ལི་ཁེ་ཆང་གིས་ཅི་ལིན་དུ་རྟོག་ཞིབ་གནང་བ།
རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 06-18
འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས་15ཉིན་ནས་16ཉིན་བར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་ཅི་ལིན་སུང་ཡོན་དང་ཁྲང་ཁྲུན་དུ་རྟོག་ཞིབ་གནང་ཡོད་པ་རེད། ཁོང་གིས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་པ་དང་། སྒྱུར་བཅོས་སྒོ་དབྱེར་སྐུལ་འདེད་ཤུགས་ཆེན་གཏོང་བ། ཁྲོམ་རའི་བྱེད་པོ་དེ་བས་མང་བ་སྐྱེད་སྲིང་དང་སྟོབས་ཆེར་གཏོང་བ། དཔལ་འབྱོར་གོང་འཕེལ་གྱི་སྒུལ་ཤུགས་ཆེ་རུ་གཏོང་བ་བཅས་བྱེད་དགོས་ཞེས་ནན་སྟོན་གནང་ཡོད།
ལི་ཁེ་ཆང་གིས་འབྲུ་རིགས་ཐོན་སྐྱེད་ལ་ཐུགས་ཁུར་ཧ་ཅང་ཆེན་པོ་གནང་ཞིང་། སུང་ཡོན་གྲོང་ཁྱེར་དུ། ཁོང་གིས་ཞིང་ནང་དུ་མ་རྨོས་ལོ་ཏོག་གི་སྐྱེ་ཚུལ་ལ་གཟིགས་ཞིབ་གནང་བ་དང་། ཞིང་པ་ཚོས་འདི་ལོའི་འབྲུ་རིགས་ལ་ལོ་ལེགས་ཡོང་རྒྱུའི་རེ་བ་ཡོད་ཀྱང་གཅིན་རྒྱུ་དང་ཁྲའེ་ཡིའུ་སྣུམ་སོགས་ཀྱི་རིན་གོང་འཕར་ཤུགས་ཆེ་བ་དང་ཉེ་དུས་མ་རྨོས་ལོ་ཏོག་གི་རིན་གོང་ཆག་པ་དེས་སེམས་ཁྲལ་བཟོ་ལུགས་ལན་ཆ་བྱས་པ་གསན་སྐབས། ལི་ཁེ་ཆང་གིས་འབྲེལ་ཡོད་འགན་འཁུར་བློ་མཐུན་ལ་བྱེད་ཐབས་ནུས་ལྡན་སྤྱད་དེ་ཞིང་ལས་རྒྱུ་ཆའི་རིན་གོང་བརྟན་པོ་ཡོང་བ་བྱེད་དགོས་པའི་མངགས་བཅོལ་གནང་ཡོད་པ་རེད། ཁོང་གིས། འབྲུ་རིགས་འདང་ངེས་ཡོད་ན་གནམ་འོག་བདེ་ལ་འཁོད་ཐུབ། ལུགས་མཐུན་གྱི་འབྲུ་རིགས་རིན་གོང་རྒྱུན་འཁྱོངས་བྱེད་པ་དང་ཞིང་ལས་རྒྱུ་ཆའི་རིན་གོང་འཕར་བར་ཚོད་འཛིན་བྱས་ནས། འབྲུ་རིགས་འདེབས་མཁན་ཞིང་པའི་ཧུར་སེམས་སྲུང་སྐྱོབ་ཡག་པོ་བྱེད་དགོས་ཞེས་གསུངས་པ་དང་། ཁོང་གིས། རྩ་ཆེའི་ས་ནག་སྲུང་སྐྱོང་ཡག་པོ་བྱས་ནས་སོན་བཟང་དེ་བས་མང་བ་སྐྱེད་སྲིང་བྱས་ཏེ་བྱང་ཤར་གྱི་འབྲུ་མཛོད་ཆེན་མོ་དེ་བས་ཏན་ཏིག་ངང་ཁེངས་ཐུབ་པ་བྱེད་དགོས་ཞེས་ནན་བཤད་གནང་ཡོད་པ་རེད།
ལི་ཁེ་ཆང་གིས་ཁྲ་ཀན་མཚེའུ་རུ་ཕེབས་ནས་འབྱུང་ཁམས་ཁོར་ཡུག་སྲུང་སྐྱོང་ལ་རྟོག་ཞིབ་གནང་ཡོད། ཁོང་གིས། མཚེའུ་ཆེན་པོ་དེས་མཐའ་འཁོར་གྱི་འབྱུང་ཁམས་ལ་ལེགས་བཅོས་ཀྱི་ནུས་པ་གལ་ཆེན་ཐོན་གྱི་ཡོད། རྒྱུན་སྲིང་ལྷོད་མེད་ངང་ཆུའི་ཁོར་ཡུག་སྲུང་སྐྱོང་ལ་དམ་འཛིན་ཡག་པོ་བྱས་ཐོག འབྱུང་ཁམས་བཟང་པོར་བརྟེན་ནས་ཉ་ལས་སོགས་ཀྱི་ཐོན་ལས་གོང་འཕེལ་གཏོང་རྒྱུར་སྐུལ་ཁྲིད་བྱས་ཏེ། ཁྲ་ཀན་མཚེའུ་ཡི་གསེར་བྱང་དེ་སྔར་བས་འོད་དང་ལྡན་པ་ཞིག་ཡོང་བ་བྱེད་དགོས་ཞེས་གསུངས་གནང་ཡོད།
ཤར་རྒྱུད་ཁེ་ལས་ཀྱིས་མ་འཇོག་བྱས་ནས་གསར་དུ་བསྐྲུན་པའི་ཅི་ལིན་ཕན་ཕན་བཟའ་བཅའ་ཀུང་སིར། ལི་ཁེ་ཆང་གིས་དཔྱ་ཁྲལ་ཉུང་གཏོང་དང་གྲོན་དངུལ་ཉུང་གཏོང་གི་གནས་ཚུལ་བཀའ་འདྲི་གནང་བ་དང་འབྲེལ་བཟོ་པ་ཚོ་དང་སྤེལ་རེས་ཀྱང་གནང་ཡོད་པ་རེད། ཁོང་གིས། བཟའ་བཅའི་ལས་རིགས་ནི་དུས་གཏན་གྱི་ཉི་གཞོན་ཐོན་ལས་ཤིག་ཡིན་པ་དང་། ཁྲོམ་རའི་ཞིབ་ཕྲའི་བར་མཐོངས་ཆེ་བས། ཁྱེད་ཚོས་དགོས་མཁོ་དང་འཚམ་པའི་བཟའ་བཅའ་དེ་བས་མང་བ་གསར་སྤེལ་བྱ་རྒྱུའི་རེ་བ་ཡོད་ཅེས་གསུངས་གནང་ཡོད། ཁེ་ལས་ཀྱིས་དེ་གར་མ་འཇོག་བྱེད་རྒྱ་ཆེ་རུ་གཏོང་རྩིས་ཡོད་པ་གསན་སྐབས། ལི་ཁེ་ཆང་གིས། བྱང་ཤར་ནི་ལས་དར་གོང་འཕེལ་དང་འཚོ་བ་སྐྱེལ་སའི་ས་ཆ་ཡག་པོ་ཞིག་རེད། ཚོང་གཉེར་ཁོར་ཡུག་འགག་སྒོ་ལས་སྒྲོལ་རྗེས་མ་འཇོག་དེ་བས་མང་བ་ཧྲན་ཧའེ་འགག་སྒོ་ནས་སྒྲོལ་སྲིད། སྒྱུར་བཅོས་གཏིང་ཟབ་ཏུ་བཏང་ནས། ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བ་དང་ཁྲོམ་རའི་གཙོ་གཟུགས་སྐྱེད་སྲིང་ཐད་འབད་བརྩོན་ཆེན་པོ་བྱས་ཏེ། རྒྱལ་ཁབ་ཕྱི་ནང་གི་ཁེ་ལས་ཀྱིས་བྱང་ཤར་ལ་མ་འཇོག་བྱ་རྒྱུར་ཡིད་ཆེས་དེ་བས་ཆེ་བ་ཡོང་ཐུབ་པ་དང་བྱང་ཤར་གོང་འཕེལ་ལ་རེ་བ་ཆེན་པོ་ཡོད་པའི་མདུན་ལམ་དེ་བས་ལེགས་པའི་སྒོ་ནས་མངོན་པ་བྱེད་དགོས་ཞེས་གསུངས་ཡོད་པ་རེད།
ལི་ཁེ་ཆང་གིས་ཅི་ལིན་ཞིང་ཆེན་དར་རྒྱས་གོང་འཕེལ་དང་སྒོ་དབྱེ་མཉམ་ལས་བྱས་ཚུལ་གྱི་སྙན་ཞུ་གསན་གནང་ཡོད། ཁོང་ཀྲུང་གོ་དང་ལྷོ་ཁོ་རེ་ཡའི་ཁྲང་ཁྲུན་རྒྱལ་སྤྱིའི་མཉམ་ལས་དཔེ་སྟོན་ཁུལ་དུ་རྟོག་ཞིབ་གནང་བར་ཕེབས་ཡོད་པ་དང་། ཁེ་ལས་ལ་ཚོང་གཉེར་ཁོར་ཡུག་ཐད་ཀྱི་མྱོང་ཚོར་དང་གྲོས་འགོ་བཀའ་འདྲི་གནང་ཡོད། ཁོང་གིས། ང་ཚོས་ཁེ་ལས་ཆེ་གྲས་ཀྱིས་མ་འཇོག་ལས་གཏོད་བྱ་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན་ལ་ཁེ་ལས་འབྲིང་ཆུང་གིས་མཉམ་ལས་གོང་འཕེལ་གཏོང་རྒྱུར་ཡང་དགའ་བསུ་ཞུ་རྒྱུ་ཡིན། ཁེ་ལས་འབྲིང་ཆུང་མང་པོ་ཞིག་ལ་ཆེད་ལས་ཀྱི་ཁྱད་ཆོས་ལྡན་པའི་ལག་རྩལ་གསར་པ་ཡོད་པས། རང་གཤིས་ཅན་གྱི་རིགས་དབྱེ་ཞབས་ཞུ་མཁོ་འདོན་བྱས་ཐོག ཁེ་ལས་འབྲིང་ཆུང་དང་ཆེས་ཆུང་གྲས་གང་ས་གང་དུ་ཁྱབ་པ་བྱས་ཏེ་ཁེ་ལས་ཆེན་པོས་ནུས་པ་ཆེན་པོ་འདོན་རྒྱུར་འདེགས་སྐྱོར་བྱེད་དགོས། བྱང་ཤར་རྒྱུད་ལ་མཚོ་རྒྱུད་ཀྱི་བཟང་ཆ་ཡོད་པས། སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་བ་དང་ལྷག་པར་དུ་ཨེ་ཤ་ཡ་བྱང་ཤར་ལ་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་དགོས་ཤིང་། RCEPཡི་གོ་སྐབས་དམ་འཛིན་བྱས་ནས་ས་ཁོངས་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་། བྱང་ཤར་གོང་འཕེལ་ལ་སྣེ་ཁྲིད་བྱེད་དུ་འཇུག་དགོས་ཞེས་གསུངས་ཡོད་པ་རེད།
དམངས་གཉེར་ཁེ་ལས་ཀྱིས་བཙུགས་པའི་པའེ་ཏུའུ་གསར་གཏོད་ཁུལ་དུ། ལི་ཁེ་ཆང་གིས་གསར་གཏོད་པ་ཚོ་དང་སྤེལ་རེས་གནང་བ་དང་གསར་གཏོད་ཀྱི་གྲུབ་འབྲས་ལ་གཟིགས་གནང་ཡོད། ཁོང་གིས། ང་ཚོས་གསར་གཏོད་གཉིས་ལ་སྐུལ་འདེད་གཏོང་བ་ནི་སྤྱི་ཚོགས་ཀྱི་གསར་གཏོད་གསོན་ཤུགས་སྔར་བས་འཕེལ་བ་བྱ་རྒྱུ་དེ་ཡིན། མི་མང་པོས་གྲུ་སྐྱ་འཐེན་ན་གྲུ་གཟིངས་ཆེན་པོ་གཏོང་ཐུབ་པ་བཞིན། རང་རང་སོ་སོའི་བཟང་ཆ་འདོན་སྤེལ་བྱེད་ལ་ཕྱར་བ་གྲུ་འདེགས་ཀྱིས་དཀའ་ངལ་ཁྱད་བསད་བྱས་ན། གསར་གཏོད་ཀྱི་གྲུ་གཟིངས་ཆེན་པོ་དེ་རྒྱལ་ཁའི་ཕ་རོལ་དུ་བསྐྱོད་ཐུབ་ཅེས་གསུངས་ཡོད་པ་རེད།
ལི་ཁེ་ཆང་གིས་ཅི་ལིན་གྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་ལ་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་བ་དང་། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་སྟོབས་ཆེའི་འགོ་ཁྲིད་འོག གསར་འབྱེད་གསར་གཏོད་དང་དཀའ་སྤྱད་འབད་འཐབ་ཀྱིས་བྱང་ཤར་ཕྱོགས་ཡོངས་ནས་དར་རྒྱས་དང་སྤུས་ཚད་མཐོ་བའི་གོང་འཕེལ་ལ་སྐུལ་འདེད་གཏོང་བའི་ཁྲོད་ལེགས་སྐྱེས་གསར་པ་འབུལ་རྒྱུའི་རེ་བ་ཡོད་ཅེས་གསུངས་ཡོད་པ་རེད།