ཀྲུང་གོ་གུང་ཁྲན་ཏང་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་དེ་2014ལོའི་སྤྱི་ཟླ་10པའི་ཚེས་20ཉིན་ནས་ཚེས་23ཉིན་བར་པེ་ཅིང་དུ་རྒྱལ་ཁའི་ངང་འཚོགས། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་《ཀྲུང་གུང་ཀྲུང་དབྱང་གི་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་ཕྱོགས་ཡོངས་ནས་སྐུལ་སྤེལ་གཏོང་བའི་གནད་དོན་གལ་ཆེན་འགའི་སྐོར་གྱི་ཆོད་དོན།》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་། 《གྲོས་ཆོད།》འདི་ནི་ཀྲུང་དབྱང་ཆབ་སྲིད་ཅུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་དབུ་ཁྲིད་འོག ཆེད་དོན་རྟོག་ཞིབ་དང་གྲོས་བསྡུར་བཅོས་སྒྲིག་ཐེངས་མང་པོར་བྱས་པར་བརྒྱུད་ནས་ཏང་ཕྱི་ནང་དུ་བསམ་འཆར་བསྡུ་ལེན་བྱས་ཏེ་གཏན་འབེབས་བྱས་པ་རེད། འདི་ཉིད་གཏན་ལ་འབེབས་པའི་བརྒྱུད་རིམ་ནི་བསམ་བློ་བཅིངས་འགྲོལ་གང་ཟབ་དང་། དམངས་གཙོ་དར་སྤེལ་གང་ལེགས་བཏང་བའི་བརྒྱུད་རིམ་ཞིག་ཡིན་ལ། ཚན་རིག་དང་མཐུན་པའི་ཐབས་ཇུས་དང་། དམངས་གཙོའི་ཐབས་ཇུས་ཀྱི་དཔེ་མཚོན་ཡང་ཡིན། ཏང་ཡོངས་དང་སྤྱི་ཚོགས་ཡོངས་ཀྱི་རྒྱ་ཆེ་བའི་ཐུན་མོང་གི་ལྟ་ཚུལ་གཅིག་ཏུ་འགྲིལ་ཡོད།
《 གྲོས་ཆོད།》འདི་ནི་རང་རེ་ཏང་གི་ལོ་རྒྱུས་ཐོག་ཏུ་ཁྲིམས་སྐྱོང་འཛུགས་སྐྲུན་ལ་ཤུགས་སྣོན་བྱ་རྒྱུའི་སྐོར་གྱི་ཆེད་དོན་ཐག་གཅོད་ཐོག་མ་དེ་ཡིན་ཞིང་། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་གང་ལེགས་མཚོན་པར་བྱས་ཡོད་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གལ་ཆེ་བའི་གསུང་བཤད་རབ་དང་རིམ་པའི་དགོངས་དོན་མཚོན་པར་བྱས་ཡོད། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་དང་། ཕྱོགས་ཡོངས་ནས་བཅོས་བསྒྱུར་ཟབ་སྤེལ། ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་སྐུལ་སྤེལ་གཏོང་བ་སྟེ་ཕྱོགས་ཡོངས་ནས་གསུམ་གྱི་གཏན་ཚིགས་འབྲེལ་བ་མཚོན་པར་བྱས་ཡོད། ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་གལ་ཆེ་བའི་རིགས་པའི་གཞུང་ལུགས་དང་དངོས་ཡོད་ཀྱི་གནད་དོན་རབ་དང་རིམ་པར་ལན་གསལ་མོར་འདེབས་ཡོད་ལ་རྣམ་པ་གསར་པའི་འོག་གི་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་རྩ་འཛིན་རང་བཞིན་གྱི་ཡིག་ཆ་ཞིག་ཡིན། 《 གྲོས་ཆོད།》འདི་ཉིད་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་དང་། ཀྲུང་ཧྭ་མི་རིགས་རླབས་ཆེ་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་དུ་འགྱུར་བར་གལ་ཆེ་ལ་རྒྱུན་རིང་བའི་དོན་སྙིང་ལྡན་ཡོད།
《 གྲོས་ཆོད།》ལས་མིག་སྔར་ཁྲིམས་སྐྱོང་ལས་ཀའི་རྩ་བའི་ཆགས་སྟངས་ངོས་ནས་ཡིག་ཆའི་གྲུབ་ཚུལ་ལྟར་བསྒྲིགས་པར་གྲུབ་ཆ་ཆེན་མོ་གསུམ་དུ་བགར་ཡོད་པ་སྟེ། གྲུབ་ཆ་དང་པོ་ནི་འགོ་བརྗོད་དང་ལེའུ་དང་པོ་ཡིན་ཞིང་སྤྱིའི་གླེང་གཞི་ཡིན། གཙོ་བོ་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་གལ་ཆེ་བའི་དོན་སྙིང་དང་། བསམ་བློའི་མཛུབ་སྟོན། སྤྱིའི་དམིགས་འབེན་དང་རྩ་དོན་བཅས་ལ་གསལ་བཤད་བྱས་ཡོད། ལེའུ་གཉིས་པ་ནས་ལེའུ་ལྔ་པའི་བར་ནི་གྲུབ་ཆ་གཉིས་པ་ཡིན་ཞིང་། ཚན་རིག་དང་མཐུན་པའི་ཁྲིམས་འཛུགས་པ་དང་། ཁྲིམས་ནན་མོ་སྐྱོང་བ། ཁྲིམས་འཛིན་འདྲ་མཉམ་དང་། དམངས་ཡོངས་ཀྱིས་ཁྲིམས་སྲུང་རྒྱུའི་སྐོར་ཁག་དབྱེ་སྟེ་རྒྱས་བཤད་དང་བཀོད་སྒྲིག་བྱས་ཡོད། ལེའུ་དྲུག་པ་དང་བདུན་པ། མཇུག་བྱང་བཅས་ནི་གྲུབ་ཆ་གསུམ་པ་ཡིན་ལ་ཁྲིམས་འཛིན་ལས་སྒྲུབ་དཔུང་སྡེ་འཛུགས་སྐྲུན་ལ་ཤུགས་སྣོན་དང་། ཏང་གིས་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་དབུ་ཁྲིད་ལ་ཤུགས་སྣོན་དང་ལེགས་བཅོས། མཇུག་ཏུ་ཏང་ཡོངས་དང་རྒྱལ་ཡོངས་ཀྱིས་ཁྲིམས་སྐྱོང་ཀྲུང་གོ་འཛུགས་པར་འབད་པ་ལྷོད་མེད་བྱ་དགོས་པར་སྐུལ་མ་བྱས་ཡོད་པ་བཅས་སོ།།
ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སྒྲོག་འགྲེལ་བྱ་བར་གལ་ཆེའི་ནང་དོན་ཁག་ལྔ་ངེས་པར་དུ་ཁོང་དུ་ཆུད་པར་བྱ་དགོས་ཏེ།
གཅིག ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་འགངས་ཆེའི་དོན་སྙིང་ལ་ངོས་འཛིན་ཟབ་མོ་ཡོད་དགོས།
ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་《 གྲོས་ཆོད།》ཀྱི་ནང་དུ་འབྲེལ་བ་གསུམ་ཞེས་པ་བཏོན་ཡོད་པ་དང་། (ང་ཚོ་ཏང་གི་སྲིད་འཛིན་རྒྱལ་ཁབ་དར་རྒྱས་དང་འབྲེལ་བ་ཡོད་ལ། མི་དམངས་ཀྱི་བདེ་སྐྱིད་དང་འབྲེལ་བ་ཡོད་པར་མ་ཟད། ཏང་དང་རྒྱལ་ཁབ་ཀྱི་ཡུན་རིང་བདེ་འགོད་ལའང་འབྲེལ་བ་ཡོད།)ཕྱོགས་ཡོངས་ནས་གསུམ་ཞེས་པ་བཏོན་ཡོད་དེ། (ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པ་དང་། ཕྱོགས་ཡོངས་ནས་བཅོས་བསྒྱུར་ཟབ་སྤེལ། ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་སྐུལ་སྤེལ་གཏོང་བ།)སྔར་ལས་ལྷག་པ་བཞི་བཏོན་ཡོད་པ་ནི། (རྒྱལ་ནང་དང་རྒྱལ་སྤྱིའི་ཆེ་ཕྱོགས་གཉིས་ལ་སྔར་ལས་གཅིག་གྱུར་སྒོས་འཆར་འགོད་བཟང་པོ་བྱེད་པ་དང་། རང་རྒྱལ་འཕེལ་རྒྱས་ཀྱི་འཐབ་ཇུས་ཀྱི་གོ་སྐབས་གལ་ཆེན་ལ་སྔར་ལས་སྲུང་སྐྱོབ་དང་བཀོལ་སྤྱོད་བཟང་པོ་བྱེད་པ། སྤྱི་ཚོགས་ཀྱི་སྟོབས་ཤུགས་སྔར་ལས་འཆར་འགོད་བཟང་པོ་བྱེད་པ་དང་། སྤྱི་ཚོགས་ཀྱི་ཁེ་ཕན་དོ་མཉམ་ཡོང་བར་བྱེད་པ། སྤྱི་ཚོགས་ཀྱི་འབྲེལ་བ་མཐུན་སྦྱོར་ཡོང་བར་བྱེད་པ། སྤྱི་ཚོགས་ཀྱི་བྱ་སྤྱོད་ཚད་ལྡན་དུ་གཏོང་བ་བཅས་བྱས་ནས། སྔར་ལས་ལྷག་པའི་ཁྲིམས་སྐྱོང་སྣེ་ཁྲིད་དང་ཚད་ལྡན་གྱི་ནུས་པ་སྔར་ལས་འདོན་སྤེལ་བཟང་བོ་བྱེད་དགོས།) ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་འགངས་ཆེའི་དོན་སྙིང་ལ་གསལ་བཤད་ཟབ་མོར་བྱས་ཡོད།
(གཅིག ) ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་སྐུལ་སྤེལ་གཏོང་བ་ནི་རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་ཁྲིམས་སྐྱོང་འཛུགས་སྐྲུན་གྱི་རྒྱལ་ཁའི་ཉམས་མྱོང་དང་བསླབ་བྱ་ཟབ་མོ་ལས་ཐོན་པའི་འགངས་ཆེའི་གདམ་ག་ཞིག་ཡིན། རང་རེ་ཏང་གིས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་གནད་དོན་གྱི་ངོས་འཛིན་མུ་མཐུད་ནས་ཇེ་ཟབ་ཏུ་གཏོང་བའི་ལོ་རྒྱུས་ཀྱི་བརྒྱུད་རིམ་ཞིག་བརྒྱུད་མྱངས་ཡོད། ཀྲུང་གོ་གསར་པ་དབུ་བརྙེས་པའི་ཐོག་མའི་དུས་རིམ་དུ། རང་རེ་ཏང་གིས་ཁྲིམས་རྒྱུན་རྙིང་པ་རྣམས་མེད་པར་བཏང་བའི་དུས་མཚུངས་སུ། སྤྱི་ཚོགས་རིང་ལུགས་ཁྲིམས་སྐྱོང་གི་དུས་རབས་གསར་པ་ཞིག་གི་སྒོ་འཕར་ཕྱེས་ཏེ་སྤྱི་ཚོགས་རིང་ལུགས་ཁྲིམས་སྐྱོང་གི་རྨང་གཞི་ཐོག་མར་བཏིང་། རྗེས་ཕྱོགས་ཀྱི་དུས་སྐབས་ཤིག་གི་རིང་དུ། ཏང་གི་མཛུབ་སྟོན་བསམ་བློར་གཡོན་ཐལ་གྱི་ནོར་འཁྲུལ་ཤོར་བས་རིམ་གྱིས་ཁྲིམས་སྐྱོང་ལ་མཐོང་ཆེན་དེ་ཙམ་མ་བྱས་པས་རང་རྒྱལ་གྱི་ཁྲིམས་སྐྱོང་འཛུགས་སྐྲུན་དེ་འཁྱོག་ལམ་ཆེན་པོ་ཞིག་ཏུ་བརྒྱུད་པ་རེད། ལྷག་པར་དུ་རིག་གནས་གསར་བརྗེ་ཆེན་པོའི་ལོ་བཅུའི་གཡོ་འགུལ་ཁྲོད་དུ་ཁྲིམས་སྐྱོང་ལ་གཏོར་བརླག་ཚབས་ཆེན་ཕོག་ནས་གོད་ཆག་ཆེན་པོ་ཐེབས་ཡོད། ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་ཚུན། རང་རེ་ཏང་གིས་སྤྱི་ཚོགས་རིང་ལུགས་ཁྲིམས་སྐྱོང་འཛུགས་སྐྲུན་གྱི་ཉམས་མྱོང་དང་བསླབ་བྱ་ལ་ཕྱོགས་བསྡོམས་ཟབ་མོར་བྱས་ཏེ། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་དེ་ཏང་གིས་མི་དམངས་སྣེ་ཁྲིད་དེ་རྒྱལ་ཁབ་སྐྱོང་བའི་གཞི་རྩའི་ཇུས་གཞི་རུ་གཏན་འཁེལ་བྱས་པ་དང་། ཁྲིམས་སྐྱོང་བ་དེ་ཏང་གིས་རྒྱལ་སྐྱོང་སྲིད་འཛིན་གྱི་གཞི་རྩའི་བྱེད་སྟངས་སུ་གཏན་འཁེལ་བྱས་པར་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཁྲིམས་སྐྱོང་གི་ལམ་བུ་ཞིག་ཏུ་བརྒྱུད་པ་དང་། བཅོས་བསྒྱུར་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་བྱེད་པར་འགངས་ཆེའི་འགན་སྲུང་མཁོ་འདོན་བྱས་ཡོད། ཉམས་མྱོང་དང་བསླབ་བྱ་ལས་ང་ཚོར་ངོས་འཛིན་ཟབ་མོ་ཐོབ་ཡོད་པ་ནི་ཁྲིམས་སྐྱོང་ནི་རྒྱལ་སྐྱོང་སྲིད་འཛིན་ལ་མེད་དུ་མི་རུང་བའི་འགངས་ཆེ་བའི་བྱེད་ཐབས་ཤིག་ཡིན། ཁྲིམས་སྐྱོང་ལེགས་ན་རྒྱལ་ཁབ་དར།། ཁྲིམས་སྐྱོང་ཉམས་པས་རྒྱལ་ཁབ་རྒུད། །རང་རེ་ཏང་གིས་མི་གྲངས་དུང་ཕྱུར་13ཡོད་པའི་རྒྱལ་ཁབ་ཆེན་པོར་རྒྱུན་རིང་བར་སྲིད་སྐྱོང་དགོས་པ་དང་རྒྱལ་ཁབ་གཅིག་གྱུར་ཡོང་བར་ཁག་ཐེག་དང་། དཔལ་འབྱོར་འཕེལ་རྒྱས་མངོན་དུ་འགྱུར་བ། ཆབ་སྲིད་གོ་རིམ་ལྡན་པ། རིག་གནས་དར་ཞིང་རྒྱས་པ། སྤྱི་ཚོགས་དྲང་བདེན་དྲང་གཞག སྐྱེ་ཁམས་བཟང་པོ་ཡོང་བར་ངེས་པར་དུ་བློ་བརྟན་འགྱུར་མེད་སྒོས་ནན་ཏན་གྱིས་ཁྲིམས་སྐྱོང་དགོས་པ་དང་། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་དགོས།
(གཉིས།)ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པ་དང་ཕྱོགས་ཡོངས་ནས་བཅོས་བསྒྱུར་ཟབ་སྤེལ་བྱེད་པའི་འགངས་ཆེ་བའི་འགན་སྲུང་ཡིན། མིག་སྔར། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པར་ཐག་གཅོད་རང་བཞིན་གྱི་དུས་རིམ་དུ་སླེབས་ཡོད་ལ། བཅོས་བསྒྱུར་ལས་ཀ་གནད་འགག་གི་དུས་སུ་སླེབས་པ་དང་། རྒྱལ་སྤྱིའི་གནས་བབ་རྙོག་འཛིང་ཆེ་ཞིང་འགྱུར་ལྡོག་མང་བས། ང་ཚོའི་བཅོས་བསྒྱུར་དང་འཕེལ་རྒྱས། བརྟན་བརླིང་བཅས་ཀྱི་ལས་འགན་སྔར་ལས་ལྗིད་པ་དང་། འགལ་བ་དང་ཉེན་ཁ། འགྲན་རྩོད་བཅས་སྔར་ལས་མང་བས། མི་དམངས་མང་ཚོགས་ཀྱིས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་རྒྱུར་རེ་འདུན་དང་བླང་བྱ་སྔར་ལས་མང་བས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་དེ་ཏང་དང་རྒྱལ་ཁབ་ཀྱི་ལས་ཀའི་ཁྱོན་ཡོངས་ཀྱི་ཁྲོད་ཟིན་པའི་གོ་གནས་སྔར་ལས་འབུར་ཐོན་དང་། ནུས་པ་སྔར་ལས་གལ་ཆེན་དུ་གྱུར་ཡོད། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པ་དང་ཕྱོགས་ཡོངས་ནས་བཅོས་བསྒྱུར་ཟབ་སྤེལ་བྱེད་པའི་དགོས་ངེས་ཀྱི་བླང་བྱ་ཡིན་ཞིང་ཕྱོགས་ཡོངས་ནས་བཅོས་བསྒྱུར་ཟབ་སྤེལ་བྱེད་པའི་གཞི་སྒྲོམ་འོག་ཏུ་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་ལས་ཀ་ཁག་ཕྱོགས་ཡོངས་ནས་སྐུལ་སྤེལ་གཏོང་བར་ཕན་པ་ཡོད་ལ་ཁྲིམས་སྐྱོང་གི་ལུགས་སྲོལ་སྟེང་ནས་མུ་མཐུད་དུ་བཅོས་བསྒྱུར་ཟབ་སྤེལ་བྱ་རྒྱུར་ཕན་པ་ཡོད།
(གསུམ།) ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་སྐུལ་སྤེལ་གཏོང་བ་ནི་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་དུ་འགྱུར་བ་དང་། ཏང་དང་རྒྱལ་ཁབ་ཡུན་རིང་བདེ་འགོད་ཡོང་བར་ཁག་ཐེག་བྱེད་པའི་རྒྱུན་རིང་གི་བསམ་གཞིགས་ཤིག་ཡིན། ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་བཀོད་སྒྲིག་བྱས་པ་ནི་ རང་རྒྱལ་གྱི་བཅོས་བསྒྱུར་དང་འཕེལ་རྒྱས། བརྟན་བརླིང་བཅས་ལ་འཕྲད་པའི་འགལ་བ་དང་གནད་དོན་གྱི་དོན་དངོས་ཀྱི་ཉམས་དཔྱད་ཞིག་ཡིན་ལ་རྒྱུན་རིང་བའི་འཐབ་ཇུས་ལ་འཆར་འགོད་བྱས་པ་ཞིག་ཡིན། 2020ལོར་བདེ་བླག་ངང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་དམིགས་འབེན་མངོན་དུ་འགྱུར་རྗེས། ཅི་འདྲའི་སྒོ་ནས་རང་རེ་ཏང་གིས་རྒྱུན་རིང་གི་སྲིད་སྐྱོང་བ་མངོན་དུ་འགྱུར་བ་དང་། རྒྱལ་ཡོངས་མི་དམངས་སྣེ་ཁྲིད་དེ་འབད་འཐབ་བྱ་ཡུལ་གྱི་དམིགས་འབེན་གསར་པར་ཁ་ཕྱོགས་ཏེ་མདུན་དུ་བསྐྱོད་དེ་དཔལ་འབྱོར་སྤྱི་ཚོགས་རྒྱུན་མཐུད་བདེ་བླག་ངང་འཕེལ་རྒྱས་ཡོང་བ་དང་། ཏང་དང་རྒྱལ་ཁབ་ཀྱི་ཡུན་སྐྱོང་བདེ་འགོད་མངོན་འགྱུར་ཡོང་བ། ལོ་བརྒྱ་གཉིས་ཀྱི་འབད་འཐབ་དམིགས་འབེན་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་དུ་འགྱུར་བ་བཅས་ནི་ང་ཚོས་མནོ་བསམ་ཞིབ་མོ་གཏོང་བ་དང་ལན་འདེབས་དགོས་པའི་འགངས་ཆེ་བའི་གནད་དོན་རེད། རྒྱལ་ཁབ་དང་སྤྱི་ཚོགས་བཅོས་སྐྱོང་བྱ་བར་གཙོ་བོར་ལུགས་སྲོལ་འཛུགས་དགོས་པ་དང་། ཚུལ་དང་ལྡན་དགོས་ཞིང་ཚུལ་དང་མཐུན་དགོས། རྩ་ཁྲིམས་ནི་རྒྱལ་སྐྱོང་སྲིད་འཛིན་བྱེད་པར་ཆེས་ཆེ་བ་དང་། ཆེས་གལ་ཆེ་བའི་ལུགས་སྲོལ་ཡིན། ལོ་རྒྱུས་དང་ལག་ལེན་གཉིས་ཀྱིས་ང་ཚོར་སློབ་སྟོན་གནང་ཡོད་པར། བུ་རབས་ཚ་རྒྱུད་དང་རྒྱུན་རིང་གི་འཕེལ་རྒྱས་ཀྱི་ཆེད་དུ་འཆར་འགོད་བྱ་དགོས་ཤིང་རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་ནུས་ལྡན་གྱི་དེང་རབས་ཅན་བཅོས་སྐྱོང་བྱ་བར་སྐུལ་སྤེལ་ཡོང་ཆེད་ངེས་པར་དུ་བློ་བརྟན་འགྱུར་མེད་སྒོས་ནན་ཏན་གྱིས་ཁྲིམས་སྐྱོང་བ་དང་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་སྐུལ་སྤེལ་གཏོང་སྟེ་ཏང་དང་རྒྱལ་ཁབ་ཀྱི་ལས་རིགས་འཕེལ་རྒྱས་ཡོང་བར་གཞི་རྩའི་རང་བཞིན་དང་། ཁྱོན་ཡོངས་ཀྱི་རང་བཞིན། རྒྱུན་རིང་གི་རང་བཞིན་ལྡན་པའི་ལམས་ལུགས་འདོན་སྤྲོད་བྱེད་དགོས།
གཉིས། ཚད་ལྡན་སྒོས་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་མཛུབ་སྟོན་བསམ་བློ་དང་། སྤྱིའི་དམིགས་འབེན། རྩ་བའི་རྩ་དོན་བཅས་ཤེས་རྟོགས་བྱ་དགོས།
《 གྲོས་ཆོད།》ནང་དུ་ ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་མཛུབ་སྟོན་བསམ་བློ་བཏོན་ཡོད་པ་སྟེ། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་དང་ཐེངས་གཉིས་པ། ཐེངས་གསུམ་པ་བཅས་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་བྱས་ནས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་གྱི་དར་ཆ་མཐོན་པོར་བསྒྲེངས་པ་དང་། ཏེན་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང་མཚོན་བྱེད་གསུམ་གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་་འཕེལ་རྒྱས་ལྟ་བ་བཅས་མཛུབ་སྟོན་དུ་བཟུང་སྟེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱས་ནས། ཏང་གིས་དབུ་ཁྲིད་པ་དང་མི་དམངས་ཀྱི་རང་ཁྱིམ་རང་བདག་བྱེད་པ། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་དང་གཅིག་གྱུར་བྱེད་པ་བཅས་རྒྱུན་འཁྱོངས་བྱེད་དགོས་ལ། བློ་བརྟན་འགྱུར་མེད་སྒོས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཁྲིམས་སྐྱོང་བགྲོད་ལམ་དུ་སྐྱོད་པ་དང་། རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་དབང་གྲགས་མཐའ་གཅིག་ཏུ་སྲུང་སྐྱོབ་བྱེད་དགོས་པར་མ་ཟད། ཁྲིམས་ལྟར་མི་དམངས་ཀྱི་ཁེ་དབང་དང་སྤྱི་ཚོགས་ཀྱི་འདྲ་མཉམ་དྲང་བདེན། རྒྱལ་ཁབ་ཀྱི་བདེ་འཇགས་དང་བརྟན་བརླིང་བཅས་སྲུང་སྐྱོབ་བྱས་ནས། ལོ་བརྒྱ་གཉིས་ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པ་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་སྟོབས་དང་ལྡན་པའི་ཁྲིམས་སྐྱོང་འགན་སྲུང་འདོན་སྤྲོད་བྱེད་དགོས།
《 གྲོས་ཆོད།》ཀྱིས་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་སྐུལ་སྤེལ་གཏོང་བའི་སྤྱིའི་དམིགས་འབེན་བཏོན་ཡོད་ཅིང་། དེ་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་མ་ལག་འཛུགས་སྐྲུན་བྱེད་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རྒྱལ་ཁབ་འཛུགས་སྐྲུན་བྱེད་རྒྱུ་དེ་ཡིན། སྒྲོག་འགྲེལ་ཁྲོད་དུ་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་བཅོས་སྐྱོང་བྱེད་པར་སྐུལ་སྤེལ་གཏོང་བའི་རྩ་བའི་ཆབ་སྲིད་ཁ་ཕྱོགས་(ཀྲུང་གོ་གུང་ཁྲན་ཏང་གི་དབུ་ཁྲིད་འོག ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལམ་ལུགས་རྒྱུན་འཁྱོངས་བྱེད་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རིགས་གཞུང་ལག་བསྟར་བྱེད་པ།)དམ་པོར་འཛིན་དགོས་པ་དང་། ཁྲིམས་སྐྱོང་མ་ལག་ཆེན་པོ་ལྔ་(ཆ་ཚང་བའི་བཅའ་ཁྲིམས་ཚད་ལྡན་མ་ལག་དང་ཕན་འབྲས་མཐོ་བའི་ཁྲིམས་སྐྱོང་ལག་བསྟར་མ་ལག ཚགས་དམ་པའི་ཁྲིམས་སྐྱོང་ལྟ་རྟོག་མ་ལག ནུས་པ་ལྡན་པའི་ཁྲིམས་སྐྱོང་འགན་སྲུང་མ་ལག འཐུས་སྒོ་ཚང་བའི་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་མ་ལག)འཛུགས་པའི་ལས་འགན་གཙོ་བོ་དང་། མཉམ་དུ་སྐུལ་སྤེལ་བྱེད་པ་གསུམ། གཞི་གཅིག་འཛུགས་སྐྲུན་བྱེད་པ་གསུམ་གྱི་ལས་ཀའི་བཀོད་སྒྲིག་བྱེད་ཚུལ།(ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་དང་ཁྲིམས་ལྟར་སྲིད་སྐྱོང་བ། ཁྲིམས་ལྟར་སྲིད་འཛིན་པ་བཅས་མཉམ་གཅིག་སྐུལ་སྤེལ་གཏོང་བ་རྒྱུན་འཁྱོངས་བྱེད་པ་དང་། ཁྲིམས་སྐྱོང་རྒྱལ་ཁབ་དང་ཁྲིམས་སྐྱོང་སྲིད་གཞུང་། ཁྲིམས་སྐྱོང་སྤྱི་ཚོགས་བཅས་གཞི་གཅིག་འཛུགས་སྐྲུན་རྒྱུན་འཁྱོངས་བྱེད་པ།)ཚན་རིག་དང་མཐུན་པར་ཁྲིམས་འཛུགས་པ་དང་་ཁྲིམས་སྐྱོང་ནན་མོ་བྱེད་པ། འདྲ་མཉམ་ཁྲིམས་འཛིན། དམངས་ཡོངས་ཀྱིས་ཁྲིམས་སྲུང་བའི་གཞི་རྩའི་རེ་འདུན་འཛུགས་དགོས། གཏིང་ཟབ་པའི་སྒོ་ནས་སྒྲོག་འགྲེལ་ལས་ཀ་བརྒྱུད་རྒྱ་ཆེ་བའི་ལས་བྱེད་པ་དང་མང་ཚོགས་ལ་ཁྲིད་སྟོན་བྱས་ཏེ། སྤྱིའི་དམིགས་འབེན་གྱི་ཕུན་སུམ་ཚོགས་པའི་གོ་དོན་ལ་རྒྱུས་ལོན་གཏིང་ཟབ་དང་ཕྱོགས་ཡོངས་ནས་ཁོང་དུ་ཆུད་པར་འཇུག་རྒྱུ། ཁྲིམས་སྐྱོང་ཅན་འཕེལ་རིམ་གྱི་ལག་ལེན་དངོས་སྐུལ་སྤེལ་བྱེད་པར་ཧུར་ཐག་གིས་ཞུགས་ཏེ། ཁྲིམས་སྐྱོང་ཀྲུང་གོ་དང་ཁྲིམས་སྐྱོང་སི་ཁྲོན་གྱི་ས་མཚམས་གསར་པ་རྒྱུན་ཆད་མེད་པར་གསར་གཏོད་བྱ་དགོས་པར་གོ་བ་ཟབ་མོ་ལོན་དུ་འཇུག་དགོས།
《 གྲོས་ཆོད།》ཀྱིས་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་སྐུལ་སྤེལ་གཏོང་བའི་གཞི་རྩའི་རྩ་དོན་ལྔ་བཏོན་ཡོད་དེ། ངེས་པར་དུ་ཀྲུང་གོ་གུང་ཁྲན་ཏང་གི་དབུ་ཁྲིད་རྒྱུན་འཁྱོངས་བྱེད་པ་དང་། མི་དམངས་གཙོར་འཛིན་པའི་གོ་གནས་རྒྱུན་འཁྱོངས་བྱེད་པ། བཅའ་ཁྲིམས་ཀྱི་མདུན་དུ་མི་ཚང་མ་འདྲ་མཉམ་ཡིན་པ་རྒྱུན་འཁྱོངས་བྱེད་པ། ཁྲིམས་ལྟར་རྒྱལ་ཁབ་བཅོས་སྐྱོང་བྱེད་པ་དང་ཀུན་སྤྱོད་ལ་བརྟེན་ནས་རྒྱལ་ཁབ་བཅོས་སྐྱོང་བྱེད་རྒྱུ་ཟུང་འབྲེལ་རྒྱུན་འཁྱོངས་བྱེད་པ། ཀྲུང་གོའི་དོན་དངོས་གཞིར་བཟུང་ནས་འགོ་རྩོམ་རྒྱུ་རྒྱུན་འཁྱོངས་བྱེད་པ་བཅས་ལྔ། སྒྲོག་འགྲེལ་གྱི་ཁྲོད་དུ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་ལམ་བུ་ལེགས་པོར་འཛིན་པའི་ལྟེ་བའི་བརྗོད་སྙིང་གསུམ་དང་།(ཀྲུང་གོ་གུང་ཁྲན་ཏང་གི་དབུ་ཁྲིད་རྒྱུན་འཁྱོངས་བྱེད་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་གྱི་ལམ་ལུགས་རྒྱུན་འཁྱོངས་བྱེད་པ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་གྱི་ཁྲིམས་སྐྱོང་གཞུང་ལུགས་རྒྱུན་འཁྱོངས་བྱེད་པ།)ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་བཅོས་སྐྱོང་བྱེད་པར་སྐུལ་སྤེལ་གཏོང་བའི་གཞི་རྩའི་རྩ་དོན་ལྔ་(ཀྲུང་གོ་གུང་ཁྲན་ཏང་གི་དབུ་ཁྲིད་རྒྱུན་འཁྱོངས་བྱེད་པ་དང་། མི་དམངས་གཙོར་འཛིན་པའི་གོ་གནས་རྒྱུན་འཁྱོངས་བྱེད་པ། བཅའ་ཁྲིམས་ཀྱི་མདུན་དུ་མི་ཚང་མ་འདྲ་མཉམ་ཡིན་པ་རྒྱུན་འཁྱོངས་བྱེད་པ། ཁྲིམས་ལྟར་རྒྱལ་ཁབ་བཅོས་སྐྱོང་བྱེད་པ་དང་ཀུན་སྤྱོད་ལ་བརྟེན་ནས་རྒྱལ་ཁབ་བཅོས་སྐྱོང་བྱེད་པ་ཟུང་འབྲེལ་བྱེད་པ་རྒྱུན་འཁྱོངས་བྱེད་པ། ཀྲུང་གོའི་དོན་དངོས་གཞིར་འཛིན་པ་རྒྱུན་འཁྱོངས་བྱེད་པ།)ཁོང་དུ་ཆུད་པ་བྱེད་དགོས། གཏིང་ཟབ་པའི་སྒོ་ནས་སྒྲོག་འགྲེལ་བྱ་བ་བརྒྱུད་རྒྱ་ཆེ་བའི་ལས་བྱེད་པ་དང་མང་ཚོགས་ལ་ཁྲིད་སྟོན་བྱས་ཏེ། ལྟེ་བའི་བརྗོད་སྙིང་གསུམ་དང་གཞི་རྩའི་རྩ་དོན་ལྔས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་མ་ལག་གི་ལམ་ལུགས་ཀྱི་ངོ་བོ་དང་མདུན་སྐྱོད་ཀྱི་ཁ་ཕྱོགས་ལ་གཏན་འབེབས་དང་ཁག་ཐེག་ནན་མོ་བྱས་ཡོད་པ་དང་། དེ་དག་ཚང་མ་ནི་བློ་བརྟན་འགྱུར་མེད་ཀྱིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཁྲིམས་སྐྱོང་ལམ་བུར་བསྐྱོད་པའི་གདུང་འགྱོག་ཀ་བ་ཡིན་པས་ཐེ་ཚོམ་བཟའ་མི་རུང་བ་དང་། གཡོ་འགུལ་མི་རུང་བ། སྤང་འདོར་མི་རུང་བ་ཤེས་རྟོགས་ཟབ་མོ་ཡོང་དུ་འཇུག་དགོས།