༄༅།།ཕ་བུ་གཉིས་གནས་མཇལ་དུ་འགྲོ་བའི་གཏམ།

རྩོམ་པ་པོ། བློ་བཟང་ཟླ་བ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ཁམས་པའི་རིག་གནས་དྲ་བ། སྤེལ་དུས། 06-16


   ༢༠༢༡ལོའི་སྤྱི་ཟླ༤པར། རང་གི་ཡབ་ཚ་བོ་དང་ཚ་མོ་གཉིས་དང་མཉམ་དུ་དར་མདོར་རང་ཁྱིམ་དུ་ཕེབས། དེ་ནི་ཁོང་ལྕགས་ཟམ་རྫོང་ནས་དར་མདོ་བར་གྱི་ཟམ་པ་དང་མྱུར་བགྲོད་གཞུང་ལམ་ལ་གཟིགས་མོ་ཐེངས་ཤིག་ཕེབས་འདོད་ཀྱིས་རྐྱེན་བྱས། སྟབས་ལེགས་པ་ཞིག་ལ་ཚ་བོ་དང་ཚ་མོ་གཉིས་མདོར་གཞུང་ཞབས་པའི་རྒྱུགས་སྤྲད་དུ་འོང་བའི་སྐབས་དང་བསྟུན་ནས་ཕེབས་པ་རེད།  ཁོང་ད་ལོར་དགུང་ལོ་དོན་བདུན་རེད། ཆུང་དུས་ནས་ཞིང་ལས་ངལ་རྩོལ་ལ་བརྩོན་པའི་དབང་གིས་དེང་སང་ཞབས་གཡོན་པར་སྙུན་གཞི་ཕོག་སྟེ་འགྲོ་དུས་ཅུང་ཟད་དཀའ་ངལ་འཕྲད་ཀྱིན་གདའ། དེ་ཙམ་ལས་གཞན་དམིགས་བསལ་གྱི་སྙུན་གཞི་གང་ཡང་མེད་པ་ནི་ངེད་མིང་སྲིང་གཉིས་དང་ནང་མི་ལྷན་རྒྱས་ཀྱི་བསོད་བདེ་ལོས་ཡིན། དེ་ནས་རང་གིས་ལས་ཁུངས་སུ་དགོངས་པ་ཉིན་བཅུ་ཙམ་ཞུས་ཏེ་ཡབ་ཁྲིད་དེ་དར་མདོ་ནས་ཕྱི་དྲོ་ཆུ་ཚོད་ལྔ་པའི་ཐོག་ཝན་ཅང་དུ་སོང་། ལམ་བར་ཡབ་ལ་མྱུར་བགྲོད་གཞུང་ལམ་དང་ཁྲོན་བོད་ཟམ་ཆེན་དང་པོའི་ངོ་སྤྲོད་མདོར་ཙམ་ཞུས། ཁོང་གིས་ལོ་ཤས་རིང་གི་འཕོ་འགྱུར་འདི་དག་ལ་ཧ་ལས་ཧང་སངས་འདུག། དགུང་མོའི་ཆུ་ཚོད་བརྒྱད་པ་ཡས་མས་རྒྱ་ནག་སྤོས་ལྡན་གྱི་ལྷོ་སྒོ་གསར་པའི་རླངས་འཁོར་འབབ་ཚུགས་སུ་སླེབས། དེ་ནས་ས་འོག་ལྕགས་ལམ་ནས་ཝན་ཅང་རང་ཁྱིམ་དུ་འབྱོར། ཉིན་ཤས་ངལ་གསོ་ཞོར་ཁྲེན་ཏུའུ་སྲོག་ཆགས་གླིང་ག་སོགས་ལ་འཁྱམ་འཁྱམ་དུ་སོང་། སྲོག་ཆགས་གླིང་ག་རུ་བྱ་རི་དྭགས་སྣ་ཁ་མང་པོ་ཡོད་པ་ལས། རྨ་བྱ་དང་སྟག། སེངྒེ། དྲེད་མོང་། དོམ་ཁྲ། བསེ་རུ། ཆུ་རྟ། ཤྭ་བ་སྐེ་རིང་། གླང་ཆེན། སྦྲུལ་ཆེན་སོགས་ཀྱིས་ཁོང་ལ་བག་ཆགས་ཟབ་མོ་བཞག་ཡོད་པར་མངོན། དེ་ནས་བཟའ་ཟླའི་ཕ་མ་དང་ཉེ་འབྲེལ་སོགས་ཀྱི་རེ་བ་ལྟར་རང་བཟའ་ཚང་གཉིས་ཡབ་དང་ངེད་གསུམ་རྒྱ་ནག་གི་གྲོང་གསེབ་ཏུ་སོང་། ཉིན་ཤས་རིང་རྒྱ་ནག་གི་ཞིང་སྡེ་དང་ཞིང་པའི་འཚོ་བ་ལ་ཉམས་ཞིབ་བྱས། ཁོང་གིས་འདི་གའི་ཞིང་པའི་འབྲས་དང་གྲོ། མ་རྨོས་ལོ་ཏོག། སྣུམ་ཚལ་ཐམས་ཅད་བོད་ཡུལ་ལྟར་འདེབས་པ་མིན་པར་རེ་རེ་བཞིན་འཛུགས་པ་ལ་ཤིན་ཏུ་ཧ་ལས། ཁོང་གིས་རྒྱ་ནག་གི་ཞིང་སྡེ་འདི་ལ་རེའི་རྒྱབ་ན་གྲོང་སྡེ་རེ། དངོས་གནས་སུ་ལུ་ནང་བཞིན་འདུག། འདི་གའི་ཞིང་པ་དང་བསྡུར་ན་ང་ཚོའི་ལས་ལུགས་ནི་ངོ་མ་ས་བོན་ཞིང་ཁར་བཏབ་ནས་རེ་བ་གནམ་ལ་བཅོལ་བ་རེད་ཅེས་ཡང་ནས་ཡང་དུ་གསུངས། དེ་ནས་ངེད་ཕ་བུ་གཉིས་རྒྱ་ནག་གླང་ཆེན་དང་བྱམས་པ་མཚོ་གཟིགས་མཇལ་དུ་སོང་། ཉིན་དང་པོར་ཁྲེན་ཏུའུ་ནས་མྱུར་བགྲོད་ལྕགས་ལམ་ནས་གླང་ཆེན་འགྱིང་རི་ལ་ཐོན། དེར་ཉིན་གུང་ཆུ་ཚོད་བཅུ་གཉིས་ཙམ་ལ་སླེབས། རི་སྐེད་ཀྱི་མགྲོན་ཁང་ཞིག་ཏུ་སྡོད་རྩིས་བྱས་ཏེ་ཅ་ལག་རྣམས་དེར་བཞག།  ཉིན་གུང་ཁ་ལག་བཟས་ཏེ་མགྲོན་ཁང་བདག་པོའི་ཁ་ལ་ཉན་ཏེ་མི་རེས་སྤྲེའུ་དཀྲོག་བྱེད་ཀྱི་སྨྱུག་མའི་བེར་ཀ་རེ་ཁྱེར་ནས་རི་སྐེད་ཀྱི་ཁྲི་ལོར་དགོན་དུ་རྒྱ་ནག་གླང་ཆེན་ཏེ་འཕགས་པ་ཀུན་ཏུ་བཟང་པོ་མཇལ་དུ་སོང་། སྦྲང་ཆར་ཟིམ་ཟིམ་གྱི་ཁྲོད། ཐེམ་སྐས་མང་པོ་ཞིག་ལ་འཛེགས། ལམ་གྱི་གཡས་གཡོན་ན་རྩེ་མོ་དགུང་ལ་ཟུག་པ་ལྟ་བུའི་ཤིང་ནགས་གསེབ་ལ་ལོ་སྟོང་ལོན་པའི་ཤིང་སྡོང་གྲགས་ཅན་མི་ཉུང་བ་འདུག། ད་དུང་གནས་མཇལ་བ་རྣམས་ངལ་གསོ་སའི་ཇ་ཁང་དང་ཟ་ཁང་ཡང་མང་པོ་འདུག།  དེ་ནས་རྒྱལ་ཕྱི་ནང་ཀུན་ལ་རླུང་ལྟར་གྲགས་པའི་ཁྲི་ལོ་དགོན་དུ་སླེབས། འཕགས་མཆོག་ཀུན་བཟང་གླང་ཆེན་མཆེ་བ་དྲུག་ལྡན་ཐོག་གི་པད་མའི་གདན་སྟེང་མཚན་དཔེའི་གཟི་བྱིན་འབར་བའི་མདུན་ནས་སོར་བཅུའི་འདབ་མ་སྙིང་ཁར་སྦྱར་ཏེ་རང་གཞན་ཀུན་གྱི་དོན་དུ་གསོལ་བ་སྨོན་ལམ་གང་མང་བཏབ། ཕྱག་བསྐོར་གང་འཚམ་གྱི་རྗེས་སུ། སྔར་གྱི་ལམ་དེད་ནས་མར་མགྲོན་ཁང་དུ་ལོག།  ལམ་བར་སྤྲེའུ་ཉི་ཤུ་ལྷག་ཙམ་ཞིག་དང་འཕྲད། སྤྲེལ་ཕྲུག་ཀྱང་བདུན་བརྒྱད་ཙམ་འདུག། ཡབ་ཀྱིས་ང་ལ་རྩེ་མཚར་ངང་ནས་འདི་ཁོ་ཚོའི་བྱིས་པ་ཁང་ཡིན་ས་རེད་ཅེས་གསུངས། ཆར་པ་འབབ་ན་ཡང་མཇལ་ཁ་ཡོང་མཁན་རྒན་གཞོན་ཕོ་མོ་མང་པོ་འདུག།  དེ་ནས་ངེད་ཕ་བུ་གཉིས་ཕྱིར་མགྲོན་ཁང་དུ་འབྱོར།  མགྲོན་ཁང་བདག་པོས་ཟེར་བ་ལྟར་ཕྱི་ཉིན་ཞོགས་པ་ཆུ་ཚོད་ལྔ་པ་ཐོག་གི་རླངས་འཁོར་དང་འབྲེང་འཁོར་གྱི་འཛིན་ཉོས། ཉལ་ཁར་ཆར་པ་ཆེན་པོ་འབབ་ཀྱིན་གདའ། ནངས་སྔ་ཆུ་ཚོད་བཞི་པ་ཐོག་ཡར་ལངས་ཏེ་ནངས་ཇ་བཏུང་སྟེ་རླངས་འཁོར་ས་ཚུགས་བར་དུ་རྐང་ཐང་དུ་ཕྱིན། ཆར་ཆུང་འབབ་ཀྱིན་འདུག། དེ་ནས་རླངས་འཁོར་ནས་འདྲེན་པའི་ལྷ་ཁང་དུ་སོང་། དེར་སྟག་མ་མེ་ཏོག་ཕུང་པོ་རེ་ཟུང་གི་རྩེ་ན་མེ་ཏོག་ཡིད་དུ་འོང་བ་བཞད་འདུག། ཐག་རིང་ནས་ཡིན་པའི་ཕོ་མོ་མང་པོས་འུར་བཞིན་པར་འདེབས་ཀྱིན་འདུག།  དེ་ནས་འབྲེང་འཁོར་དུ་བསྡད་ནས་སྐར་མ་གསུམ་ཙམ་གྱིས་གསེར་གྱི་ཡང་རྩེའི་ཞབས་ཙམ་ལ་སླེབས། དེ་ནས་རྐང་ཐང་སྐར་མ་བཅུ་ཙམ་སོང་མཐར་གསེར་གྱི་ཡང་རྩེར་ཐོན། དེའི་སྐབས་སུ་ཆར་དྭངས། སྨུག་པ་ཡང་ཕྲན་བུ་ལས་མི་འདུག།  གསེར་གྱི་ཡང་རྩེ་སྟེང་གི་ཀུན་བཟང་ཞལ་བཅུ་ཁྲ་ལམ་མེར་མཇལ། སྐུ་དེ༢༠༠༦ལོའི་སྤྱི་ཟླ༦པའི་ཚེས་པ༡༨ཉིན་བཞེངས་གྲུབ།མཐོ་ཚད་སྨི༤༨དང་ལྗིད་ཚད་ལ་ཏུན༦༠༠ལྷག་ཡོད་རེད་གསུངས།  གསེར་དངུལ་ཟངས་ཀྱི་ཕོ་བྲང་དུ་གྲགས་པ་གསུམ་ག་མཇལ། ཕྱག་དང་བསྐོར་ཕྲན་བུར་བྱས། ཡང་ཡང་མཇལ་བའི་སྨོན་ལམ་བཏབ་ནས་ལའོ་ཧྲན་དུ་བྱམས་པ་མཚོ་གཟིགས་མཇལ་དུ་སོང་ཉིན་ཡོལ་ཆུ་ཚོད་དང་པོ་ཡས་མས་ལའོ་ཧྲན་དུ་འབྱོར། རང་གིས་གནས་ཀྱི་སྒོ་འཛིན་ཉོས། ཡབ་ལོ་དྲུག་ཅུ་ཡོལ་བས་འཛིན་ཉོ་དགོས་ཀྱི་མི་འདུག། དེ་ནས་གནས་སྒོར་སླེབས་དུས་དེ་ཉིན་གཟའ་ཉི་མ་ལ་འཁེལ་འདུག་པས་མཇལ་ཁ་ཡོང་མཁན་ཧ་ཅང་མང་པོ་འདུག། བང་བསྒྲིགས་ཏེ་ནང་ལ་ཐོན། ལམ་ནང་ཆོས་མཇལ་བྱེད་མཁན་འཚང་ཁ་ཤིག་ཤིག་རེད། དེ་ནས་རིམ་པར་བྱམས་ཆེན་མཐོང་སར་སླེབས། ངས་ཡབ་ལ་ད་དུང་འགྲོ་ཐུབ་བམ། ཞབས་ནའམ་ཞེས་འདྲི་དུས། ཁོང་གིས་མི་སྐྱོན། ད་ཅིས་ཀྱང་བྱམས་ཆེན་ཡག་པོ་ཞིག་མཇལ་དུ་འགྲོ་གསུངས། དེ་ནས་བྱམས་ཆེན་ལ་གཡས་བསྐོར་གྱིས་ཆོས་མཇལ་བ་མང་བའི་དབང་གིས་འགྲོ་ཙམ་འདུག་ཙམ་གྱིས་རྡོ་སྐས་ལས་བབས་ཏེ་མཇལ་དུ་སོང་། ཆུ་ཚོད་ཕྱེད་ཀ་ཡས་མས་ཀྱིས་མར་བྱམས་ཆེན་གྱི་གདན་ཁྲི་ཡོད་སར་སླེབས། རྒྱལ་བ་བྱམས་པ་མགོན་པོའི་སྐུ་མཐོ་ཚད་སྨི༧༡ཡོད་པ་དེ་མངོན་སུམ་མཇལ་མ་ཐག་ཡབ་ཀྱི་ཞལ་ནས་དབང་མེད་ངང་ཨ་ལ་ལ་ཞེས་ལན་མང་བརྗོད། ཡིད་དང་བས་དད་པ་སྐྱེད། ངག་དང་བས་གསོལ་བ་འདེབས། ལུས་དང་བས་གནས་ལྔ་ས་ལ་ཕབ་སྟེ་ཕྱག་མང་དུ་འཚལ། དེ་ནས་གཡས་ཕྱོགས་བྲག་གི་རྡོ་སྐས་ཐོག་ནས་རིམ་གྱིས་ཡར་སྟེང་ལ་སླེབས། ངལ་ཅུང་ཟད་གསོས་ཏེ་ཧའེ་ཐུང་བླ་མའི་དགོན་པར་སོང་། ཧའེ་ཐུང་བླ་མས་བྱམས་ཆེན་བཞེངས་པའི་ཞལ་འདེབས་རྒྱུ་ནོར་སྲུང་ཆེད་རང་གི་མིག་ཟུང་གཞན་གྱིས་བརྐོས་པའི་རྣམ་ཐར་ཐོས་དུས། ཡབ་ཀྱིས་སྐྱབས་སུ་མཆི། བྱང་ཆུབ་སེམས་དཔའ་ལོས་ཡིན་ཞེས་གསུངས། དེ་ནས་སླར་མྱུར་བགྲོད་ལྕགས་ལམ་བརྒྱད་དེ་ཚུར་ཝན་ཅང་དུ་འབྱོར་རོ།།



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1