁ་ཤས་ཀྱིས་ཁྱེད་ལ་ཕར་རྒོལ་དྲག་པོ་བྱས་པ་དང་ཁྱེད་ཀྱིས་རང་སྲོག་བློས་གཏོང་ངང་མཐའ་གཅིག་ཏུ་འཐབ་འཛིང་དྲག་པོ་བྱས། དེ་ནི་གནའ་བོའི་རོ་མ་ཡི་རྒྱལ་གཅེས་པ་དང་མཚུངས” ——བཙན་འཛུལ་བ་ཨའེ་ཏེ་མོང·ཁན་ཏེ་ལེས《ལྷ་སའི་གནས་ཚུལ་དངོས》ཞེས་པའི་དེབ་ནང་དེ་ལྟར་བཀོད་ཡོད།
          དུས་རབས་18པ་ནས་འགོ་ཚུགས་ཏེ་དབྱིན་ཇིས་བོད་ལྗོངས་འདི་ཉིད་རང་ཉིད་ཀྱི་མི་སེར་སྤེལ་ཡུལ་མངའ་ཁོངས་སུ་འཇུག་རྒྱུའི་རེ་ངན་བཅངས་ཤིང་། 1888ལོར་བོད་ལྗོངས་ལ་དྲག་པོའི་དཔུང་འཇུག་ཐེངས་དང་པོ་བྱས་ཡོད། དམག་འཐབ་ཁྲོད་སྔོན་དཔག་གི་རེ་ངན་མ་འགྲུབ་པའི་གནས་ཚུལ་འོག་དབྱིན་དམག་གིས་1903ལོར་བོད་ལྗོངས་ལ་བཙན་འཛུལ་བྱེད་པའི་དམག་འཁྲུག་ཐེངས་གཉིས་པ་བསླངས་པ་དང་། མ་ཟད་1904ལོར་བོད་ལྗོངས་རྒྱལ་རྩེར་དཔུང་འཇུག་བྱས། རྒྱལ་རྩེའི་མི་དམངས་ཀྱིས་དཔའ་ངར་ཆེན་པོས་དགྲ་བོར་འགོག་རྒོལ་བྱས་ནས་ཀྲུང་གོའི་མི་དམངས་ཀྱིས་བཙན་རྒྱལ་རིང་ལུགས་ཀྱི་བཙན་འཛུལ་ལ་ངོ་རྒོལ་བྱེད་པའི་ལོ་རྒྱུས་ཐོག་འོད་སྟོང་འཕྲོ་བའི་ལེའུ་ཞིག་བཞག་ཡོད་རྐྱེན་རྒྱལ་རྩེར“དཔའ་བོའི་གྲོང་ཁྱེར”ཞེས་པའི་མཚན་སྙན་ཐོབ།

 འདི་ནི་ཟླ་3ཚེས་23ཉིན་པར་ལེན་བྱས་པའི་རྒྱལ་རྩེའི་རྫོང་རི་དང་རྫོང་གྲོང་ཡིན། (མི་མེད་གནམ་གྲུའི་འདྲ་པར)
          བོད་ཟླ་བཞི་པར་གངས་རིའི་འདབས་ཀྱི་མྱང་ཆུ་གཙང་པོའི་འགྲམ་ངོགས་སྔོ་ཐིང་ངེར་གནས་ཤིང་། ཡངས་ཤིང་རྒྱ་ཆེ་བའི་ཞིང་ཁའི་ནང་ནས་ཀྱི་མྱུ་གུ་འབུས་པ་དང“རྒྱལ་རྩེའི་རྫོང་རིའི་དཔའ་བོའི་དྲན་གསོའི་རྡོ་རིང”ལས་འོད་ཟེར་རབ་ཏུ་འཕྲོ།
          རྒྱལ་རྩེའི་དབྱིན་འགོག་དྲན་གསོ་ཁང་དུ་སྐྱོད་སྐབས་འདྲ་པར་རྙིང་པ་རེ་རེ་དང་དབྱིན་འགོག་དངོས་རྫས་རེ་རེར་ལྟ་བཞིན། དཔའ་བོའི་གཏམ་རྒྱུད་དུམ་བུ་རེ་རེ་བཞིན་ཉན་སྐབས་གསར་འགོད་པར་ལོ་བརྒྱ་ལྷག་ཙམ་གོང་གི་དཔའ་བོའི་རླབས་ཆེ་བའི་མཛད་རྗེས་ལ་མྱོང་ཚོར་ཟབ་མོ་བྱུང་བས་མིག་ཆུ་རང་དབང་མེད་པར་ཤོར།

    འདི་ནི་ཟླ་5ཚེས་10ཉིན་རྒྱལ་རྩེར་པར་ལེན་བྱས་པའི་རྒྱལ་རྩེའི་རྫོང་རིའི་དཔའ་བོའི་དྲན་གསོའི་རྡོ་རིང་དང་རྫོང་རི་ཡིན། 
          དབྱིན་དམག་གི་མེ་སྒྱོགས་དང་མེ་མདའ་སྦག་སྦག་གི་མདུན་དུ། དཔའ་ངར་ཞུམ་མེད་ཀྱི་རྒྱལ་རྩེའི་དམག་དམངས་སྟོང་ཕྲག་གིས་གཏུམ་བཙན་གྱི་བྱ་སྤྱོད་ལ་མི་སྐྲག་པར་རྫོང་རིའི་ཐོག་ནས་རྡོ་དང་མདུང་། རྫས་མདའ་དང་མེ་སྒྱོགས་བཅས་ལ་བརྟེན་ནས་དབྱིན་དམག་དང་ཁྱོད་ཤི་ང་གསོན་གྱི་དམར་འཛིང་བྱས། མདེལ་ཟད་འབྲུ་ཟད་དུ་ཐུག་རྗེས་དཔལ་ཆོས་དགོན་པའི་ཡོན་ཏན་ཕུན་ཚོགས་ཚུད་པའི་དཔའ་བོ་60ལྷག་ཙམ་གྱིས་ཞུམ་པ་སྤུ་ཙམ་མེད་པར་གཟི་ཉམས་ལྡན་པའི་ངང་གཡང་ལས་མཆོངས།

འདི་ནི་ཟླ་3ཚེས་23ཉིན་རྒྱལ་རྩེ་རྫོང་རིར་པར་ལེན་བྱས་པའི་དཔའ་བོའི་དྲན་གསོའི་རྡོ་རིང་ཡིན། 

འདི་ནི་ཟླ་5ཚེས་10ཉིན་རྒྱལ་རྩེའི་དབྱིན་འགོག་དྲན་གསོ་ཁང་དུ་པར་ལེན་བྱས་པའི་དབྱིན་དམག་གིས་རྒྱལ་རྩེར་བཙན་འཛུལ་བྱེད་སྐབས་སྤྱད་པའི་མེ་སྒྱོགས་དང་མེ་མདའ་སྦག་སྦག་ཡིན། 
          ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་པའི་སྔ་རྗེས་སུ་བཙན་རྒྱལ་རིང་ལུགས་ཀྱིས་ཁ་ཕྲལ་སྟོབས་ཤུགས་དང་ངན་འབྲེལ་བྱེད་པའི་གོམ་སྟབས་མགྱོགས་སུ་བཏང་ནས་བོད་ལྗོངས་འདི་ཉིད་མེས་རྒྱལ་གྱི་པང་ནས་ཁ་ཕྲལ་གཏོང་རྒྱུའི་རེ་ངན་བཅངས་ཡོད།
          1931ལོར་དབྱིན་ཇིས་སིམ་ལའི་གྲོས་ཚོགས་འཚོགས་པའི་ངན་ཇུས་བཏོན་ནས་བོད་ས་གནས་ཀྱི་འཐུས་མིར“བོད་རང་བཙན”ཟེར་བའི་ཁུངས་ལུང་གང་ཡང་མེད་པའི་རེ་ངན་ཐོག་མར་འདོན་རྒྱུའི་ངན་སྐུལ་བྱས་པར་འཕྲལ་མར་ཀྲུང་གོ་སྲིད་གཞུང་གི་འཐུས་མིས་ཚིག་བཙན་པོའི་སྒོ་ནས་ཁས་ལེན་བྱས་མེད། 1942ལོར་དབྱིན་ཇིའི་འཐུས་ཚབ་ཀྱི་ངན་སྐུལ་འོག་བོད་ས་གནས་སྲིད་གཞུང་གིས་གློ་བུར་དུ“ཕྱི་འབྲེལ་ལས་ཁུངས”ཟེར་བ་འཛུགས་རྒྱུ་ཁྱབ་བསྒྲགས་བྱས་པར་རྒྱལ་ཡོངས་མི་དམངས་དང་གོ་མིན་སྲིད་གཞུང་གིས་ངོ་རྒོལ་བྱས་ཡོད། 1949ལོའི་ཟླ་11པར་བོད་ས་གནས་སྲིད་གཞུང་གིས“མཛའ་མཐུན་ཚོགས་པ”ཟེར་བ་ཞིག་ཨ་རི་དང་དབྱིན་ཇི་སོགས་རྒྱལ་ཁབ་ཏུ་བཏང་ནས“བོད་རང་བཙན”ལ་ཆབ་སྲིད་ཀྱི་རྒྱབ་སྐྱོར་དང་དམག་དོན་གྱི་རོགས་སྐྱོར་ཐོབ་རེ་བྱས།
          བོད་ཞི་བས་བཅིངས་འགྲོལ་བཏང་བས་བཙན་རྒྱལ་རིང་ལུགས་དང་ཁ་ཕྲལ་སྟོབས་ཤུགས་ཀྱི་སྟོང་བསམ་བརླགས་པར་བྱས།
          1951ལོའི་ཟླ་5ཚེས་23ཉིན། ཀྲུང་དབྱང་སྲིད་གཞུང་གི་འཐུས་མི་དང་བོད་ས་གནས་སྲིད་གཞུང་གི་འཐུས་མིས་པེ་ཅིང་དུ《ཀྲུང་དབྱང་མི་དམངས་སྲིད་གཞུང་དང་བོད་ས་གནས་སྲིད་གཞུང་གི་བོད་ཞི་བས་བཅིངས་བཀྲོལ་འབྱུང་ཐབས་སྐོར་གྱི་གྲོས་མཐུན》(བསྡུས་མིང་ལ《གྲོས་མཐུན་དོན་ཚན་བཅུ་བདུན》ཞེས་བརྗོད)ལ་མིང་རྟགས་བཀོད་ཡོད། གྲོས་མཐུན་གྱི་དོན་ཚན་དང་པོའི་ནང“བོད་ཀྱི་མི་དམངས་མཐུན་སྒྲིལ་བྱས་ནས་བཙན་རྒྱལ་རིང་ལུགས་ཀྱི་བཙན་འཛུལ་སྟོབས་ཤུགས་བོད་ནས་མཐར་སྐྲོད་བཏང་སྟེ་བོད་ཀྱི་མི་དམངས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མེས་རྒྱལ་ཁྱིམ་ཚང་ཆེ་མོའི་པང་དུ་ཕྱིར་ལོག་རྒྱུ”གཏན་འཁེལ་བྱས་ཡོད།
          དུས་དེ་ནས་བཟུང་བོད་ལྗོངས་ཀྱི་མི་རིགས་ཁག་གི་བུ་ཕྲུག་རྣམས་རྒྱལ་ཡོངས་མི་དམངས་དང་མཉམ་དུ་འཚོ་བ་གསར་པའི་ཕྱོགས་སུ་བསྐྱོད་ཡོད།
          རྫོང་རི་དང་ཐག་མི་རིང་བའི་སར་ཆགས་པའི་དཔལ་འབྱོར་ལྷུན་པོ་གྲོང་ཚོར་གསར་འགོད་པས་བགྲེས་སོང་རྡོ་རྗེ་ལགས་མཇལ་བྱུང་། 1951ལོར་འཁྲུངས་པའི་ཁོང་ནི་བོད་ལྗོངས་གསར་པ་དང་ན་ཟླ་ཡིན། “ངས་ཨ་ཕའི་ས་ནས་སྤོ་བོ་ལགས་དབྱིན་འགོག་དམག་འཁྲུག་ནང་ཞུགས་མྱོང་བ་གོ་ཐོས་བྱུང་། ད་ཆའི་བདེ་སྐྱིད་ལྡན་པའི་འཚོ་བར་བཤད་མི་ཚར་བའི་མྱོང་ཚོར་ཟབ་མོ་འདུག གང་ལགས་ཤེ་ན། བཅིངས་འགྲོལ་དམག་དང་གུང་ཁྲན་ཏང་གི་བཀའ་དྲིན་འོག་ང་ཚོའི་ཁྱིམ་གྱི་ལས་དབང་ལ་གཞི་ནས་རྩ་བའི་འགྱུར་ལྡོག་བྱུང་སོང”ཞེས་གསུངས།
          གནའ་བོའི་མཁར་རྫོང་དེའི་དཔའ་བོ་གཡང་ནས་མཆོང་སའི་སྟེང་དུ་ལངས་སྟེ་སྔ་དེང་ལ་ཕྱིར་དྲན་བྱེད་སྐབས། དེ་ནི་ཁྲག་དང་མེ་ལྕེས་ཚོས་པའི་ལོ་ཟླ་ཡིན་པ་དང་བཙན་རྒྱལ་རིང་ལུགས་ལ་ངོ་རྒོལ་དང་རྒྱལ་ཁབ་ལ་གཅེས་པའི་འཐབ་རྩོད་ཀྱི་ལོ་རྒྱུས་ཤིག་རེད། “དཔའ་བོའི་གྲོང་ཁྱེར”གྱི་དགའ་སྐྱོ་ཟུང་དུ་འབྲེལ་བའི་ལོ་རྒྱུས་དུམ་བུ་དེའི་ཤུགས་རྐྱེན་འོག་རྒྱལ་གཅེས་རིང་ལུགས་ཀྱི་སྙིང་སྟོབས་རྒྱལ་རྩེར་དར་འཕེལ་བྱུང་བས་ཏང་ལ་དགའ་ཞེན་དང་རྒྱལ་ཁབ་ལ་དགའ་ཞེན། ཁྱིམ་ཚང་ལ་དགའ་ཞེན་བཅས་བྱ་རྒྱུ་དེ་མི་རྣམས་ཀྱི་དད་སེམས་བརྟན་པོ་ཞིག་ཏུ་གྱུར།
          རྡོ་རྗེ་ལགས་ཀྱི་ཁྱིམ་དང་བར་ཐག་སྨི་100ཙམ་གྱི་སར་ད་བར་ཉར་ཚགས་བྱས་པའི་བོད་རྙིང་པའི་སྐུ་དྲག་གི་གཞིས་ཀ་ཕ་ལྷ་གཞིས་ཀ་གནས་ཡོད། ཕ་ལྷ་གཞིས་ཀ་ནི་བོད་རྙིང་པའི་སྐུ་དྲག་གི་གཞིས་ཀ་ཆེ་གྲས་བཅུ་གཉིས་ཀྱི་གྲས་ཤིག་རེད་ལ། ད་བར་ཉར་ཚགས་ཆ་ཚང་ཤོས་ཡིན་པའི་སྐུ་དྲག་གི་གཞིས་ཀ་གཅིག་པུ་དེའང་རེད།

    འདི་ནི་ཟླ་3ཚེས་23ཉིན་ཕ་ལྷ་གཞིས་ཀར་པར་ལེན་བྱས་པའི་བོད་རྙིང་པའི་མངའ་བདག་གི་རྩ་ཆེའི་ལག་འདོགས་ཆུ་ཚོད་ཡིན། 

འདི་ནི་ཟླ་3ཚེས་23ཉིན་ཕ་ལྷ་གཞིས་ཀར་པར་ལེན་བྱས་པའི་བོད་རྙིང་པའི་མངའ་བདག་གི་རྒྱས་སྤྲོས་ཉལ་ཁང་ཡིན། 
 LVབུད་མེད་ཀྱི་ཀོ་བའི་ཁུག་མ་དང་ཨོའུ་སྨི་ཁའི་ལག་འདོགས་ཆུ་ཚོད། ཝན་པའོ་ལུང་གི་ལྕགས་སྨྱུག དབྱིན་ཇིའི་ཨ་རག་ཝུའེ་ཧྲེ་ཅི། རྒྱ་གར་གྱི་ཐ་མག་སོགས་ནི་དུས་རབས་20པའི་ལོ་རབས་50པའི་ནང་ཕ་ལྷའི་ཁྱིམ་རྒྱུད་ཀྱི་རྒྱུན་གཏན་འཚོ་བའི་སྤྱོད་ཆས་རེད། གསར་འགོད་པས་ཤིང་གི་སྐས་ཀ་འཛེགས་ནས་ཐོག་སོ་གསུམ་པའི་སྒྲིག་གཤོམ་ཁང་དུ་བསྐྱོད། ཁང་པའི་ནང་བུ་མོ་ཆུང་ཆུང་གི་རྐང་རུས་ཀྱིས་བཟོས་པའི་རྐང་གླིང་དང་རྐང་ལྕགས་ལག་ལྕགས། འགྲམ་ལྕག་གཞུ་བྱེད་ཀྱི་ལག་ཆ་སོགས་བསྒྲིགས་འདུག་པས་མཐོང་བ་ཙམ་གྱིས་ལུས་པོ་འདར་སིག་རྒྱག
          གཞིས་ཀའི་ནང་གི་འགྲེམས་དངོས་རེ་རེ་ལས་སྐབས་དེ་དུས་ཀྱི་སྐུ་དྲག་གི་འཚོ་བ་རྒྱས་སྤྲོས་ལོངས་སྤྱོད་ཆེ་བར་ཧང་སངས་བ་དང་། དེ་དང་བསྡུར་ཚེ་གཞིས་ཀའི་ཁ་སྤྲོད་ཀྱི་ཞིང་བྲན་གྱི་ཡ་ང་བའི་སྡོད་གནས་ནི་སེམས་སུ་ན་ཟུག་ལངས་བ་ཤིག་རེད།
          འཆད་འགྲེལ་པ་ཕུར་བུ་ཚེ་རིང་གིས། གསར་འགོད་པར་གཞིས་ཀའི་བདག་པོའི་མིང་ལ་བཀྲ་ཤིས་དབང་ཕྱུག་ཟེར་གྱི་ཡོད། ཕ་ལྷ་ཁྱིམ་རྒྱུད་ཀྱི་མི་མང་པོ་ཞིག་བོད་རྙིང་པའི་སྲིད་གཞུང་གི་དཔོན་རིགས་བྱེད་མྱོང་ཡོད་ལ། མི་ལྔ་བཀའ་བློན(བློན་ཆེན)བྱེད་མྱོང་ཡོད། སྔོན་མ་ཕ་ལྷ་ཁྱིམ་རྒྱུད་ལ་གཞིས་ཀ་37དང་ས་ཞིང་མུའུ་ཁྲི་1.5ལྷག་ཙམ། འབྲོག་ར་12 ནོར་ལུག་མགོ་གྲངས་ཁྲི་1.4ལྷག་ཙམ། ཞིང་བྲན་3000ལྷག་ཙམ་བཅས་ཡོད་ཅེས་བཤད།

ཟླ་5ཚེས་10ཉིན། ཕ་ལྷ་གཞིས་ཀའི་ཐོག་སོ་གཉིས་པའི་བར་འཁྱམས་དུ་ལངས་བསྡད་པའི་འཆད་འགྲེལ་པ་ཕུར་བུ་ཚེ་རིང་། 
          “བོད་རྙིང་པར་མི་འབོར་གྱི་95%ཙམ་བཟུང་བའི་ཞིང་བྲན་ཚོས་ཉིན་མཚན་བལྟོས་མེད་ངང་དཀའ་ལས་བརྒྱབ་ཀྱང་དམྱལ་བ་ལྟ་བུའི་འཚོ་བ་བསྐྱལ་རྒྱུ་ལས་མ་འདས། བཟས་ཀྱིས་གྲོད་པ་མི་རྒྱགས་པ་དང་གོས་ཀྱིས་ལྟོ་བ་མི་ཁེབས་པ། མི་ལུས་རིན་ཆེན་རྩྭ་ཐག་ལྟ་བུར་བརྩིས་ཀྱི་ཡོད། མི་འབོར་གྱི་5%ཙམ་ལས་བཟུང་མེད་པའི‘མངའ་བདག་ཆེན་པོ་གསུམ’གྱིས་རྒྱས་སྤྲོད་ལོངས་སྤྱོད་ཚད་མེད་ཀྱི་འཚོ་བ་སྐྱེལ་གྱི་ཡོད”ཅེས་ལོ་36ལ་སླེབས་པའི་ཕུར་བུ་ཚེ་རིང་གིས་ནན་ཏན་ངང་བཤད་པ་དང་། ཁོང་གིས“ངའི་ཨ་མ་ལྷག་པ་མཚམས་གཅོད་ནི་དེ་སྔ་ཕ་ལྷ་གཞིས་ཀའི་ནང་གཟན་ཞིག་ཡིན་པ་དང་ཐོག་སོ་གཉིས་པའི་ཐོག་ཁ་གདན་འཐག་དགོས་ཀྱི་ཡོད། ང་རང་ཆུང་དུས་ཨ་མས་སྐབས་དེའི་ཡ་ང་བའི་འཚོ་བ་གསུངས་ཀྱི་རེད”ཅེས་བཤད།
          1959ལོའི་ཟླ་3པར་བོད་ས་གནས་སྲིད་གཞུང་དང་མཐོ་རིམ་ལོག་སྤྱོད་རུ་ཚོགས་ཀྱིས་དྲག་པོའི་ངོ་ལོག་ཟིང་འཁྲུག་བསླངས་པ་རེད། ཀྲུང་གོ་གུང་ཁྲན་ཏང་གིས་ལོ་རྒྱུས་ཀྱི་རླབས་རྒྱུན་དང་བོད་ལྗོངས་མི་དམངས་ཀྱི་འདུན་པ་དང་བསྟུན་ནས། ངོ་ལོག་ཟིང་འཁྲུག་ཞོད་འཇགས་བཏང་བ་དང་འབྲེལ་མི་རིགས་ཁག་གི་མི་དམངས་ལ་འགོ་ཁྲིད་གནང་སྟེ། དམངས་གཙོའི་བཅོས་སྒྱུར་བྱས་ནས་མུན་ནག་གི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་རྩ་མེད་བཏང་བ་རེད།

    ཟླ་5ཚེས་10ཉིན། བགྲེས་སོང་རྡོ་རྗེ(གཡོན)ལགས་ཀྱིས་རྒྱལ་རྩེ་རྫོང་དཔལ་འབྱོར་ལྷུན་པོ་གྲོང་ཚོར་གནས་པའི་རང་ཁྱིམ་དུ་འཚམས་འདྲིར་ཡོང་བའི་ཤང་གི་ལས་བྱེད་པ་དང་ཅི་འཕྲོས་མོལ་འཕྲོས་གནང་བ། 
          ཞིང་བྲན་ལམ་ལུགས་རྩ་མེད་བཟོ་བའི་ལས་འགུལ་དེའི་ཁྲོད་དུ་བགྲེས་སོང་རྡོ་རྗེ་ལགས་ཀྱི་ནང་མི་9ལ་ས་ཞིང་དང་ནོར་ལུག་སོགས་ཐོན་སྐྱེད་རྒྱུ་ཆ་བགོས་པ་དང་། དྲང་གཞག་མིན་པའི་ས་ཡིག་མེར་བསྲེགས་བཏང་། “བ་གླང་དང་ས་ཞིང་རང་ཉིད་ལ་དབང་བས་ཐོན་འབབ་ཀྱང་རང་སོ་སོའི་ཡིན”ཞེས་སྐབས་དེ་དུས་ས་ཞིང་རག་སྐབས་བགྲེང་སོང་ཁོང་གིས་གསུངས་མྱོང་བ་ཐུགས་ལ་གསལ་པོར་དྲན་གནང་གི་འདུག
          “ད་ཆ་ང་རྫོང་དུ་སྤྱི་ཕན་རང་བཞིན་གྱི་ལས་གནས་སུ་ཆེད་མངཌ་ཕ་ལྷ་གཞིས་ཀའི་ལོ་རྒྱུས་སྐོར་འགྲེལ་བཤད་རྒྱག་པའི་ལས་ཀ་བྱེད་ཀྱི་ཡོད། ད་ཆ་ང་ཚོའི་ཁྱིམ་ལ་རྨོ་ཞིང་དང་ནོར་ལུག རླངས་འཁོར་བཅས་ཡོད་ལ། ད་དུང་རྫོང་གྲོང་དུ་ཁང་པ་ཉོས་ཡོད། དགུང་ལོ་79ལ་ཕེབས་པའི་ངའི་ཨ་མས་རྒྱུན་དུ‘ད་ལྟའི་འཚོ་བ་ཡག་པོ་དེ་འདྲ་རྨི་ལམ་དུའང་གཏོང་མྱོང་མེད’ཅེས་གསུངས་ཀྱི་འདུག”ཅེས་ཕུར་བུ་ཚེ་རིང་གིས་བཤད།
          གཞིས་ཀའི་ཐོག་སོ་གསུམ་པའི་སྟེང་ལངས་ནས་རྒྱང་ལྟ་བྱེད་སྐབས་ཉེ་འཁོར་དུ་གྲལ་སྟར་འགྲིག་པའི་བོད་བཟོའི་སྡོད་ཁང་གསར་པས་ཁེངས་ཡོད། “དེ་ནི་སྐབས་དེ་དུས་མངའ་བདག་གིས་རང་ཉིད་ཀྱི་ས་ཞིང་དང་འབྲོག་རར་སྐོར་ལྟ་བྱེད་ས་ཞིག་རེད། སྐབས་དེ་དུས་རྒྱང་ལྟ་བྱས་ཚེ་གང་ཡང་མཐོང་རྒྱུ་མེད། ད་ཆ་མང་ཚོགས་ཀྱི་སྡོད་ཁང་ནི་གཞིས་ཀ་རྙིང་པ་ལས་མཐོ་བ་དང་། ཞིང་བྲན་བདག་པོས་མཐོ་སར་བསྡད་ནས་དཔོན་ཉམས་ཆེན་པོས་གཞན་ལ་བརྙས་བཅོས་བྱེད་པའི་རྣམ་པ་དེ་མཐོང་རྒྱུ་མེད་པར་གྱུར་ཡོད”ཅེས་བཤད།
          གནམ་གཤིས་དྲོ་རུ་ཕྱིན་པ་དང་བསྟུན་ནས་དར་རྒྱས་གོང་དུ་འཕེལ་བའི་བོད་ལྗོངས་ཀྱིས་ཕྱོགས་བཞི་མཚམས་བརྒྱད་ཀྱི་སྐུ་མགྲོན་བསུ་བཞིན་ཡོད་ལ། གངས་ལྗོངས་ས་མཐོའི་དྭངས་གཙང་ལྷད་མེད་ཀྱི་མཛེས་ལྗོངས་ཀྱིས་མི་རྣམས་ཀྱི་ཡིད་དབང་འགུག་བཞིན་མཆིས།
          བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བའི་སྐབས་འདིར་རྫོང་རིའི་གནའ་ཤུལ་དང་ཕ་ལྷ་གཞིས་ཀར་བསྐྱོད་པས། བཙན་རྒྱལ་རིང་ལུགས་ཀྱི་བོད་ལྗོངས་ཁ་ཕྲལ་གཏོང་བའི་ལྐོག་གཡོ་ཐལ་བའི་རྡུལ་དུ་བརླགས་ནས་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་ཡར་ལངས་བཅིངས་འགྲོལ་ཐོབ་པར་རྨང་གཞི་བརྟན་པོ་བཏིང་ཡོད་ལ། བོད་ལ“དུས་ཐུང་ལོ་བཅུ་ཕྲག་ནང་ལོ་ངོ་སྟོང་གི་མཆོང་སྐྱོད་བྱུང་བའི”གྲུབ་འབྲས་རླབས་པོ་ཆེ་ཡང་ཐོབ་འགོ་ཚུགས་པའི་བོད་ཞི་བས་བཅིངས་འགྲོལ་བཏང་བའི་དོན་སྙིང་དེ་བས་གསལ་པོར་རྟོགས་བྱུང་།

འདི་ནི་ཟླ་3ཚེས་23ཉིན་རྒྱལ་རྩེའི་རྫོང་རིར་པར་ལེན་བྱས་པའི་དབྱིན་འགོག་དཔའ་བོའི་འཇིམ་བརྙན་ཡིན།
          རྫོང་རིའི་འདབས་དང་མྱང་ཆུ་གཙང་པོའི་འགྲམ་དུ་འཆམ་འཆམ་བྱེད་སྐབས། རྒྱལ་རྩེའི་དབྱིན་འགོག་གི་རྒྱལ་གཅེས་ལོ་རྒྱུས་དང་དམངས་གཙོའི་བཅོས་སྒྱུར་གྱི་རྣམ་པ་གསར་པ་ལས་མི་ཚང་མའི་སེམས་ནང་བག་ཆགས་ཟབ་མོ་བཞག་པའི་ཚོར་སྣང་སྦྱིན།
          ལོ་རྒྱུས་ལ་ཕྱིར་ལྟ་བྱེད་སྐབས་གཞི་ནས་ད་ལྟའི་བདེ་སྐྱིད་ཀྱི་འཚོ་བ་ནི་དཀའ་སྡུག་ཚད་མེད་བརྒྱུད་ཐོབ་དཀའ་བ་ཡིན་པ་ཤེས་ཐུབ་ལ། འབྱུང་འགྱུར་ལ་རྒྱང་ལྟ་བྱེད་སྐབས་སྔར་བས་མཛེས་སྡུག་ལྡན་པའི་བོད་ལྗོངས་འདི་ཉིད་འོང་སྟོང་འབར་བའི་ལམ་བུའི་ཐོག་སྐྱོད་བཞིན་མཆིས་པ་མཐོང་ཐུབ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1