བསམ་གཞིགས་ལས་རྙེད་པའི་ངེས་ཤེས་ཐོར་བུ།

དོན་གྲུབ་སྒྲོལ་མ རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 06-11


[གནད་བཏུས] ཁྲིད་རྗེས་ཀྱི་བསམ་གཞིགས་ནུས་པ་ནི་དགེ་རྒན་གྱི་ཆེད་ལས་ནུས་པ་དང་། སློབ་ཁྲིད་ཤེས་བྱ་མཐོར་འདེགས་གཏོང་བའི་རྩ་བའི་རྒྱུ་རྐྱེན་དང་། སློབ་ཁྲིད་བརྒྱུད་རིམ་དང་མེད་དུ་མི་རུང་བའི་གོ་རིམ་ཞིག་ཀྱང་ཡིན། འདིར་རི་བོང་ཅན་གྱི་བྱུང་བ་བརྗོད་པར་ཁྲིད་རྗེས་ཀྱི་བསམ་གཞིགས་དང་ཕྱིར་རྟོག་བྱས་ཡོད།

[གནད་ཚིག] སྙིང་རྗེ། སྦྱིན་པ། བསམ་གཞིགས། མྱོང་ཚོར།

ཁྲིད་རྗེས་མྱོང་ཚོར་ནི་དཔེ་ཁྲིད་རྗེས་ཀྱི་གོ་རིམ་གལ་ཆེན་ཞིག་སྟེ། དཔེ་ཁྲིད་ལ་སྦྱོར་དངོས་རྗེས་གསུམ་ཚང་དགོས་པ་ལས་རྗེས་ཀྱི་རིམ་པའི་ཁག་ཡིན། དེ་ནི་དགེ་རྒན་རང་ནས་ཁྲིད་ཟིན་པའི་སློབ་ཁྲིད་ཀྱི་གོ་རིམ་དང་ཁྲིད་ཐབས་དག་བསམ་གཞིགས་དང་ཕྱིར་རྟོག་བྱེད་པའི་དམིགས་འབེན་དུ་བྱས་ཏེ། སློབ་ཁྲིད་བྱ་བའི་ཐབས་ཤེས་དང་བརྒྱུད་རིམ་སོགས་ལས་ཐོན་པའི་འབྲས་བུ་ལ་དབྱེ་ཞིབ་དང་ཕྱོགས་བསྡུས་བྱེད་པའི་བྱ་འགུལ་ཞིག་ཡིན། 《རིགས་ཐིགས་ཀྱི་འགྲེལ་བ》ལས། བསྟན་བཅོས་ཐམས་ཅད་ཉིད་དམ་ནི། ། ཡང་ན་བྱ་བ་འགའ་ཞིག་ལ། །ཇི་སྲིད་དགོས་པ་མ་བརྗོད་པར། ། དེ་སྲིད་གང་གིས་བཟུང་བར་འགྱུར། ། ཞེས་གསུངས་པ་བཞིན། དེ་ལ་ཁྲིད་རྗེས་མྱོང་ཚོར་གྱི་དགོས་པ་མདོ་ཙམ་བརྗོད་ན། སློབ་ཁྲིད་ཀྱི་ཉམས་མྱོང་མང་པོ་གསོག་འཇོག་ཐུབ་པར་མ་ཟད། བསམ་གཞིགས་ལ་གོམས་པའི་གཤིས་ཀ་བཟང་བོ་སྐྱེད་ཐུབ་ལ། བསམ་གཞིགས་དེ་ལས་ད་གཟོད་རང་ཉིད་ཀྱིས་སྐབས་སྔོན་མར་ཁྲིད་ཟིན་པའི་སློབ་ཁྲིད་བྱེད་ཐབས་ལེགས་མིན་དང་། སློབ་ཚན་གྱི་ཐ་སྙད་དང་ཚིག་རེ་རེ། ཚན་པ་དང་ཁག་རེ་རེ། བརྗོད་བྱ་དང་བརྗོད་སྙིང་སོགས་ལ་དབྱེ་ཞིབ་དང་འགྲེལ་བཤད་བྱས་པ་གནད་ལ་འཁེལ་མིན་དང་། ཡང་ན་དངོས་གཞིའི་སློབ་ཁྲིད་དུ་བཀོལ་ཟིན་པའི་ཁྲིད་ཐབས་དེ་ལས་གཞན་ཁྲིད་ཐབས་ག་འདྲ་ཞིག་ལ་བརྟེན་ན་སློབ་མས་སྔར་ལས་ལྷག་པའི་སྒོ་ནས་དམིགས་ཚད་ཤེས་རྟོགས་ཐུབ་པ་བཅས་ལ་ཕྱིར་རྟོག་བྱས་ཏེ་རང་ཉིད་ཀྱི་ལེགས་པའི་ཆ་རྒྱུན་འཛིན་དང་གོང་ནས་གོང་སྤེལ། ཞན་པའི་ཆར་ཁ་གསབ་དང་ཆ་ཇེ་ཚང་དུ་གཏོང་བར་རྔོ་ཆེན་པོ་ཐོགས་པ་མ་ཟད། སློབ་མའི་སློབ་སྦྱོང་གི་སྤྲོ་བ་འདེགས་ཐུབ་ལ་དུས་ཡུན་ཐུང་ཐུང་གི་ནང་དུ་ཁ་གསལ་གོ་བདེའི་སྒོ་ནས་སློབ་ཐུན་ཀྱི་གནད་རྟོགས་ཐུབ་པས། ཁྲིད་རྗེས་མྱོང་ཚོར་འདི་དགེ་རྒན་དང་སློབ་མའི་འཕེལ་རྒྱས་ཀྱི་བདག་རྐྱེན་ལྟ་བུར་གྱུར་ཡོད་པ་མངོན་ལྐོག་གང་གི་ཆ་ནས་གཞལ་ཡང་རིགས་པས་དཔྱད་བཟོད་དུ་གྲུབ་ཡོད་པ་འབའ་ཞིག་གོ།

དེས་ན་འདིར་ཅོལ་ཆུང་བདག་ནས་ཀྱང《རི་བོང་ཅན་གྱི་བྱུང་བ་བརྗོད་པ་གཡས་འཁྱིལ་དུང་གི་སྒྲ་དབྱངས》ཞེས་པའི་སློབ་ཚན་ཁྲིད་རྗེས་ཀྱི་མྱོང་ཚོར་ཙམ་བརྗོད་ན།

སློབ་ཚན་འདི་ནི་ལྗོངས་ཞིང་ལྔའི་མཉམ་བསྒྲིགས་སློབ་གཞི། མཐོ་རིམ་སློབ་འབྲིང་གི་བསླབ་ཚན་ཚད་གཞིའི་སློབ་དེབ་དེབ་བཞི་བའི་སློབ་ཚན་དང་པོ་ཡིན། དེ་ནི་སྔར་སྟོན་པ་ཤཱཀྱ་ཐུབ་པས་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་ཕྱིར། བློ་ལྡན་རི་བོང་གི་ལུས་སུ་སྐུའི་སྐྱེ་བ་བཞེས་ཏེ། བྱམས་དང་སྙིང་རྗེ་ཡི་རླབས་ཆེན་གྱི་སྤྱོད་བཟང་བསྟན་པའི་མཛད་པ་དེ་སྐྱེས་རབས་སོ་བཞིའི་བམ་པོ་གཉིས་པའི་ནང་གི་རི་བོང་དུ་སྐྱེས་པའི་རབས་ཞེས་པ་དེ་ཡིན་ལ། རྩོམ་པ་པོས་སྐྱེས་རབས་དེའི་ནང་དོན་ལ་གཞི་བྱས་ཏེ་ཚིགས་བཅད་ཀྱི་ལམ་ནས་ཟླ་བའི་ངོས་ཀྱི་རི་བོང་གི་གཟུགས་བརྙན་གྱི་བྱུང་རིམ་བརྗོད་པ་དང་ཆབས་ཅིག་རི་བོང་གི་སྐྱེས་པ་བཞེས་པའི་སེམས་དཔའ་མཆོག་གི་སྦྱིན་པའི་ཕར་ཕྱིན་གྱི་རྨད་བྱུང་མཛད་པ་ལ་བསྔགས་བརྗོད་དང་རྗེས་སུ་ཡི་རང་བྱས་ཡོད།

སློབ་ཚན་འདི་ཕྲན་ནས་སྨྱན་གཟུགས་དང་ཁྲིད་གཞི་ཟུང་འབྲེལ་བྱས་ཏེ་དྲི་བ་དྲིས་ལན་དང། བསམ་གཞིགས་དབྱེ་ཞིབ། ཚོ་ཆུང་དཔྱད་བསྡུར་གྱི་ཐབས་ལ་བརྟེན་ནས་ཁྲིད་པ་ཡིན། སློབ་ཁྲིད་ནི་སློབ་མས་སློབ་པ་དང་དགེ་རྒན་གྱིས་ཁྲིད་པ་གཉིས་ཟུང་དུ་འབྲེལ་བའི་བྱ་འགུལ་རིགས་ཤིག་ཏུ་གཏོགས་པས་ན་དེ་གཉིས་གཅིག་ལ་གཅིག་བརྟེན་དང་ཕན་ཚུན་ཁ་འབྲལ་དུ་མི་རུང་བ་ཞིག་ཡིན་ཏེ། སློབ་མཁན་ཡོད་པ་ལས་འཁྲིད་མཁན་ཡོད་དགོས་ལ། ཁྲིད་མཁན་ཡོད་པས་ན་ད་གཟོད་སློབ་བོ་ཞེས་པའི་གདགས་གཞི་གྲུབ་པ་ཡིན། སློབ་ཁྲིད་ཀྱི་གོ་རིམ་ཁྲོད་སློབ་མ་ནི་སློབ་གསོའི་ཡུལ་གཙོ་བོ་ཡིན་པས་སློབ་མ་རེ་རེའི་ཆུ་ཚད་དང་མོས་པར་བསྟུན་ཅི་ཐུབ་ཀྱིས་འཁྲིད་བྱའི་དོན་བརྒྱུད་སྤྲོད་བྱ་རྒྱུ་ནི་སྨོས་མ་དགོས་པ་ཡིན།

དང་པོ། མཚན་བྱང་ལ་འགྲེལ་བཤད་གསལ་བོ་རྒྱག་པ་དང་། མཚན་བྱང་དང་འབྲེལ་ཏེ་འོས་འཚམ་གྱིི་དྲི་བ་བཏོན་ཏེ་སློབ་མར་གདེང་འཇོག་མཐོན་པོ་བྱས་ནས་སློབ་སྦྱོང་གི་སྤྲོ་སྣང་དང་ཡིད་ཆེས་བསྐྱེད་དགོས།

དེ་ལ《ལང་ཀར་གཤེགས་པ》ལས། མིང་དུ་གདགས་པར་མ་མཛད་ན། ། འཇིག་རྟེན་ཐམས་ཅད་རྨོངས་པར་འགྱུར། ། དེ་བས་མགོན་པོ་ཐབས་མཁས་པས། ། ཆོས་རྣམས་མིང་དུ་གདགས་པར་མཛད། ། ཅེས་གསུངས་པ་བཞིན་མིང་བཏགས་པ་ཙམ་གྱི་དགོས་པ་ནི་མིང་དོན་གྱི་འབྲེལ་བ་ཤེས་ནས་བླང་དོར་གྱི་དོན་ལ་མི་རྨོངས་པར་འགྱུར་ལ། དེ་བས་ཀྱང་འདིར་བརྗོད་བྱ་ལས་བཏགས་པ་ཡིན་པས། མཚན་དོན་ནི་རྩོམ་ཡིག་ལ་འཇུག་པའི་སྒོ་དང་རྩོམ་ཡིག་གི་མིག་ལྟ་བུའམ་བརྗོད་བྱ་ཡིན་ཏེ། མཁན་པོ་ཀུན་དཔལ་གྱིས་མཛད་པའི《སྤྱོད་འཇུག་རྩ་འགྲེལ》ལས། དབང་བོ་རབ་ཀྱིས་མཚན་དོན་མཐོང་བས་དབུ་ཞབས་ཀྱི་དོན་ཐམས་ཅད་ཁོང་དུ་ཆུད།འབྲིང་གིས་ཕྱོགས་ཙམ་རྟོགས། ཐ་མས་སྨན་སྣོད་ལ་ཁ་བྱང་བཏགས་པ་ལྟར་གླེགས་བམ་བཙལ་སླ་བའི་དགོས་པ་ཡོད་དོ། ། ཞེས་ཚད་མའི་སྐྱེས་བུས་གསུངས་པས་ན་མཚན་དོན་ལ་འགྲེལ་བརྗོད་གསལ་ཞིང་དག་པ་ཞིག་བྱ་རྒྱུ་ནི་གནད་ཀྱི་སྙིང་བོ་རུ་གྱུར་ཡོད། ཕྲན་གྱིས་ཐོག་མར་སློབ་མ་རང་ངོས་ནས་ཁ་བྱང་ལ་གོ་བ་ལེན་དུ་བཅུག་པ་དང་དེ་རྗེས་འགྲེལ་བཤད་བྱས་པ་ཡིན། སློབ་ཚན་ནི་སྲོལ་རྒྱུན་སྙན་རྩོམ་གྱི་ཆར་གཏོགས་པས་རྩོམ་པ་པོས་བརྩམས་ཆོས་ཀྱི་མཚན་གདགས་པ་ལའང་སྙན་ངག་གི་མཛེས་རྟོག་གིས་ཕྱུག་ཡོད་པས། སློབ་མས་དོན་ཆ་ཚང་ཞིག་རྟོགས་རྒྱུ་ལས་སླ་མོ་མིན།“རི་བོང་ཅན་གྱི་བྱུང་བ་བརྗོད་པ་གཡས་འཁྱིལ་དུང་གི་སྒྲ་དབྱངས”ཞེས་བརྗོད་པའི་སྐབས་སུ་སློབ་མས་རི་བོང་ཅན་ནི་ཟླ་བའི་མངོན་བརྗོད་ཡིན་པས་ཚིག་ངོས་ནས་བསམས་ཏེ་ཟླ་བའི་བྱུང་བ་བརྗོད་པ་དུང་གི་སྒྲའི་གཟུགས་སུ་བཀོད་ཡོད་ཅེས་གོ་བ་བླངས་པ་རེད། ངེས་ཚིག་ལྟར་ན་དེ་བཞིན་གོ་བ་ལེན་དགོས་མོད་ཀྱང་། སློབ་ཚན་གྱི་ནང་དོན་དང་འབྲེལ་ན་ཟླ་བའི་བྱུང་བ་མ་ཡིན་པར་རི་བོང་ཅན་ཞེས་པའི་མིང་གི་བྱུང་བའམ་ཟླ་བའི་ངོས་ཀྱི་རི་བོང་གི་གཟུགས་བརྙན་གྱི་བྱུང་བ་བརྗོད་དེ། རི་བོང་གིས་དམ་བཅའ་མངོན་འགྱུར་བྱ་ཆེད་རང་སྲོག་ཕངས་མེད་དུ་བློས་བཏང་བ་བརྗོད་པ་ཡིན་པས། མཚན་བྱང་འདི་འགྲེལ་བ་ལ་སློབ་ཚན་དངོས་ལ་མ་ཞུགས་སྔོན་དུ་དངོས་གཞིའི་ནང་དོན་རགས་ཙམ་སློབ་མར་འགྲེལ་བཤད་བྱེད་དགོས་པས། སློབ་མའི་ལན་དེ་དག་ལ་མཐའ་གཅིག་ཏུ་དགག་ལན་མ་སྤྲད་པར་སྐུལ་ལྕག་རང་བཞིན་ལྡན་པའི་གདེང་འཇོག་བྱས་ཏེ་སྤྲོ་བ་བསྐྱེད་པ་ཡིན། གཞན་སློབ་མའི་ཤེས་རྒྱ་བསྐྱེད་ཆེད“གཡས་འཁྱིལ་དུང་གི་སྒྲ་དབྱངས”དང་འབྲེལ་ཏེ་བཀྲ་ཤིས་པའི་རྫས་བརྒྱད་ངོ་སྤྲོད་དང་། སྐྱེས་བུ་དམ་པའི་མཛད་པ་བརྗོད་པའི་ངག་ཚིག་གི་ཕྲེང་བ་དེ་ཉིད་གཡས་འཁྱིལ་དུང་གི་སྒྲ་དབྱངས་ཀྱི་གཟུགས་སུ་བཀོད་པའི་དགོས་པ་སྟེ། དོན་བཟང་བ་དང་ཚིག་འབྲུ་བཟང་པོར་འགྱུར་ལ་དེ་ལའང་ཚིག་རྒྱན་གྱིས་སྤུད་ན་མཛེས་པ་ལྷག་ཏུ་བསྐྱེད་པ་སྟེ། 《རིན་པོ་ཆེ་གསུམ་གྱི་གཏམ་གྱི་སྦྱོར་བ》ལས། རྒྱལ་བ་ཉིད་ཀྱིས་གསུང་རབ་བསྔགས་པ་ན། ། དོན་བཟང་བ་དང་ཚིག་འབྲུ་བཟང་པོ་ཞེས། ། གསུངས་ཤིང་ཤིན་ཏུ་དཀར་བའི་ཁང་བཟང་ལའང་། ། བསིལ་ཟེར་བྱེད་པོའི་འོད་ཀྱིས་བྱུགས་པ་བཞིན། ། དོན་བཟང་བ་ལའང་ཡིད་འཕྲོག་ཚིག་སྦྱོར་གྱིས། ། སྤྲས་པར་གྱུར་ན་ཆེས་ཆེར་མཛེས་པར་འགྱུར། ། ཞེས་དང་། 《དཔག་བསམ་འཁྲི་ཤིང》ལས། མཁས་པ་ཉིད་ནི་མེད་ན་བློ་གྲོས་རྣམས་ཉམས་མི་རྣམས་འཚོ་བ་དོན་ཡོད་མིན། ། མཚུངས་མེད་རྒྱས་པའི་སྙན་ངག་མེད་ན་མཁས་པ་ཉིད་ནི་ནེ་ཙོའི་ཀློག་དང་མཚུངས། ། ཞེས་སོགས་གསུངས་ཡོད་པ་ལུང་དྲངས་ཏེ་སྙན་ངག་གི་གལ་ཆེན་རང་བཞིན་བརྗོད་པར་མ་ཟད། སློབ་མའི་སྙན་ངག་སྦྱང་འདོད་ཀྱི་ཀུན་སློང་ཡང་སྐྱེད་སྲིང་བྱེད་ཅི་ཐུབ་བྱས་པ་ཡིན།

གཉིས་པ། སློབ་ཚན་དང་འབྲེལ་ཡོད་ཀྱི་ཁྲིད་ཟིན་པའི་ཤེས་བྱ་ལ་བསམ་གཞིགས་དང་དབྱེ་ཞིབ་བྱེད་པའི་ནུས་པ་མཐོར་འདེགས་གཏོང་དགོས།

སྙན་ངག་འདི་ནི་སྲོལ་རྒྱུན་ཚིགས་བཅད་སྙན་ངག་གི་སྒྲིག་གཞི་ལྟར་བརྩམས་པའི་དོན་བརྗོད་སྙན་ངག་ཅིག་ཡིན་པས། སློབ་མས་ཕྱོགས་གཅིག་ནས་སྲོལ་རྒྱུན་ཚིགས་བཅད་སྙན་ངག་གི་སྒྲིག་གཞིའི་ཁྱད་ཆོས་རྟོགས་དགོས་པ་དང་། ཕྱོགས་གཞན་ནས་དོན་བརྗོད་སྙན་ངག་གི་ཁྱད་ཆོས་ལ་རོལ་མྱོང་ཐུབ་པ་དགོས། ང་ཚོས་ཡར་སྔོན་སྲོལ་རྒྱུན་སྙན་རྩོམ་ཁ་ཤས་ཁྲིད་ཟིན་ལ། དོན་གྱི་བྱུང་བ་བརྗོད་པའི་རྩོམ་ཡིག་ཀྱང་ཁྲིད་ཟིན་པ་ཡིན་པས། ཚོ་ཆུང་གྲོས་བསྡུར་གྱི་ཐབས་སྤྱད་དེ་ཁྲིད་ཟིན་པ་ལ་ཕྱིར་རྟོག་དང་བརྟན་འཇགས། ཉམས་ལེན་ཐུབ་པར་བྱེད་དགོས། སྲོལ་རྒྱུན་སྙན་ངག་གི་སྒྲིག་གཞིའི་གོ་རིམ་ནི་མཆོད་བརྗོད་དང་རྩོམ་པར་དམ་བཅའ་བ། བསྟན་བྱའི་གཞུང་དངོས། མཇུག་བསྡུའི་བསྔོ་སྨོན་བཅས་ལས་གྲུབ་ཡོད་པ་ལྟར། སྐབས་བབ་ཀྱི་རྩོམ་ཡིག་གི་གོ་རིམ་ཡང་འདི་བཞིན་ཡིན་པས་སྒྲིག་གཞིའི་གོ་རིམ་མ་འཁྲུགས་པར་ངོས་འཛིན་ཐུབ་དགོས་ལ། དེའི་ཁར་གཏམ་རྒྱུད་ཀྱི་བྱུང་བ་བརྗོད་པའི་རྣམ་པ་ལ་བརྟེན་ནས་སྤེལ་ཡོད་པས། གཏམ་རྒྱུད་ཀྱི་གྲུབ་ཆ་གསུམ་དང་སྦྱར་ནས་དབྱེ་ཞིབ་བྱས་ཚེ། ཚན་ཁག་གི་བརྗོད་དོན་རེ་རེ་རྣམ་པར་གསལ་ཞིང་རྩོམ་ཡིག་གི་དགོས་སོགས་ཆོས་བཞི་རྟོགས་པ་ལ་ངལ་བའི་རྒྱུ་ཅུང་ཙམ་ཡང་བསྟེན་མི་དགོས་སོ། ། དཔེར་ན། ཚན་པ་རེ་རེའི་ནང་དོན་གྱི་ཆ་ནས་བཤད་ན། སློབ་ཚན་གྱི་ཤོ་ལོ་ཀ་ལྔ་པ་ནས་དགུ་པའི་བར་གཏམ་རྒྱུད་ཀྱི་ཁོར་ཡུག་ཞིབ་འབྲི་བྱས་པའི་ཆ་དང་། བཅུ་པ་ནས་བཅུ་གཅིག་པར་མི་སྣ་ངོ་སྤྲོད། བཅུ་གཉིས་ནས་བསྔོ་སྨོན་ཡན་གྱི་ཤོ་ལོ་ཀའི་བར་བྱུང་རིམ་བརྗོད་པའི་ཁག་ཡིན། དགོས་སོགས་ཆོས་བཞིའི་ངོས་ནས་བཤད་ན། བརྗོད་བྱ་ནི་སེམས་དཔའ་ཆེན་མོ་གང་གིས་རང་གི་དམ་བཅའ་མ་ལྡོག་པར་གཞན་ཕན་གྱི་དོན་དུ་རང་སྲོག་བློས་བཏང་བའི་བྱ་དཀའ་བའི་མཛད་པ་ལ་བསྟོད་པ་དང་ཟླ་བའི་ངོས་ཀྱི་རི་བོང་གི་གཟུགས་བརྙན་ཇི་ལྟར་བྱུང་བའི་ཚུལ་ཡང་ཡིན། དགོས་པ་ནི་རྗེས་འཇུག་གི་སྐྱེས་བུ་དག་གིས་བླ་མེད་ཀྱི་སྤྱོད་པ་དེ་ལྟ་བུ་རྟོགས་པ། ཉིང་དགོས་ནི།
མཛད་པ་འདི་བརྗོད་པ་ལ་བརྟེན་སློབ་བུ་རྣམས་ཀྱིས་སྤྱི་ཚོགས་འཚོ་བའི་ཁྲོད་རང་ཉིད་ཀྱི་ཕན་བདེ་ཁོ་ན་གཙིགས་སུ་མི་འཛིན་པར་གཞན་དོན་དོན་གཉེར་གྱི་བསམ་སྦྱོར་ལག་ཏུ་བསྟར་བའི་གོམས་གཤིས་ཆགས་པ་ཡིན་ན། མཐར་ཐུག་རང་གཞན་གཉིས་ཕན་གྱི་འབྲས་བུ་ཐོབ་རྒྱུ་ཡོད་པའི་གནས་ལུགས་རྟོགས་རྒྱུ། འབྲེལ་བ་ནི་སྔ་མ་སྔ་མ་ཕྱི་མ་ཕྱི་མར་འབྲེལ་བའོ། ། དེ་བས་ཁྲིད་ཟིན་ལ་བསམ་གཞིགས་དང་དབྱེ་ཞིབ་བྱས་ཏེ་འབྲེལ་ཡོད་སློབ་ཚན་དུ་བཀོལ་སྤྱོད་བྱེད་པ་ནི་ལག་ལེན་གྱི་མཆོག་ཡིན་ལ་སློབ་ཚན་བདེ་བླག་ཏུ་རྟོགས་པའི་ཐབས་དམ་པ་དེའང་ཡིན་ནོ། །

གསུམ་པ། ཚོ་ཆུང་བྱ་འགུལ་སྤེལ་ཏེ་སློབ་མའི་རང་འགུལ་གྱིས་སློབ་ཚན་གྱི་ནང་དོན་ལ་རྒྱུས་ལོན་དང་དབྱེ་ཞིབ། དཔྱད་བསྡུར་བྱེད་པའི་ནུས་པ་མཐོར་འདེགས་དང་། ཆུ་ཚད་བཟང་པོས་ཞན་པ་ལ་སྣ་ཁྲིད་དང་ཞན་པས་བཟང་པོ་ལ་སློབ་སྦྱོང་བྱས་ཏེ་ཡོངས་ཁྱབ་ཀྱིས་སློབ་ཚན་ལ་འཇུག་པའི་གོམས་སྲོལ་སྐྱེད་སྲིང་བྱེད་པ།ཁུང་ཙིས“ཤེས་པ་ལས་ལེགས་པ་གཙོ། ལེགས་པ་ལས་སྤྲོ་བ་གཙོ”ཞེས་གསུངས་པ་བཞིན། སློབ་ཁྲིད་སྐབས་སུ་དགེ་རྒན་གྱིས་གཙོ་གནད་དག་ལ་ཕྱོགས་སྟོན་དང་འགྲེལ་བཤད་བྱས་རྗེས། ཚོ་ཆུང་བྱ་འགུལ་སྤེལ་ཏེ་སློབ་མ་རང་ངོས་ནས་གནད་དོན་ཐག་གཅོད་དུ་འཇུག་དགོས། དེ་ལྟར་བྱས་ཚེ་སློབ་མའི་འཕྲོ་རྒོད་དང་བྱིང་རྨུགས་འཐིབས་གསུམ་གང་རུང་གི་དབང་དུ་གྱུར་པའི་འདུ་བྱེད་མཐའ་དག་རང་འགག་ཏུ་འགྱུར་ཞིང་སེམས་ཀྱི་ངོ་བོ་དེ་ཉིད་ཅིག་ཅར་དུ་གསལ་དྭངས་སེ་སོང་བ་དང་ཆབས་ཅིག་སྤྲོ་བ་འཕེལ་ནས་སློབ་གྲོགས་གཞན་དང་མཉམ་དུ་སློབ་ཚན་ལ་རྒྱུས་ལོན་བྱེད་ངེས། དཔེར་ན། སློབ་ཚན་འདི་ནི་གཏམ་རྒྱུད་ཀྱི་བྱུང་རིམ་དང་སྦྱར་ནས་མགོ་བརྩམས་ཤིང་མཇུག་བསྡུས་ཡོད་པས་ང་ཚོས་བྱུང་རིམ་ལ་ངོས་འཛིན་གསལ་བོ་བྱེད་དགོས། བྱུང་རིམ་ནི་མདོར་ན་མི་སྣའི་བྱ་འགུལ་དང་འཚོ་བའི་དོན་རྐྱེན་ལ་འབྲེལ་ཡོད་པས་མི་སྣའི་བྱ་འགུལ་དང་འཚོ་བའི་དོན་རྐྱེན་མེད་ཚེ་བྱུང་རིམ་ཡོད་མི་སྲིད། ཡ་ལིས་ཧྲི་ཏོ་ཏེས“བྱུང་རིམ་ཞེས་པ་ནི་བྱ་འགུལ་ཉིད་དོ”ཞེས་གསུངས་ཡོད་པས། ང་ཚོས་བྱུང་རིམ་གྱི་ལྷུ་ཚིགས་གཙོ་བོ་སྟེ་མགོ་འཛུགས་པ་དང་འཕེལ་རྒྱས། མཐོ་རླབས། མཇུག་འབྲས་བཅས་བཞི་ལ་རེ་རེ་ནས་དབྱེ་ཞིབ་བྱེད་དགོས་པས། འཛིན་གྲྭའི་སློབ་མ་ཡོངས་ཚོ་ཆུང་བཞིར་བགོས་པ་དང་། ཆུ་ཚད་བཟང་བའི་སློབ་གྲོགས་བཞི་ཚོ་དཔོན་ལ་བསྐོས་ཏེ་གོ་རིམ་བཞི་བོའི་དབྱེ་མཚམས་དང་བསྟན་བྱའི་དོན་ལ་དཔྱད་པ་གཏོང་བ་དང་བསམ་བློ་བརྗེ་རེས་བྱེད་དུ་བཅུག་པ་ཡིན། མ་ཟད་ཚོ་དཔོན་གྱིས་རང་ཉིད་ཀྱི་ཚོ་མི་ལ་འགན་ཁུར་ཏེ་མི་ཤེས་པ་དག་ཐབས་འཐེན་ནས་ཤེས་སུ་འཇུག་པ། ཤེས་པ་ཇེ་གསལ་དུ་གཏོང་དགོས་པའི་རེ་བའང་བཏོན་པ་ཡིན། མཇུག་ཏུ་ཚོ་ཆུང་བཞིའི་མི་སྣ་རེས་རང་ཉིད་ཚོ་ཆུང་གིས་སྤྱི་སྡོམ་བྱས་པའི་མཇུག་འབྲས་སྒོ་སམ་སྟེང་དུ་འབྲི་རུ་བཅུག་པ་ལ་རེ་རེ་བཞིན་དུ་ནི།

❶ཚོ་ཆུང་དང་པོ། མགོ་བརྩམས་པ། — སྲོག་ཆགས་བཞིས་གཞན་ལ་ཕན་འདོགས་པའི་གྲོས་བྱས་པ། — འཕེལ་རྒྱས། — བྲམ་ཟེ་རྒན་པོ་སློང་མོར་ཡོང་བ། — མཐོ་རླབས། — རི་བོང་མེ་ནང་དུ་མཆོང་བ། — མཇུག་འབྲས། — བྲམ་ཟེ་ངོ་མཚར་ཏེ་སྤྲུལ་བས་མེ་བསད་དེ་རི་བོང་མཆོག་གི་གཟུགས་བརྙན་ཟླ་བར་བཀོད་པ།

❷ཚོ་ཆུང་གཉིས་པ། མགོ་བརྩམས་པ— སྲོག་ཆགས་བཞིས་གཞན་ལ་ཕན་འདོགས་པའི་གྲོས་བྱས་པ་དང་རི་བོང་གིས་རང་ལུས་གཏོང་བའི་དམ་བཅའ་བཀོད་པ། — འཕེལ་རྒྱས — བརྒྱ་བྱིན་བྲམ་ཟེའི་གཟུགས་སུ་སྤྲུལ་ནས་ཡོང་བ། — མཐོ་རླབས། — རི་བོང་མེ་ནང་དུ་མཆོང་བ།— མཇུག་འབྲས། — བརྒྱ་བྱིན་རི་བོང་གི་མཛད་པ་ལ་དད་པ་སྐྱེས་ཏེ་སྤྲུལ་བས་མེ་བསད་ནས་རི་བོང་མཆོག་གི་གཟུགས་བརྙན་ཟླ་བར་བཀོད་པ།

❸ཚོ་ཆུང་གསུམ་པ། མགོ་བརྩམས་པ— སྲོག་ཆགས་བཞིས་གཞན་ལ་སྦྱིན་པ་གཏོང་བའི་གྲོས་བྱས་པ་དང་རི་བོང་གིས་རང་ལུས་གཏོང་བའི་དམ་བཅའ་བཀོད་པ། — འཕེལ་རྒྱས། — བརྒྱ་བྱིན་བྲམ་ཟེའི་གཟུགས་སུ་སྤྲུལ་ནས་རི་བོང་གི་སྐད་ཆ་བདེན་མིན་ལ་བརྟག་པ — མཐོ་རླབས། — རི་བོང་ལ་གཏོང་བྱའི་དངོས་པོ་གཞན་མེད་པས་མེ་ནང་དུ་མཆོང་བ། — མཇུག་འབྲས། — བརྒྱ་བྱིན་རི་བོང་གི་སྙིང་སྟོབས་ལ་དད་པ་སྐྱེས་ཏེ་མེ་བསད་ནས་རི་བོང་མཆོག་གི་གཟུགས་བརྙན་ཟླ་བར་བཀོད་པ།

❹ཚོ་ཆུང་བཞི་པ། མགོ་བརྩམས་པ། — སྲོག་ཆགས་བཞིས་གཞན་ལ་སྦྱིན་པ་གཏོང་རྒྱུའི་གྲོས་ཐག་བཅད་པ། — འཕེལ་རྒྱས། — བརྒྱ་བྱིན་བྲམ་ཟེའི་གཟུགས་སུ་སྤྲུལ་ནས་ཡོང་བ། — མཐོ་རླབས། — རི་བོང་ཚམ་ཚོམ་མེད་པར་མེ་ནང་དུ་མཆོང་བ། —མཇུག་འབྲས། — བརྒྱ་བྱིན་རི་བོང་ལ་དད་པ་སྐྱེས་ཏེ་མེ་བསད་ནས་ལྷ་དག་ལ་རི་བོང་མཆོག་གི་ཁྱད་འཕགས་གླེང་བ་དང་རི་བོང་གི་སྦྱིན་པར་ཡི་རང་བྱེད་ཆེད་གཟུགས་བརྙན་ཟླ་བར་བཀོད་པ་བཅས་སོ། །

དགེ་སློབ་ཡོངས་ཀྱིས་དཔྱད་འཇོག་སྤེལ་བ་བརྒྱུད་བཟང་པོ་ལ་བསྟོད་བརྗོད་དང་ཞན་པ་ལ་ཡར་སྐུལ་བཏང་བ་ཡིན་ལ། ཡང་བསྐྱར་རང་ཉིད་ཀྱིས་མཛུབ་སྟོན་དང་ཁ་གསབ་བྱས་ཏེ་དགེ་སློབ་ཡོངས་ནས་སྤྱི་སྡོམ་བྱས་པ་ནི། མགོ་བརྩམས་པ། — སྲོག་ཆགས་བཞིས་གཞན་གྱི་ཕན་བདེའི་ཆེད་དུ་གང་ལ་གང་འདོད་དུ་སྦྱིན་པ་གཏོང་རྒྱུའི་གྲོས་བྱས་པ་དང་རི་བོང་སེམས་དཔའ་མཆོག་གིས་རང་ལུས་གཏོང་བའི་དམ་བཅའ་བཀོད་པ། — འཕེལ་རྒྱས། — རང་ལུས་གཏོང་བ་ནི་ཤིན་ཏུ་བྱ་དཀའ་བ་ཡིན་པས་བརྒྱ་བྱིན་རྒས་འཁོགས་བྲམ་ཟེའི་གཟུགས་སུ་སྤྲུལ་ནས་རི་བོང་ལ་ཉམས་སད་དུ་ཡོང་བ། — མཐོ་རླབས། — སྲོག་ཆགས་གཞན་གསུམ་ནས་བདོག་པའི་དངོས་པོ་བཏང་མོད་བྲམ་ཟེ་དེ་དག་ལ་ཡིད་མ་ཚིམ་པས་རི་བོང་ཆེན་པོ་རང་གི་སྔར་བྱས་ཀྱི་དམ་བཅའ་དྲན་ནས་རང་ལུས་གཏོང་བའི་ཐབས་ལ་བསམས་པའི་ཚེ་བྲམ་ཟེས་སྤྲུལ་བས་མེ་དཔུང་ཆེན་མོ་སྤྲུལ་བ་དང་རི་བོང་སེམས་དཔའ་དེ་ཉིད་ཚམ་ཚོམ་མེད་པར་སྤྲོ་བ་དང་བཅས་ཏེ་མེ་ནང་དུ་མཆོང་བ། — མཇུག་འབྲས། — དེ་ལྟ་བུའི་བླ་མེད་ཀྱི་མཛད་པ་མཐོང་བ་དང་བརྒྱ་བྱིན་དད་པ་སྐྱེས་ནས་རང་གཟུགས་བསྟན་པ་དང་། དེ་མ་ཐག་སྤྲུལ་བས་མེ་བསད་ནས་མེ་ལྕེའི་དྲི་མ་ཙམ་ཡང་མ་གོས་པའི་སེམས་དཔའ་ཆེན་པོ་རི་བོང་མཆོག་ལ་བསྟོད་བསྔགས་དང་གོང་བཀུར་བླ་མེད་མཛད་ཅིང་། ལྷའི་ཡུལ་དུའང་རི་བོང་མཆོག་གི་ཁྱད་འཕགས་གླེང་བས། ཐམས་ཅད་ངོ་མཚར་དང་དད་པས་གཡོས་ཏེ་སེམས་དཔའ་གང་དེའི་མི་འཇིགས་པའི་སྐྱབས་ཀྱི་སྦྱིན་པར་ཡི་རང་དང་གོང་བཀུར་བྱེད་ཆེད་རྣམ་རྒྱལ་ལྷའི་ཁང་བཟང་དང་ཟླ་བའི་དཀྱིལ་འཁོར་ངོས་སུ་རི་བོང་གི་གཟུགས་བརྙན་བཀོད་པའོ། ། འདི་ལྟ་བུའི་གོ་རིམ་ཁྲོད་སློབ་མའི་ཚོ་ཆུང་བྱ་འགུལ་གྱི་ལས་འགན་ཡོངས་སུ་ལེགས་འགྲུབ་བྱུང་བ་མ་ཟད། དགེ་རྒན་གྱི་སློབ་ཁྲིད་དམིགས་ཚད་ཀྱང་ཚད་མཐོ་ཞིང་སྙིང་བསྡུས་སྒོས་སློབ་མར་བརྒྱུད་སྤྲོད་བྱས་ཟིན་ལ་ཤེས་རྟོགས་ཀྱི་འབྲས་བུ་ཡང་མི་དམན་པ་ཐོབ་ཡོད། དེ་བས་ཚོ་ཆུང་བྱ་འགུལ་རྒྱུན་འཁྱོངས་བྱས་ན་སློབ་མའི་རིག་ལམ་རྒྱ་ཇེ་ཆེར་འགྲོ་བ་དང་ཤེས་བྱ་མང་པོ་རྒྱུས་ལོན་བྱེད་པར་ཕན་པས་བྱ་འགུལ་ཁྲོད་དུ་སློབ་མ་འཚར་ལོངས་བྱུང་དུ་འཇུག་པ་དང་སློབ་མའི་འཇོན་ནུས་སྔོག་འདོན་བྱེད་ཐུབ།

བཞི་པ། ནང་དོན་གྱི་དགོས་མཁོ་ལ་གཞིགས་ནས་རང་ནུས་ཅི་ལྕོགས་ཀྱིས་བསམ་གཞིགས་ཀྱི་གོ་རིམ་ལྡན་ཞིང་བརྗོད་བྱའི་གཙོ་གནད་གསལ་བའི་སྨྱན་གཟུགས་སློབ་ཁྲིད་བཟོ་ཅི་ཐུབ་ལ་འབད་ན་ཧ་ཅང་བཟང་སྙམ།

འདིར་ཕྲན་ནས་ནང་དོན་གྱི་དགོས་མཁོ་ལ་གཞིགས་ནས་ཟེར་དོན་ནི། མཐོ་འབྲིང་གི་སློབ་དེབ་ནི་སློབ་ཆུང་དང་སློབ་འབྲིང་གི་སློབ་དེབ་དང་མི་འདྲ་བར་དབྱིབས་གཟུགས་ཀྱི་ངོས་འཛིན་དང་གསལ་བཤད་ཙམ་མིན་པར་མང་ཆེ་བ་ནི་གཞུང་ལུགས་ཀྱི་རྒྱབ་རྟེན་མཐོ་ཞིང་མཁས་དབང་དག་གིས་བརྩམས་པའི་གསུང་རྩོམ་ཤ་སྟག་སྟེ། དེ་དག་ཁྲིད་པའི་སྐབས་སུ་སྨྱན་གཟུགས་ལས་རྩོམ་པ་པོའི་སྐུ་པར་དང་ལོ་རྒྱུས་རགས་བསྡུས། གཞན་བརྗོད་བྱ་དོན་དང་རྗོད་བྱེད་ཚིག་གི་ཁྱད་ཆོས་ཙམ་ངོ་སྤྲོད་བྱེད་པ་ལས་བསླབ་བྱའི་རྩོམ་ཡིག་གི་ནང་དོན་འགྲེལ་བ་ལ་དགོས་པ་ཆེན་པོ་མེད་སྙམ། རྒྱུ་མཚན་རྩོམ་ཡིག་འདི་དག་ནི་ཚིག་དོན་གང་གི་ཆ་ནས་ཀྱང་གཏིང་ཟབ་ཅིང་རྒྱ་ཆེ་བ། ཕུན་སུམ་ཚོགས་ཤིང་ངོ་མཚར་བ། མདོར་ན་རྩོམ་ཧྲིལ་བོ་ཕར་ཞོག་བྱེ་བྲག་ཐ་སྙད་རེ་བཀྲོལ་བ་ལའང་གཞུང་ལུགས་ཀྱི་རྨང་ཟབ་མོ་དང་ལྡན་དགོས་པས། དགེ་རྒན་རང་ཉིད་ཀྱི་སྐྱེས་སྟོབས་ཀྱི་ཤེས་རབ་དང་སྦྱངས་སྟོབས་ཀྱི་ཡོན་ཏན་ཡོད་དོ་ཅོག་རྩལ་དུ་སྤྲུགས་ནས་སློབ་མར་ཁྲིད་ཅི་ཐུབ་བྱེད་དགོས་པ་འབའ་ཞིག་ཡིན་པས་སྨྱན་གཟུགས་ཀྱིས་ཁྲིད་ན་འགྲེལ་བརྗོད་དང་རིག་ལམ་གང་ཐད་ནས་ཚད་བཀག་རང་བཞིན་ཡོད་པས་སོ། ། གཞན་བསམ་གཞིགས་ཀྱི་གོ་རིམ་ལྡན་ཞིང་བརྗོད་བྱའི་གཙོ་གནད་གསལ་བའི་སློབ་ཁྲིད་སྨྱན་གཟུགས་ཟེར་དོན་ཡང་།
གཙོ་བོ་སྐབས་བབ་ཀྱི་འཁྲིད་བྱའི་སློབ་ཚན་དང་སྦྱར་བ་ཡིན་ཏེ། ཉེ་ལམ་ཆ་འཕྲིན་ལག་རྩལ་གྱི་འཕེལ་རྒྱས་དབྱར་གྱི་མཚོ་མོ་ལ་འགྲན་པས། དགེ་རྒན་སུ་ཡིན་ཡང་སྨྱན་གཟུགས་བཟོས་ཏེ་སློབ་ཁྲིད་བྱེད་པ་ནི་ཤིན་ཏུ་ནས་ལས་སླ་མོད། འཁྲིད་བྱའི་གནད་ཐོན་ཞིང་བསམ་གཞིགས་རང་བཞིན་ལྡན་པའི་སྨྱན་གཟུགས་ཅུང་དཀོན་སྙམ། ཕྲན་གྱི་འཁྲིད་བྱའི་བསླབ་ཚན་ལ་མཚོན་ནས་བཤད་ན། ནང་དོན་གྱི་དགོས་མཁོ་དང་སྒྲིག་གཞིའི་ཁྱད་ཆོས་གང་ཐད་ནས་སྨྱན་གཟུགས་ཀྱི་ཁྲིད་ཐབས་འདི་གནད་དུ་འཁེལ་བའི་བསམ་ཚོར་སྐྱེས། དཔེར་ན། སློབ་ཚན་གྱི་སྒྲིག་གཞིའི་ཐད་ནས་བཤད་ན། སྲོལ་རྒྱུན་སྙན་ངག་གི་སྒྲིག་གཞིའི་གོ་རིམ་དང་གཏམ་རྒྱུད་ཀྱི་བྱུང་བ་བརྗོད་པའི་རྣམ་པ་ལ་བརྟེན་ནས་སྤེལ་ཡོད་པས། སྨྱན་གཟུགས་ལས་གོ་རིམ་བཞིན་དབྱེ་ཞིང་བསྡུར་ཏེ་ཁྲིད་ན་ཁ་གསལ་ཞིང་གོ་བདེ་བས་སློབ་མས་ཐོས་ན་གོ་སླ། བསམས་ན་གནད་གྲོལ། བསྒོམས་ན་སློབ་ཚན་ཧྲིལ་གྱིས་རྟོགས་ཐུབ་པས་ན། དང་དོད་ཡོད་པའི་སྒོ་ནས་སྨྱན་གཟུགས་ཁྲིད་ཐབས་བཀོལ་བ་འདིའང་གལ་ཆེ་བར་སྙམ་མོ། །

གོང་གི་ཕྱོགས་འདི་དག་ནི་སྐབས་བབ་སློབ་ཚན་ལ་མཚོན་ནས་བཤད་ན་ཅུང་འདང་བའི་ཕྱོགས་ཡིན། གཞན་ཉམས་མྱོང་དང་ཤེས་རྟོགས་གང་ཐད་ནས་བཤད་ཀྱང་མི་འདང་ས་དང་ཞན་སའང་མང་པོ་ཡོད་པ་མངོན་སུམ་ཡིན།

གཅིག ཞིབ་ཚགས་ཀྱི་ཆ་མེད་པ།

སློབ་ཁྲིད་གྱི་གོ་རིམ་ཁྲོད་དམིགས་བསལ་གྱིས་སློབ་མ་རེ་རེར་དྲི་བ་འཕངས་པ་ཅུང་ཉུང་བས། སྤྱིའི་ཆ་ནས་སློབ་ཚན་ལ་གོ་བ་བླངས་པ་ཆ་ཚང་ཡིན་མོད། བྱེ་བྲག་སྙན་ངག་གི་རྒྱན་དང་དཔེ་དཔེ་ཅན་ངོས་འཛིན་གྱི་ནུས་པ་ཅུང་ཞན། དཔེར་ན། བྱུང་རིམ་གྱི་མགོ་རྩོམ་པའི་ཁག་ལས“མི་འཇིགས་སྤོབས་པའི་གཏིང་མཐའ་དཔག་དཀའ་ཞིང་། ། གཞན་དོན་སྒྲུབ་པའི་རྦ་རླབས་ཡོལ་མེད་པ། ། རི་བོང་སེམས་དཔའ་མ་དྲོས་ཀླུང་ཆེན་པོས། ། རང་ལུས་ཆུ་གཏེར་གཏོང་བའི་དམ་བཅའ་བཀོད། །”ཅེས་པའི་ཤོ་ལོ་ཀ་འདིར་སྤྱད་པའི་སྙན་ངག་གི་རྒྱན་དང་དཔེ་དཔེ་ཅན་ངོས་འཛིན་བྱེད་དུ་བཅུག་ཚེ། སློབ་གྲོགས་ག་གེ་མོར་ད་དུང་ཅུང་རབ་རིབ་དང་ག་གེ་མོས་ཐེ་ཚོམ་གྱི་སྒྲོ་འདོགས་ཆོད་པའི་ལན་འདེབས་ཐུབ་ཀྱིན་མེད་པ་ལ་བསམས་ན་རྗེས་མར་འདིའི་ཕྱོགས་ཀྱི་ཤེས་བྱ་དག་ལ་བསྐྱར་དུ་ཁ་གསབ་དང་རྟིང་གནོན་བྱེད་དགོས་པ་ཤེས་ཐུབ།

གཉིས། སྔར་ཡོད་ཤེས་བྱ་ནང་འདྲེན་བྱེད་མ་ཐུབ་པ།

སློབ་ཚན་དུ་མི་སྣ་ཞིབ་འབྲི་བྱེད་པའི་ཐབས་ཤེས་ཀྱང་མང་པོ་སྤྱད་ཡོད་པས་ཁྲིད་ཟིན་པ་ལ་བསྐྱར་སྦྱོང་བྱས་ཏེ་ཞིབ་འབྲི་བྱེད་ཐབས་ངོས་འཛིན་བྱེད་པའི་གནད་ཀ་འདི་ཡང་དུས་ཚོད་བཀོད་སྒྲིག་དང་སློབ་ཁྲིད་སྔོན་གྱི་བསམ་གཞིགས་ཀྱིས་མ་འདང་བ་གང་རུང་གི་དབང་གིས་ལག་ལེན་བསྟར་མ་ཐུབ་སྙམ། དཔེར་ན། བྱུང་རིམ་འཕེལ་རྒྱས་ཀྱི་ཁག་ལས“སྡུག་བསྔལ་གྲང་རེག་ཁ་བའི་ཁུར་ལྕི་བས། ། ནོན་པའི་རྒྱ་ལྕང་ལྕུག་མའི་རྗེས་འགྲོ་བ། ། ཉམ་ཐག་རྒས་འཁོགས་སྙིང་རྗེའི་ཡུལ་གྱུར་པའི། ། ཟོལ་ལ་བརྟེན་ནས་དངོས་པོ་སློང་ཁུལ་བྱས། །”ཞེས་པ་འདི་ནི་མི་སྣའི་གཟུགས་རིས་ཞིབ་འབྲི་བྱས་པའི་ཤོ་ལོ་ཀ་ཞིག་ཡིན་ལ། འདི་དང་འབྲེལ་ཏེ་ཞིབ་འབྲི་བྱེད་ཐབས་གཞན་གང་དག་ཡིན་པ་དང། སློབ་ཚན་དུ་ད་དུང་ཞིབ་འབྲི་བྱེད་ཐབས་གང་དག་བཀོལ་ཡོད་པ་སོགས་སྦྱངས་ཟིན་ལ་ཕྱིར་རྟོག་དང་སྦྱོང་བཞིན་པ་ལ་ངེས་ཤེས་བསྐྱེད་ཐུབ་པས་འདི་ལའང་གཙིགས་ཆེན་པོ་བྱེད་དགོས་སྙམ།

མདོར་ན་ཁྲིད་རྗེས་མྱོང་ཚོར་བརྒྱུད་རང་ཉིད་ཀྱི་ཐུང་བ་ཐུན་གཅིག་དང་རིང་བ་སློབ་ཚན་གཅིག་ཁྲིད་པ་ལ་ལེགས་ཉེས་ཀྱི་ཆ་མང་པོ་ཞིག་ཡོད་པ་རྟོགས་ཐུབ་ལ། དེ་ལས་ལེགས་པའི་ཆ་དག་ལེགས་པ་ནས་ལེགས་པའི་ངོ་བོར་བསྒྱུར་བ་དང་། ཞན་པའི་ཆ་དག་ལ་མཐུན་རྐྱེན་བསྐྲུན་ཏེ་ཇེ་བཟང་ནས་ཇེ་རྒྱས་སུ་གཏོང་བར་ཕན་པས། ནམ་ཞར་ཁྲིད་རྗེས་མྱོང་ཚོར་འདི་ལ་གདེང་འཇོག་མཐོན་པོ་བྱས་ཏེ་འབྲི་རྒྱུ་ནི་ཤིན་ཏུ་གལ་ལོ། །

རང་ཉིད་ཀྱིས་གང་འཁྲིད་པར་བྱེད་པ་ལ་སྐྱོན་ཡོད་པ་ནི་སྲིད་པ་ཞིག་སྟེ། དེ་ལ་སྐྱོན་སྐྱོན་དུ་མཐོང་ནས་བཅོས་སྒྱུར་དང་ལེགས་བཅོས་བྱེད་པ་ནི་མཆོག་སྟེ། གལ་སྲིད་རྗེས་མར་བསྐྱར་དུ་སློབ་ཚན་འདི་འཁྲིད་ན་ཕྲན་ནས་གོང་གི་མ་འདང་བ་དང་ཞན་པ་དག་ལ་ཁ་སྣོན་བྱས་ཏེ་འཁྲིད་ངེས། དེའང་སྒྲིག་གཞི་ཅན་དུ་བསྒྱུར་ན་འདི་ལྟར།

གཅིག སློབ་ཁྲིད་དམིགས་ཚད།

1.སྐྱེ་བོ་དམ་པས་ཁས་འཆེ་བ། ། བསྒྲིམས་ཏེ་འབད་པས་འགྲུབ་པར་བྱ། ། ཞེས་པ་བཞིན་རི་བོང་མཆོག་གིས་དམ་བཅའ་མངོན་འགྱུར་བྱེད་ཆེད་རང་སྲོག་ཕངས་མེད་དུ་བཏང་བའི་བྱ་དཀའ་བའི་སྤྱིན་པའི་ཕར་ཕྱིན་གྱི་མཛད་པ་བསྟན་པའི་བྱུང་རིམ་ཉམས་སུ་མྱོང་བ་དང་ཞོར་དུ་རི་བོང་ཅན་གྱི་བྱུང་བ་ལའང་རྒྱུས་ལོན་བྱེད་དགོས།

2.རྩོམ་གྱི་ཁྱད་ཆོས་ཏེ་སྲོལ་རྒྱུན་སྙན་ངག་གི་སྒྲིག་གཞིའི་ཁྱད་ཆོས་དང་དོན་བརྗོད་སྙན་ངག་གི་སྒྲིག་གཞིའི་ཁྱད་ཆོས་ལ་རྒྱུས་མངའ་ཡོད་དགོས།

3.རྩོམ་ཡིག་ཏུ་བཀོལ་སྤྱོད་བྱས་པའི་སྙན་ངག་གི་རྒྱན་དང་མངོན་བརྗོད་ལ་བྱང་ཆ་ལྡན་རྒྱུ།

གཉིས། སློབ་ཁྲིད་བརྒྱུད་རིམ།

◆མཚན་དོན་ལ་འགྲེལ་བཤད་བྱེད་པ།

དྲི་བ་དང་པོ། རི་བོང་ཅན་ནི་གང་གི་མངོན་བརྗོད་ཡིན། དེ་ལྟར་ཐོགས་པའི་རྒྱུ་མཚན་ཅི།

(ཆུ་ཚད་ཅུང་ཞན་པའི་སློབ་མར་དྲིས་ཏེ་སྤྲོ་བ་འཕེལ་བ་དང་ཡིད་ཆེས་བསྐྱེད་རྒྱུ)

དྲི་བ་གཉིས་པ། རྩོམ་པ་པོས་དམིགས་བསལ་གྱིས་“གཡས་འཁྱིལ་དུང་གི་སྒྲ་དབྱངས”ཞེས་བཀོད་པའི་རྒྱུ་མཚན་ཁྱོད་ཚོས་ཤེས་སམ།(མཚར་སྣང་དང་བསམ་གཞིགས་བསྐྱེད་ཆེད)མཇུག་ཏུ་རང་ནས་གཏམ་རྒྱུད་དང་སྦྱར་ཏེ་མདོ་ཙམ་བརྗོད་པ།

དྲི་བ་གསུམ་པ། བཀྲ་ཤིས་པའི་རྫས་བརྒྱད་གང་དག་ཡིན།

◆རྩོམ་ཡིག་གི་གཞི་འཛིན་ས་དང་འབྱུང་ཁུངས་སྐོར་ངོ་སྤྲོད་རགས་ཙམ་བཤད་པ།

◆སློབ་ཚན་དངོས་ལ་འཇུག་པ།

1.དང་པོ་ཐོག་མར་དགེ་བ་ཀླད་ཀྱི་དོན། མཆོད་བརྗོད། རྩོམ་པར་དམ་བཅའ་བ་ངོ་སྤྲོད།

❶སློབ་གྲོགས་ཡོངས་ནས་མཆོད་བརྗོད་དང་རྩོམ་པར་དམ་བཅའ་བ་མཉམ་ཀློག་བྱེད་རྒྱུ།

❷མཆོད་བརྗོད་དང་རྩོམ་པར་དམ་བཅའ་བ་མཛད་པའི་དགོས་པ།

དྲི་བ་དང་པོ། ཁྱོད་ཀྱིས་མཆོད་བརྗོད་མཛད་པའི་དགོས་པ་རགས་ཙམ་བཤད་ཐུབ་བམ།

དྲི་བ་གཉིས་པ། ཁྱོད་ཀྱིས་རྩོམ་པར་དམ་བཅའ་བའི་དགོས་པ་གང་ཡིན་ནམ།

(དྲི་བ་འདི་གཉིས་ཆུ་ཚད་ཅུང་མཐོ་བའི་སློབ་མར་དྲིས་ཏེ་ཁོ་ཚོའི་ནམ་རྒྱུན་གྱི་སློབ་སྦྱོང་གི་སྤོབས་པ་དང་སྤྲོ་བ་སྔར་ལས་མཐོ་རུ་འདེགས་རྒྱུ)

❸ནང་དོན་ལ་འགྲེལ་བ་བརྒྱབ་རྗེས་དྲི་བ་འགོད་པ།

དྲི་བ་དང་པོ། ཤོ་ལོ་ཀ་གཉིས་པར་སྙན་ངག་གི་རྒྱན་གང་སྤྱད་ཡོད། དཔེ་དང་དཔེ་ཅན་གང་ཡིན་ངོས་འཛིན་བྱོས།

དྲི་བ་གཉིས་པ། བཅུ་གཉིས་བདག་པོ། ཐོས་འཛིན། ཏམ་བུ་ར་རེ་རེ་གང་གི་མངོན་བརྗོད་ཡིན་ནམ།

2.གཉིས་པ་བར་དུ་དགེ་བ་གཞུང་གི་དོན།

སྙན་ངག་གི་ལམ་ནས་དོན་འདུས་ཆེ་ཞིང་སྣང་བརྙན་ལྡན་པའི་སྒོ་ནས་དོན་གྱི་བྱུང་རིམ་མཚོན་ཡོད་པས། མི་སྣ་དང་ཁོར་ཡུག བྱུང་རིམ་གསུམ་སྐྱ་ཐིག་བྱས་ཏེ། སྔར་ཁྲིད་ཟིན་པའི་ཤེས་བྱ་ནང་འདྲེན་དང་བཀོལ་སྤྱོད་བྱས་ཏེ་སློབ་ཁྲིད་བྱ་རྒྱུ།

(ཚོ་ཆུང་བཞི་རུ་དགར་ཏེ་དྲི་བ་འདོན་པ་དང་དབྱེ་ཞིབ་བྱེད་པ། གྲོས་སྡུར་དང་སྤྱི་སྡོམ་གྱི་བྱེད་ཐབས་སྤེལ་རྒྱུ)

❶ཁོར་ཡུག་ངོས་འཛིན།

དྲི་བ་དང་པོ། ཤོ་ལོ་ཀ་གང་ནས་གང་བར་ཁོར་ཡུག་ཞིབ་འབྲི་བྱས་པའི་ཚན་པ་ཡིན།

དྲི་བ་གཉིས་པ། རྩོམ་པ་པོས་རང་བྱུང་ཁོར་ཡུག་གང་དག་ཞིབ་འབྲི་བྱས་ཡོད།

དྲི་བ་གསུམ་པ། མགྲིན་པའི་གླིང་བུའི་བུ་ག་སོ་སོ་ནས། ། སྐད་སྙན་འབྱིན་པས་དྲི་ཟའི་གླུ་དབྱངས་འགོག །
ཅེས་པའི་དཔེ་དཔེ་ཅན་ངོས་འཛིན་བྱོས།(ཁྲིད་ཟིན་ལ་ཕྱིར་རྟོག་བྱེད་ཆེད། དྲིས་ལན་མི་འདྲ་བར་ལྟོས་འཇོག་གིས་དཔྱད་འཇོག་སྤེལ་བ)

❷མི་སྣ་ངོས་འཛིན།

དྲི་བ་དང་པོ། གཏམ་རྒྱུད་ཀྱི་མི་སྣ་གང་དག་ཡིན།

དྲི་བ་གཉིས་པ། མི་སྣ་གཙོ་བོ་རི་བོང་གི་གཤིས་ཀ་ཅི་འདྲ་ཞིག་ཡིན། སློབ་ཚན་དུ་ཤོ་ལོ་ཀ་གང་གིས་མཚོན་ཡོད།

དྲི་བ་གསུམ་པ། རི་བོང་གི་གཤིས་ཀ་ལས་སློབ་ཚན་གྱི་མི་སྣ་གཞན་དག་གི་གཤིས་ཀ་ལ་ནུས་པ་གང་འདྲ་ཐོན་ཡོད།

འདི་ལས་ཁྱོད་ལ་མྱོང་བ་ཅི་འདྲ་ཞིག་ཐོབ་ཡོང་ངམ།

དྲི་བ་བཞི་བ། ཚན་པ་འདིར་མི་སྣ་ཞིབ་འབྲི་བྱེད་ཐབས་གང་དག་སྤྱད་ཡོད་པར་ངོས་འཛིན་གྱིས།

❸བྱུང་རིམ་ངོས་འཛིན།

མགོ་རྩོམ་པའི་ཁག ---- འཕེལ་རྒྱས་ཀྱི་ཁག ---- མཐོ་རླབས་ཀྱི་ཁག ---- མཇུག་འབྲས་ཀྱི་ཁག

(ཚོ་ཆུང་རེ་ནས་དབྱེ་ཞིབ་བྱས་རྗེས་སྤྱི་སྡོམ་དང་སྤྱི་སྡོམ་སྒོ་སམ་དུ་འགོད་པ། དེ་རྗེས་དགེ་སློབ་ཡོངས་ནས་དཔྱད་སྡུར་གྲོས་གསུམ་བརྒྱུད་མི་འདང་སར་ཁ་གསབ་དང་འདང་བ་ཇེ་ལེགས་སུ་བཏང་སྟེ་བསྐྱར་དུ་སྤྱི་སྡོམ་དང་སྲ་བརྟན་བྱེད་རྒྱུ)

3.གསུམ་པ་ཐ་མར་དགེ་བ་མཇུག་གི་དོན།

❶སློབ་གྲོགས་ཡོངས་ཀྱིས་མཇུག་གི་ཚན་པ་ཀློག་འདོན་བྱེད་པ།

❷ནང་དོན་ལ་འགྲེལ་བ་རྒྱག་པ།

❸རྩོམ་པ་པོའི་ཀུན་སློང་བརྗོད་པ།

◆མཇུག་བསྡུ་བ།

སློབ་ཚན་གྱི་བསྟན་དོན་བརྗོད་པ་དང་འབྲེལ་ཏེ། ང་ཚོ་དགེ་སློབ་ཡོངས་ནས་ཀྱང་སྐྱེས་བུ་དམ་པའི་མཛད་པ་ལ་གོང་བཀུར་དང་མིག་ལྟོས་བྱས་ཏེ་ནམ་རྒྱུན་འཚོ་བའི་ཁྲོད་ཕན་ཚུན་རོགས་རམ་དང་འཆམ་མཐུན་གྱིས་གནས་ན་རང་གཞན་བདེ་བའི་རྒྱུ་རུ་འགྲོའོ། །

◆ལས་བྱ།

❶ཁྱོད་ཀྱིས་རྩོམ་ཡིག་འདི་ལ་དཔེ་བྱས་ཏེ་ཚིག་ལྷུག་གི་ལམ་ནས་རི་བོང་ཅན་གྱི་བྱུང་བ་བརྗོད་པ་ཞེས་པའི་དོན་བརྗོད་རྩོམ་ཡིག་ཅིག་ཕྲིས།


* དོན་གྲུབ་སྒྲོལ་མ། གཅན་ཚ་རྫོང་མི་རིགས་སློབ་འབྲིང་གཉིས་པར་ཕྱག་ལས་གནང་བཞིན་ཡོད།


རྩོམ་ཡིག་རྗེས་མ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1