ཞི་ཅིན་ཕིང་གི་མཛུབ་སྟོན་དེར་ལན་ཆ་ཆེན་པོ་བྱུང་བ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 06-21



ཞི་ཅིན་ཕིང་གིས་ཏང་གི་ལོ་རྒྱུས་འགྲེམས་སྟོན་ཁང་དུ་གནང་བའི་མཛུབ་སྟོན་དེར་ལན་ཆ་ཆེན་པོ་བྱུང་བ།
    འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་“ཐོག་མའི་བསམ་འདུན་མི་བརྗེད་པར། འགན་འཁྲི་བློ་ལ་བརྟན་པོར་ངེས་”ཞེས་པའི་ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་འགྲེམས་སྟོན་ལ་གཟིགས་སྐོར་གནང་སྐབས་གནང་བའི་མཛུབ་སྟོན་གལ་ཆེན་ལ་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པའི་ཁྲོད་ཚུར་སྣང་ལན་ཆ་ཆེན་པོ་བྱུང་ཞིང་། ཚང་མས། འབད་འཐབ་ཀྱི་ལོ་རྒྱུས་བློ་ལ་བརྟན་པོར་ངེས་པ་དང་ལོ་རྒྱུས་ཀྱི་འགན་འཁྲི་འཁུར་ཏེ། ཏང་གི་འབད་འཐབ་ལོ་རྒྱུས་ཁྲོད་ནས་མདུན་སྐྱོད་ཀྱི་སྟོབས་ཤུགས་བསྡུ་ལེན་བྱ་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བརྗོད་ཡོད།
    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། ཏང་གི་ལོ་རྒྱུས་ནི་ཆེས་གསོན་ཉམས་ལྡན་པ་དང་། གོ་སྐོན་བློ་འགུག་གི་ནུས་པ་ཆེ་ཤོས་ལྡན་པའི་སློབ་དེབ་ཅིག་རེད། འདས་ཟིན་པའི་འབད་འཐབ་ལམ་བུར་ཕྱིར་ལྟ་བྱེད་པ་དང་མདུན་ཕྱོགས་ཀྱི་འབད་འབུངས་ལམ་བུར་རྒྱང་ལྟ་བྱེད་སྐབས། ངེས་པར་དུ་ཏང་གི་ལོ་རྒྱུས་སློབ་སྦྱོང་ཡག་པོ་དང་ཕྱོགས་སྡོམ་ཡག་པོ་བྱས་ནས་ཏང་གི་རྩ་ཆེའི་ཉམས་མྱོང་རྒྱུན་འཛིན་ཡག་པོ་དང་དར་སྤེལ་ཡག་པོ་གཏོང་བ་དང་། འབད་འཐབ་ཀྱི་ལོ་རྒྱུས་བློ་ལ་བརྟན་པོར་ངེས་པ་དང་ལོ་རྒྱུས་ཀྱི་འགན་འཁྲི་ཁུར་ནས་ཏང་གི་འབད་འཐབ་ལོ་རྒྱུས་ཁྲོད་ནས་མདུན་སྐྱོད་ཀྱི་སྟོབས་ཤུགས་བསྡུ་ལེན་བྱེད་དགོས་ཞེས་ནན་སྟོན་གནང་ཡོད། ཀྲུང་གུང་ཚོགས་ཆེན་བཞི་པའི་དྲན་གསོ་ཁང་གི་འགོ་འཛིན་ཐུང་ཁོའོ་ཡིས་དེའི་ཐད་མྱོང་ཚོར་ཟབ་མོའི་སྒོ་ནས། ང་ཚོ་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཚང་མས་ཏང་གི་ལོ་རྒྱུས་དང་། ཀྲུང་གོ་གསར་པའི་ལོ་རྒྱུས། སྒྱུར་བཅོས་སྒོ་དབྱེའི་ལོ་རྒྱུས། སྤྱི་ཚོགས་རིང་ལུགས་ཀྱི་གོང་འཕེལ་ལོ་རྒྱུས་བཅས་སློབ་སྦྱོང་བྱེད་པའི་བརྒྱུད་རིམ་ནང་། ཀྲུང་གོ་གུང་ཁྲན་ཏང་གིས་འཇོན་དོན་ཅི་ཡིན་པ་དང་། མར་ཁེ་སི་རིང་ལུགས་འགྲིག་དོན་གང་ཡིན་པ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཡག་དོན་ཅི་ཡིན་པ་བཅས་ལ་ངོས་འཛིན་གཏིང་ཟབ་ཡོང་ཐུབ་པས། དད་སེམས་རི་བོ་ལྟར་བརྟན་པ་དང་། ཡིད་ཆེས་ལྕགས་ལྟར་སྲ་བ། སེམས་ཤུགས་རྡོ་ལྟར་མཁྲེགས་པ་བཅས་ཡོང་ཐུབ་ཅེས་གསུངས་ཡོད་པ་རེད།
    ཅང་ཞི་ཞིང་ཆེན་ཅི་ཨན་གྲོང་ཁྱེར་ཅི་ཀྲོའུ་ཁུལ་པེ་མོན་ཁྲོམ་གཞུང་པེ་མོན་སྡེ་ཁུལ་གྱི་ཏང་ཨུད་ཧྲུའུ་ཅི་དང་གྲོང་མི་ཨུ་ལྷན་གྱི་ཀྲུའུ་རེན་ཀེ་ཀུའེ་ལན་གྱིས། གཞི་རིམ་སྡེ་ཁུལ་གྱི་ཧྲུའུ་ཅི་ཞིག་ཡིན་པའི་ངོས་ནས། ངས་ངེས་པར་དུ་ཏང་གིས་བློ་གཅིག་སེམས་གཅིག་ངང་མི་དམངས་ལ་ཞབས་འདེགས་ཞུ་བའི་དམིགས་ཡུལ་དེ་རང་རྟོགས་ཀྱི་བྱ་སྤྱོད་ཅིག་ཏུ་འགྱུར་བ་བྱས་ཏེ། ཀྲུང་དབྱང་གི་བྱེད་ཕྱོགས་སྲིད་ཇུས་ཁག་ཇི་མ་ཇི་བཞིན་དོན་འཁྱོལ་ཡག་པོ་བྱ་རྒྱུ་ཡིན་ཞེས་གསུངས་ཡོད།
    གསར་དུ་སྐྲུན་མ་ཐག་པའི་ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་འགྲེམས་སྟོན་ཁང་གིས་ཐེངས་དང་པོར་ཕྱོགས་ཡོངས་དང་། བརྒྱུད་རིམ་ཧྲིལ་པོ། ཡུལ་ལྗོངས་ཧྲིལ་པོ། ལོ་རྒྱུས་མཚོན་པའི་སྙན་ངག་བཞིན་ཀྲུང་གོ་གུང་ཁྲན་ཏང་གི་ཟིལ་རླབས་དགུང་འཕྱུར་གྱི་ལོ་བརྒྱའི་ལོ་རྒྱུས་མངོན་ཡོད་པ་དང་། ཏང་གི་འབད་འཐབ་ལོ་རྒྱུས་དང་། རང་སྲོག་བློས་གཏོང་རྒྱུར་མི་སྐྲག་པའི་ལོ་རྒྱུས། རིགས་པའི་གཞུང་ལུགས་འཚོལ་ཞིབ་ལོ་རྒྱུས། དམངས་ལ་བདེ་སྐྱིད་སྐྲུན་པའི་ལོ་རྒྱུས། རང་ངོས་འཛུགས་སྐྱོང་གི་ལོ་རྒྱུས་བཅས་ཞིབ་པར་མངོན་ཡོད། སྤྱི་ཚེས་19ཉིན། ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་འགྲེམས་སྟོན་ཁང་དུ་ཆེད་དོན་ལྟ་སྐོར་ཐེངས་དང་པོ་གཉེར་ཡོད་པ་དང་། ལྟ་སྐོར་བ་ཝང་ཧའོ་ཡིས། ལྟ་སྐོར་དང་སློབ་སྦྱོང་བྱས་པ་བརྒྱུད་རང་རེའི་ཏང་གིས་སྙིང་རུས་ལ་བརྟེན་ནས་ཐོག་མའི་བསམ་འདུན་མ་སྲུང་བ་དང་འབད་འཐབ་ལ་བརྟེན་ནས་འགན་འཁྲི་འཁུར་བ། གསར་བརྗེའི་ཕུགས་བསམ་གནམ་ལས་མཐོ་བའི་ཞུམ་མེད་ཀྱི་བློ་སྟོབས་ལ་བརྟེན་ནས་དཔལ་འབྱོར་དང་སྤྱི་ཚོགས་མགྱོགས་མྱུར་གོང་འཕེལ་དང་སྤྱི་ཚོགས་ཡུན་རིང་བརྟན་ལྷིང་གི་རླབས་ཆེའི་བྱས་རྗེས་ངོ་མཚར་ཅན་བཏོད་ཡོད་པའི་མྱོང་ཚོར་སྔར་བས་ཟབ་པ་བྱུང་ཞེས་བཤད་ཡོད་པ་རེད། 
    ཚང་མས། ལྟ་སྐོར་དང་སློབ་སྦྱོང་བྱས་པ་བརྒྱུད་སྔར་བས་རང་རྟོགས་ངང་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོ་ངེས་ནས། བསྒྱུར་བཅོས་དང་གོང་འཕེལ། བརྟན་ལྷིང་བཅས་ཀྱི་ལས་དོན་ཁག་སྒོ་ཀུན་ནས་ཡག་པོ་བསྒྲུབ་པ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་དང་ཀྲུང་ཧྭ་མི་རིགས་རླབས་ཆེའི་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་བརྗིད་ཆེའི་སྟོབས་ཤུགས་གཅིག་ཏུ་སྡུད་དགོས་ཞེས་གཅིག་རྗེས་གཉིས་མཐུད་ངང་བརྗོད་ཡོད་པ་རེད། ལྟ་སྐོར་བ་མོང་ཁུན་ཡུས་ཀྱིས། སྤྱི་ཁྱབ་ཧྲུའུ་ཅིས་ཏང་ཡོན་ཞིག་ཡིན་པའི་ངོས་ནས་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་དར་སྤེལ་དང་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་བྱེད་དགོས་ཞེས་གསུངས་གནང་ཡོད། ཏང་ཡོན་དང་མི་དམངས་ཉེན་རྟོག་པ་ཞིག་ཡིན་པའི་ངོས་ནས། ངས་བྱེད་འོས་ཤོས་ནི་ཏང་ལ་བློ་དཀར་སེམས་དཀར་དང་། ལས་བཀུར་ལེགས་སྐྱེས་འབུལ་བ། ཆེས་སྤྱིར་བཏང་གི་ལས་གནས་ཐོག་སྤྱིར་བཏང་མིན་པའི་ལས་ཀ་བསྒྲུབ་རྒྱུ་དེ་ཡིན་ཞེས་བཤད་ཡོད་པ་རེད། 
    ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་འགྲེམས་སྟོན་ཁང་གི་འགྲེལ་བཤད་པ་ཀྲང་དབྱི་ཡིས། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅིས་གསུངས་པ་བཞིན་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་། བསམ་བློ་རྟོགས་པ། བྱ་བ་དངོས་སྒྲུབ་པ་བཅས་བྱས་ནས་རྣམ་པ་གསར་པ་གཏོད་དགོས། དུས་རབས་གསར་པའི་འགྲེལ་བཤད་པ་ཞིག་ཡིན་པའི་ངོས་ནས། ངས་རང་ཉིད་ཀྱི་འབད་བརྩོན་ལ་བརྟེན་ནས་གསར་བརྗེའི་གཞི་རྒྱུ་མི་རབས་ནས་མི་རབས་བར་རྒྱུན་འཛིན་ཐུབ་པའི་རེ་བ་བྱེད་ཀྱི་ཡོད་ཅེས་བཤད་ཡོད། 
    ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་འགྲེམས་སྟོན་ཁང་གྲབས་འཛུགས་བྱེད་པའི་དུས་ཡུན་ལོ་གསུམ་ལྷག་ཙམ་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ལོ་རྒྱུས་ཁང་འཛུགས་སྐྲུན་བྱེད་པའི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་བ་དང་། སྐུ་ངོ་མས་ཇུས་འགོད་དང་བྱམས་བརྩེའི་ཐུགས་ཁུར་གནང་བ། ལས་དོན་སྙན་ཞུ་ཐེངས་མང་གསན་པ། མཛུབ་སྟོན་གལ་ཆེན་གནང་བ་བཅས་ཀྱིས་ལས་གྲྭ་འཛུགས་སྐྲུན་ལ་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། ལོ་གསུམ་ལྷག་ཙམ་རིང་། འཛུགས་སྐྲུན་ནང་ཞུགས་མཁན་ཚན་པ་དང་འབྲེལ་ཡོད་ཕྱོགས་ཁག་གིས་དཀའ་སྤྱད་འབད་འཐབ་དང་། སྙིང་རུས་ཆེན་པོས་བརྩོན་ལེན། མཐུན་སྦྱོར་འགག་སྒྲོལ། ལེགས་ཐོག་ལེགས་འཚོལ་བཅས་བྱས་ནས། ཀྲུང་གོ་གུང་ཁྲན་ཏང་གི་འབད་འཐབ་ལོ་རྒྱུས་ཀྱི་སྙིང་སྟོབས་ངོམས་པའི་བསམ་པའི་ཕོ་བྲང་དེ་ཐུན་མོང་ཐོག་ལེགས་སྒྲུབ་བྱས་ཡོད། མཁའ་དབྱིངས་ནས་བལྟས་ཚེ། འགྲེམས་ཁང་གི་བཟོ་ལྟ་དེ་རྒྱ་ཡིག་གི་བཟོ་པ་ཞེས་པའི་མིང་ཚིག་དེའི་ནང་གི་བཟོ་ཡི་བཟོ་ལྟ་མངོན་པ་དེའི་ཐོག་ནས་ཀྲུང་གོ་གུང་ཁྲན་ཏང་ནི་ཀྲུང་གོའི་བཟོ་པའི་གྲལ་རིམ་གྱི་གདོང་ལེན་རུ་ཁག་དང་། ཀྲུང་གོ་མི་དམངས་དང་ཀྲུང་ཧྭ་མི་རིགས་ཀྱི་གདོང་ལེན་རུ་ཁག་ཅིག་ཡིན་པ་མཚོན་ཡོད། ཕྱི་དབྱིབས་ནི་སྲོལ་རྒྱུན་གྱི་ཀ་རྟེན་རྣམ་པའི་གྲུབ་ཆ་སྤྱད་དེ། གྲུ་བཞི་ཉམས་དོད་པ་དང་། བབ་ཆགས་པ་ཞིག་ཡོད་པ་དང་། ཤར་ནུབ་ཕྱོགས་གཉིས་སུ་ཀ་བ་28བཙུགས་ཡོད་པ་དེས་ཀྲུང་གོ་གུང་ཁྲན་ཏང་གིས་ལོ་28རིང་ཁྲག་བཏོན་དམར་འཛིང་བྱས་པ་བརྒྱུད་ཀྲུང་གོ་གསར་པ་བཙུགས་པ་དེ་མཚོན་གྱི་ཡོད་པ་རེད།
    ཐང་ཆེན་ཐོག་བརྗོད་དོན་གཙོ་བོའི་འཇིམ་བརྐོས་ཆེ་གྲས་ལྔ་བརྗིད་ཉམས་ཆེ་ལ་ཡིད་དབང་འཕྲོག་པ་ཞིག་ཡོད། ཏང་དར་འཇིམ་བརྐོས་ཆེ་གྲས《དར་ཆ》ཞེས་པ་ལས་དར་ཆ་ནི་ཁ་ཕྱོགས་དང་། དར་ཆ་ནི་སྟོབས་ཤུགས་ཡིན་པ་མངོན་ཡོད། 《དད་མོས》དང་།《རླབས་ཆེན་བྱ་བཞག》《འགག་སྒྲོལ》《ཕུགས་འདུན་དོན་གཉེར》བཅས་འཇིམ་རྐོས་ཆེ་གྲས་བཞི་ཡིས་ཁག་སོ་སོར་“རླབས་ཆེན་བཞིའི”བརྗོད་དོན་ལ་གཞིགས་ཡོད་ཅིང་། མི་སྣ་276དང་གཡང་ཊི་དཀར་པོ་583གྱིས་ཀྲུང་གོ་གུང་ཁྲན་ཏང་གིས་ལོ་བརྒྱ་ཡི་རིང་མི་དམངས་ལ་བདེ་སྐྱིད་བསྐྲུན་པ་དང་མི་རིགས་བསྐྱར་དར་ཆེད་འབད་འཐབ་བྱས་པའི་ལོ་རྒྱུས་བཀོད་ཡོད་པ་རེད། 
    ད་ཆ། ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་འགྲེམས་སྟོན་ཁང་དེ་མེས་རྒྱལ་གྱི་ས་གཞི་ཆེན་མོའི་ཐོག་མཚོན་རྟགས་རང་བཞིན་གྱི་འཛུགས་སྐྲུན་ཞིག་དང་རྒྱལ་ས་པེ་ཅིང་གི་གསར་བརྗེའི་མངོན་རྟགས་ཤིག་ཏུ་གྱུར་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1