ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ནུབ་རྒྱུད་ས་ཁུལ་གསར་སྤེལ་འགོ་ཁྲིད་ཚོགས་ཆུང་གི་གྲོས་ཚོགས་གཙོ་སྐྱོང་གནང་བ།
རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 06-23
འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས་༢༡ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི། རྒྱལ་སྲིད་སྤྱི་ཁྱབ་ཁང་ནུབ་རྒྱུད་ས་ཁུལ་གསར་སྤེལ་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་ནུབ་རྒྱུད་ས་ཁུལ་གསར་སྤེལ་འགོ་ཁྲིད་ཚོགས་ཆུང་གི་གྲོས་ཚོགས་གཙོ་སྐྱོང་གནང་ཡོད།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་རྒྱུན་ལས་ ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་ནུབ་རྒྱུད་ས་ཁུལ་གསར་སྤེལ་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་གཞོན་པ་ཧན་ཀྲེང་གྲོས་ཚོགས་ལ་ཞུགས་ཡོད་པ་རེད།
གྲོས་ཚོགས་ཐོག ནུབ་རྒྱུད་གསར་སྤེལ་ཆེ་མོའི་ད་ལོའི་གཙོ་གནད་ལས་དོན་ལ་ཞིབ་འཇུག་བྱས་པ་དང་། ནུབ་རྒྱུད་གསར་སྤེལ་ཆེ་མོའི་ལོ་ལྔ་ཚན་གྱི་འཆར་འགོད་བཅུ་བཞི་པའི་ལག་བསྟར་ཇུས་གཞིར་གྲོས་བསྡུར་བྱས་ནས་གྲོས་འཆམ་བྱུང་ཡོད། ལི་ཁེ་ཆང་གིས། ཉེ་བའི་ལོ་ཤས་རིང་། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་སྟོབས་ཆེའི་འགོ་ཁྲིད་འོག ཕྱོགས་ཁག་གི་འབད་བརྩོན་དང་ལྷག་པར་དུ་ནུབ་རྒྱུད་ས་ཁུལ་གྱི་ལས་བྱེད་པ་དང་མང་ཚོགས་ཀྱིས་འབད་འཐབ་ཤུགས་ཆེན་བྱས་པ་བརྒྱུད། ནུབ་རྒྱུད་གསར་སྤེལ་ཆེ་མོར་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་གལ་ཆེན་ཐོབ་ཡོད། འོན་ཀྱང་ནུབ་རྒྱུད་ས་ཁུལ་འཕེལ་རྒྱས་དོ་སྙོམས་མེད་པ་དང་འཐུས་སྒོ་མི་ཚང་བའི་གནད་དོན་སྔར་བཞིན་མངོན་གསལ་དོད་ཙམ་ཡོད། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་བྱེད་པ། འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་གཞི་ཚུགས་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་པ། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་འཛུགས་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བླང་བྱར་སྐུལ་འདེད་གཏོང་བ་བཅས་ལ་གཞིགས་ཏེ། སྒྱུར་བཅོས་སྒོ་དབྱེར་སྐུལ་འདེད་གཏོང་བ་དང་། འཕེལ་རྒྱས་ཀྱི་ནང་ངོས་སྒུལ་ཤུགས་ཆེ་རུ་གཏོང་བ། འབྱུང་ཁམས་ཁོར་ཡུག་ལ་སྲུང་སྐྱོང་བྱེད་པ། དམངས་འཚོའི་བདེ་སྐྱིད་ཆེ་རུ་གཏོང་བ་བཅས་བྱས་ནས་ནུབ་རྒྱུད་གསར་སྤེལ་ཆེ་མོའི་རྣམ་པ་གསར་པ་གཏོད་དགོས་ཞེས་གསུངས་ཡོད་པ་རེད།
ལི་ཁེ་ཆང་གིས། ཁྱད་ལྡན་ཐོན་ལས་དང་གསར་དར་ཐོན་ལས་སྐྱེད་སྲིང་དང་འཕེལ་རྒྱས་གཏོང་བ་དང་། སྲོལ་རྒྱུན་ཐོན་ལས་རིམ་པ་མཐོ་འབྲིང་ཕྱོགས་སུ་རིམ་སྤོར་བྱ་རྒྱུར་རྒྱབ་སྐྱོར་བྱེད་པ། རླུང་དང་། འོད། ཆུ། གློག གཏེར་ཁ་བཅས་ཐོན་ཁུངས་ཀྱི་བཟང་ཆ་འདོན་སྤེལ་བྱེད་པ། རྒྱལ་ཁབ་ཀྱི་ནུས་རྒྱུའི་ཐོན་ཁུངས་ཀྱི་འགན་སྲུང་ནུས་པ་ཆེ་རུ་གཏོང་བ། རྨང་གཞིའི་སྒྲིག་བཀོད་ཀྱི་ཆུ་ཚད་མཐོ་རུ་གཏོང་བ། ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་བཅས་བྱེད་དགོས། འཕེལ་རྒྱས་གཏོང་བའི་ཁྲོད་དམངས་འཚོ་འགན་སྲུང་དང་ལེགས་བཅོས་བྱེད་དགོས། དབུལ་སྒྲོལ་འགག་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་གཏོང་བ་དང་། གཞི་རྩའི་སྤྱི་པའི་ཞབས་ཞུ་རིམ་བཞིན་དོ་སྙོམས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ། འོས་འགན་སློབ་གསོ་དང་། གཞི་རྩའི་སྨན་བཅོས། གཞི་རྩའི་སྡོད་ཁང་སོགས་ཀྱི་འགན་སྲུང་ནུས་པ་ཆེ་རུ་གཏོང་དགོས། སྲིད་ཇུས་ཐོག་ནས་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྤྱི་ཚོགས་ཀྱི་སྟོབས་ཤུགས་སྐུལ་སློང་བྱས་ནས་ནུབ་རྒྱུད་གསར་སྤེལ་ཆེ་མོའི་མཉམ་ཤུགས་སྔར་ལས་ཆེ་བ་གཅིག་སྡུད་བྱེད་དགོས་ཞེས་གསུངས་ཡོད་པ་རེད།