དེ་ཡང་ཐབས་མཁས་ལ་ཐུགས་རྗེ་ཆེན་པོ་དང་ལྡན་པའི་སྟོན་པ་མཆོག་དེ་ཉིད་ཀྱིས། བདག་ཅག་ཆོས་ལས་གཡེལ་ཞིང་ལེ་ལོ་ཅན་རྣམས་བླང་དོར་ལ་སྦྱོར་བ་གཉིས་ལྡན་གྱི་སྒོ་ནས་འཇུག་ཅིང་བརྩོན་པར་བྱ་བའི་ཕྱིར། སྲིད་པ་འཁོར་བའི་ཉེས་དམིགས་དང་། ཞི་བ་མྱང་འདས་ཀྱི་ཕན་ཡོན་གསལ་བར་མཚོན་བྱེད་དཔེ་བྲིས་འདི་འདྲའི་ཐབས་ལམ་ནས་ཀྱང་ཆོས་ལ་བསྐུལ་བར་མཛད་པ་ཡིན་པར་སྣང་བས། འདིའི་མཚོན་དོན་རྣམས་རང་གིས་ཇི་བཞིན་ཤེས་པ་དང་། ལེགས་པར་དྲན་ཞིང་བསམ་པ་དང་། ཚུལ་བཞིན་དུ་བསྒོམ་པ། དེ་བཞིན་དོན་གཉེར་ཅན་གཞན་དག་ལའང་ཀུན་སློང་བཟང་པོས་ཅི་ནུས་ལེགས་པར་བཤད་ཐུབ་ན་རང་གཞན་ཀུན་ལ་ཕན་པ་རྒྱ་ཆེར་འབྱུང་བར་ངེས་པས་དེའི་ཕྱིར་དམ་པ་རྣམས་ཀྱི་གསུང་ལས་བཏུས་ཏེ་གནད་བསྡུས་ཙམ་བྲི་བར་བྱའོ། ། དེ་ལ་སྲིད་པ་འཁོར་ལོ་ཞེས་པ་འདིའི་ཆ་ལག་དང་བཅས་པས་ཅི་དང་གང་མཚོན་པ་ཡིན་སྙམ་ན། འདིས་ནི་འཁོར་འདས་གཉིས་ཀྱི་རྣམ་གཞག་གམ། ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་བརྗོད་བྱའི་གཙོ་བོ་སྟོན་པ་མཆོག་གིས་ཆོས་ཀྱི་འཁོར་ལོ་ཐོག་མར་བསྐོར་བའི་ཚེ་གསུངས་པ་འཕགས་པའི་བདེན་པ་བཞིའི་འཇུག་ལྡོག་སྤང་བླང་གི་རྣམ་གཞག་ཆ་ཚང་བ་ཞིག་མཚོན་པར་གསལ་ལ།
འདི་ལ་གཞུང་འགའ་ཞིག་ཏུ་འཁོར་བའི་འཁོར་ལོ་དང་། ཡོངས་གྲགས་ལ་སྲིད་པ་འཁོར་ལོ་ཞེས་བརྗོད། དེ་ནི་ཇི་སྲིད་དུ་ལས་ཉོན་གྱི་དབང་དུ་སོང་བ་དེ་སྲིད་དུ་རང་དབང་མེད་པར་སྐྱེ་འཆི་བརྒྱུད་མར་འཁོར་བའམ། རྟག་བརྟན་མེད་པར་སྐྱེ་བའི་བར་དོ་སོགས་བཟང་ངན་སྣ་ཚོགས་སུ་འགྱུར་བའི་གནས་སྐབས་འདྲ་མིན་སྲིད་པའི་ཚུལ་མཚོན་བྱེད་འཁོར་ལོའི་རི་མོ་ཡིན་པས་མིང་དེ་དང་དེ་བཞིན་བརྗོད་པར་སེམས། འདི་ཇི་ལྟར་བྱུང་ཚུལ་ནི། སྟོན་པ་ཐུགས་རྗེ་ཅན་ཞལ་བཞུགས་སྐབས་ཡུལ་དབུས་ཀྱི་རྒྱལ་བོ་གཟུགས་ཅན་སྙིང་པོ་ལ། མཐའ་འཁོབ་སྒྲ་སྒྲོགས་ཀྱི་རྒྱལ་པོ་ཨུ་ཏྲ་ཡ་ནས་རིན་པོ་ཆེའི་ཁྲབ་རིན་ཐང་བྲལ་བ་ཞིག་སྐྱེས་སུ་བསྐུར་བ་ན། རྒྱལ་པོ་གཟུགས་ཅན་སྙིང་པོས་དེའི་སྐྱེས་ལན་འགངས་ཆེ་བ་བསྐུར་རྒྱུ་མ་རྙེད་པས་བཅོམ་ལྡན་འདས་ལ་ཐབས་ཞུས་པ་བཞིན། སྟོན་པ་རང་ཉིད་ཀྱིས་འཁོར་འདས་སམ་བདེན་བཞིའི་རྣམ་གཞག་མཚོན་བྱེད་སྲིད་པ་འཁོར་ལོ་ཆ་ལག་དང་བཅས་པ་ཞལ་བཀོད་གནང་བ་ལྟར་ལེགས་པར་བཞེངས་ཏེ་བསྐུར་བ་ན། རྒྱལ་པོ་ཨུ་ཏྲ་ཡ་ན་སོགས་འདིའི་གདུལ་བྱ་སྐལ་ལྡན་གྱི་སྐྱེ་བོ་གྲངས་ལས་འདས་པས་འདི་མཇལ་བ་ལ་བརྟེན་ནས། བདེ་སྡུག་གི་རྒྱུ་འབྲས་དེ་བཞིན་ཁོང་དུ་ཆུད་ཅིང་བླང་དོར་འབྱེད་པའི་བློ་གྲོས་ཀྱི་མིག་དྲི་མ་མེད་པ་ལེགས་པར་ཐོབ་པ་བྱུང་ཚུལ་མཁས་པ་འགས་གསུངས། འདུལ་བ་ལུང་རྣམ་འབྱེད་(བཀའ་འགྱུར་ཞོལ་དཔར། ཇ༽༡༦༨)དུ། ཡང་ཡང་ཟ་བའི་ལྟུང་བྱེད་ཀྱི་སྐབས་སུ། སྡོམ་ལྡན་བསླབ་ཁྲིམས་ལས་གཡེལ་རིགས་གང་དག་ཤཱ་རིའི་བུ་དང་མོའུ་འགལ་གྱི་བུ་གཉིས་ཀྱིས་འདུལ་སྐལ་ཅན་རྣམས་ལ། སྟོན་པས་ཆོག་ཟུང་ལ་རིགས་དྲུག་སོ་སོར་བསྐོར་བའི་གཟིགས་ཚུལ་རྣམས་བཤད་དེ་འདུལ་དུ་གནང་བའི་སྐབས་ཤིག་ལ། སྟོན་པས་ཀུན་དགའ་བོ་ལ་དུས་རྟག་ཏུ་མཆོག་ཟུང་གཉིས་ལྟ་བུ་མི་འབྱུང་བས་དེའི་ཚབ་ཏུ་ཐབས་གཞན་སྒོ་ཁང་དུ་ཆ་ལྔ་པའི་འཁོར་ལོ་བྲི་དགོས་པ་དང་། དེ་ཇི་ལྟར་བྲི་ཚུལ། བརྩམ་པར་བྱ་ཞིང་ཞེས་སོགས་ཚིགས་བཅད་གཉིས་བཅས་བྲིས་ཏེ། དེ་དག་གི་མཚོན་དོན་གཞན་ལ་ལེགས་པར་འཆད་མཁན་ཡང་བཞག་དགོས་ཞེས་སོགས་བཀའ་གནང་ཚུལ་གསལ་བ་འདི་ནི་ཁུངས་གསལ་ཤོས་ཡིན་པར་སྣང་།
འདིར་འབྲི་ཚུལ་ལ་ལུགས་སྲོལ་འདྲ་མིན་འགའ་ཞིག་སྣང་ཡང་། སློབ་དཔོན་དུལ་བ་ལྷས་མཛད་པའི་འདུལ་བ་རྣམ་འབྱེད་འགྲེལ་པ་(སྣར་ཐང་བསྟན་འགྱུར། ཝུ༽ ༡༦༤)གོང་གསལ་དེའི་ཐད་དུ། ཆ་ལྔ་པའི་འཁོར་ལོའི་ནང་གི་མཚོན་བྱེད་དེ་དག་ཇི་ལྟར་བྲི་དགོས་ཚུལ་རྒྱས་པར་གསུངས་ཤིང་། དེ་དང་མཐུན་པར་སློབ་དཔོན་ཡོན་ཏན་འོད་ཀྱིས་འདུལ་བ་མདོ་རྩའི་མཇུག་ཕྱོགས་སུ། གཙུག་ལག་ཁང་ལ་རི་མོ་དེ་འབྲི་ཚུལ་འདི་ལྟར་གསུངས་ཏེ། སྒོ་ཁང་དུ་འཁོར་བའི་འཁོར་ལོའོ། །ཆ་ལྔ་པའོ། ། སྟེང་དུ་ལྷ་དང་མི་རྣམས་སོ། ། གླིང་བཞི་པོ་དག་གོ། རྫུས་ཏེ་སྐྱེ་བའི་སེམས་ཅན་ཟོ་ཆུན་བརྒྱུད་མོ་བཞིན་དུ་འཆི་འཕོ་བ་དང་། སྐྱེ་བ་དག་ཀྱང་ངོ་།། དབུས་སུ་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གིས་ཟ་བར་རོ། ། ཁོ་ར་ཁོར་ཡུག་ཏུ་རྟེན་ཅིང་འབྲེལ་བར་འབྱུང་བའི་ཡན་ལག་བཅུ་གཉིས་དང་། ཐམས་ཅད་མི་རྟག་པ་ཉིད་ཀྱིས་བཟུང་བར་རོ། ། སྟེང་དུ་སངས་རྒྱས་མྱ་ངན་ལས་འདས་པའི་དཀྱིལ་འཁོར་དཀར་པོ་ཉེ་བར་སྟོན་པའོ། ། འོག་ཏུ་བརྩམ་པར་བྱ་ཞིང་ཞེས་བྱ་བའི་ཚིགས་སུ་བཅད་པ་གཉིས་སོ། ། དེ་སྟོན་པར་བྱེད་པ་བཞག་པར་བྱའོ། ། ཞེས་གསལ་བ་སོགས་ལ་བརྟགས་ན། ནང་པ་སངས་རྒྱས་པའི་ཐེག་པ་ཆེ་ཆུང་གི་གྲུབ་མཐའ་སྨྲ་བ་ཐུན་མོང་གི་འདོད་ཚུལ་ལྟར་ན་འདི་དང་མཐུན་པ་ཞིག་བྲི་དགོས་པ་ཡིན་པར་སྣང་ཞིང་། འདིར་ཡང་དེ་གཞིར་བཞག་གིས་འཁོར་འདས་ཀྱི་རྣམ་གཞག་ཇི་ལྟར་མཚོན་ཚུལ་རིམ་བཞིན་འགོད་པར་བྱའོ།།
སྲིད་པ་འཁོར་བའི་རྣམ་གཞག
དེ་ལ་འཁོར་ལོ་འདིའི་ཆ་ལག་དང་བཅས་པས་འཁོར་འདས་གཉིས་ཀྱི་རྣམ་གཞག་མཚོན་པ་ལས། དང་པོ་འཁོར་བའི་རྣམ་གཞག་མཚོན་ཚུལ་ཇི་ལྟར་ཡིན་སྙམ་ན། དེ་ནི་རང་དབང་མེད་པར་ཁམས་གསུམ་མམ་འགྲོ་བ་རིགས་དྲུག་ཏུ་ཟོ་ཆུན་གྱི་བརྒྱུད་མོ་ལྟར་འཁོར་བའི་སེམས་ཅན་རྣམས་རྒྱུ་གང་གིས་འཁོར་བ། གནས་གང་དུ་འཁོར་བ། ཚུལ་ཇི་ལྟར་དུ་འཁོར་ཚུལ་བཅས་མཚོན་ཞིང་། དེ་ཡང་འཁོར་ལོ་འདི་ལ་ཕྱི་ནང་རིམ་པ་བཞི་ཡོད་པའི་ནང་མའི་ནང་དུ་བྱ་དང་། སྦྲུལ་དང་། ཕག་གསུམ་གྱི་གཟུགས་བརྙན་བྲིས་པ་དེ་དང་། དེའི་ཕྱི་བསྐོར་འཁོར་ལོ་གཉིས་པ་ཕྱོགས་གཅིག་དཀར་ལ། ཕྱོགས་གཅིག་ནག་པོ་བྱས་པ་དེ་གཉིས་ཀྱིས་གང་གིས་འཁོར་བའི་རྒྱུ་ཉོན་མོངས་དུག་གསུམ་དང་ལས་དཀར་ནག་གཉིས་མཚོན།
དེ་ཡང་བྱ་ཡིས་འདོད་ཆགས་དང་། སྦྲུལ་གྱིས་ཞེ་སྡང་། ཕག་གིས་གཏི་མུག་མཚོན་ཞིང་། དེ་ལ་འདོད་ཆགས་མཚོན་བྱེད་བྱ་དེའང་ཕུག་རོན་བྲི་དགོས་པར་གསུངས་པ་ནི། ཕུག་རོན་ནི་འདོད་ཆགས་ཤིན་ཏུ་ཆེ་བས་ཉིན་རེ་བཞིན་ཡང་འཁྲིག་པ་ཆེས་མང་པོ་སྤྱོད་པའི་ཆ་ནས་ཡིན་པར་སྣང་། འདི་ལ་བཀའ་གདམས་(སྤྲུལ་པའི་གླེགས་བམ་)ཕ་ཆོས་ཇོ་བོ་ཡབ་སྲས་ཀྱི་གསུང་བགྲོས་སུ་གྲགས་པ་དེའི་རྟེན་འབྲེལ་ཚོམས་སུ་ནི། འདོད་ཆགས་བྱ་ཕོ་ལྟ་བུ་སྟེ། ། ཀུན་ལ་རྨོངས་ཀྱང་འདོད་ཡུལ་ལ། ། བྱམས་པར་བྱེད་དེ་རྨོངས་པ་ཡིས། ། གཙང་དང་བཙོག་པ་མི་ཤེས་པར། ། འབྲུ་དང་ཚིགས་པ་སྣབས་ལུད་སོགས། ། རང་གི་གྲོགས་ལ་སྟེར་བྱེད་ཅིང་། ། ངོམས་པ་མེད་པར་འདོད་པ་སྤྱོད། ། ཞེས་སོགས་ཀྱང་གསུངས།
སྦྲུལ་ནི་ཁོང་ཁྲོའམ་ཞེ་སྡང་ཤིན་ཏུ་ཆེ་ཞིང་། བལྟ་ན་མི་སྡུག་པ་འཇིགས་སུ་རུང་བ། གདུག་པའི་དུག་རླངས་བཏང་སྟེ་སེམས་ཅན་མང་པོའི་སྲོག་འཇོམས་པར་བྱེད་པ་སོགས་ཉེས་སྐྱོན་ཆེས་མང་བ་ལྟར། ཞེ་སྡང་ནི་སྡིག་པ་སྟོབས་ཤིན་ཏུ་ཆེ་ཞིང་། འཕྲལ་ཕུགས་ཀུན་ཏུ་མི་སྡུག་པའི་གཟུགས་སྐྱེད་པར་བྱེད་པ་དང་། སྦྱིན་པ་ལ་སོགས་པའི་དགེ་རྩ་ཐམས་ཅད་འཇོམས་པར་བྱེད་པ་སོགས་ཉེས་དམིགས་ཆེས་མང་པོ་ལྡན་པར་མཚོན།
ཕག་ནི་གཙང་བཙོག་གི་རིགས་ལ་རྨོངས་ཤིང་། རང་སྲོག་ལ་རྔམ་པའི་ཤན་པ་ཡང་བྱམས་བརྩེ་ཆེན་པོས་སྐྱོང་མཁན་དུ་འཁྲུལ་བའི་ཤིན་ཏུ་བླུན་པར་གྲགས་པ་ལྟར། གཏི་མུག་མ་རིག་པ་ཡང་ལས་འབྲས་དང་དེ་ཁོ་ན་ཉིད་ཀྱི་དོན་ལ་རྨོངས་ཤིང་། ཕན་བདེའི་སྲོག་རྩ་གཅོད་པའི་ཆགས་སྡང་གཉིས་ཀྱང་བདེ་སྐྱིད་སྒྲུབ་པའི་གྲོགས་སམ་ཟས་སུ་བསྟེན་པའི་ཤིན་ཏུ་བླུན་པ་ཞིག་ཡིན་པར་མཚོན།
སྔ་མ་དེ་གཉིས་གཏི་མུག་གིས་ཟ་བར་རོ། ། ཞེས་པའི་དོན་ལ་ཀུན་མཁྱེན་འཇམ་དབྱངས་བཞད་པས་མདོ་རྩའི་རྣམ་བཤད་དུ། དབུས་ཀྱི་ལྟེ་བར་ཀུན་འབྱུང་གི་གཙོ་བོ་འདོད་ཆགས་ཕུག་རོན་དང་། ཞེ་སྡང་སྦྲུལ་གཉིས་ཀྱི་མཇུག་མ་གཏི་མུག་ཕག་གིས་ཟ་བར་བྲིས་པས་དུག་གསུམ་གཙོ་བོ་དེ་ཡང་མ་རིག་པ་གཙོ་ཆེ་བར་ཤེས་པའི་ཕྱིར་རོ། ། ཞེས་གསུངས་ཤིང་། དེ་ལ་ཆེས་བླུན་པ་ཕག་གིས་ནི་རང་གི་སྲོག་ཕུང་བྱེད་བཟའ་བཏུང་སྟེར་བ་དག་ཀྱང་རང་སྲོག་འཚོ་བྱེད་ཁོ་ནར་འཁྲུལ་ཏེ་དགའ་བཞིན་དུ་ཟ་ཞིང་བཏུང་བ་ལྟར། ཆེས་རྨོངས་གཏི་མུག་དེས་ཀྱང་ཕན་བདེའི་སྲོག་རྩ་གཅོད་བྱེད་ཆགས་སྡང་དག་ཀྱང་བདེ་ལེགས་སྒྲུབ་པའི་ཆ་རྐྱེན་དུ་བསྟེན་ཅིང་སྤྱོད་པ་དང་འདྲ་བར་གོ་བྱེད་ཡིན་པར་ཡང་སྣང་ལ། འཁོར་བའི་རྩ་བ་གཙོ་བོ་གཏི་མུག་ཉིད་ལ་ཐུག་པར་ཡང་དེ་ལྟར་དུ་མཚོན་པར་སེམས།
ཡང་བྱ་སྦྲུལ་ཕག་གསུམ་གཅིག་མཇུག་གཅིག་གི་ཁར་ཆུད་པ་ཞིག་ཀྱང་བྲིས་སྲོལ་འདུག་པ། འདི་ལ་མཁས་པ་ཁ་ཅིག་གིས་འདིས་ཆགས་སྡང་རྨོངས་གསུམ་གཅིག་ལ་གཅིག་བརྟེན་ཏེ་ཕན་ཚུན་རྒྱུ་ཅན་དུ་ཡོད་པ་མཚོན་པར་བཤད་པ་དང་། ལ་ལས་ཆགས་སྡང་གཉིས་ཀྱང་རྩ་བ་གཏི་མུག་ལས་བྱུང་བ་མཚོན་ཕྱིར་བྱ་སྦྲུལ་གཉིས་ཕག་གི་ཁ་ནས་ཐོན་པ་འབྲི་དགོས་ཚུལ་བཤད་པ་རྣམས་ཀྱང་འདྲ་མོར་སྣང་ལ་ཁུངས་ཚད་ལྡན་ཡོད་ལས་ཆེ་བས་འཚོལ་དགོས།
ཡང་མཁས་གྲུབ་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོའི་གསུང་(པོད༑ ཉ༽པ)འདུལ་བ་མདོ་རྩ་ལས་འབྱུང་བའི་རི་མོའི་བྲི་ཡིག་ཚངས་པའི་པ་ཊར། འཁོར་ལོའི་དབུས་ཀྱི་ཟླུམ་པོ་དེར་ཕག་གིས་སྦྲུལ། དེ་ས་ཕུག་རོན་ཟ་བའི་ཚུལ་དེའང་ཟླུམ་པོར་བྲིས་ནས་བར་མཚམས་མེད་པར་འཁོར་བ་ལྟར་བྱ་ཡི༑ ལྗོན་ཤིང་བྲི་བ་སོགས་ནི་བཀའ་དགོངས་འགྲེལ་ཚད་ལྡན་ལས་མ་གསུངས་པས་རང་བཟོ་བྱེད་པ་མི་འཐད། ཅེས་གསུངས་པས། ལ་ལས་འདིར་བྱ་སྦྲུལ་ཕག་གསུམ་གྱི་དཀྱིལ་དུ་འབྲལ་ལྡན་གྱི་ཤིང་སྡོང་ཞིག་བྲིས་པ་ཡང་། ཡང་འགའ་ཞིག་ཏུ་དེར་སངས་རྒྱས་ཀྱི་སྐུ་ཞིག་བྲིས་པ་དག་ནི་ཡོངས་གྲགས་ཐུན་མོང་བའི་ལུགས་སྲོལ་དང་ནི་མཐུན་པ་མིན་པར་སྣང་ངོ་།།
འདུལ་བ་ལུང་རྣམ་འབྱེད་དུ་འཁོར་ལོ་ཆ་ལྔ་པ་དང་། དེར་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་དང་། རྟེན་འབྲེལ་བཅུ་གཉིས་སོགས་བྲིས་དགོས་པར་གསུངས་པ་ཙམ་ལས་དེ་དག་མཚོན་བྱེད་ཀྱི་གཟུགས་བརྙན་ཇི་ལྟར་བྲི་དགོས་ཚུལ་མ་གསུངས་ལ། དེ་དག་བྲི་ཚུལ་ཞིབ་པ་ནི་བྱེ་བྲག་བཤད་མཚོན་ཆེན་པོ་ན་ཡོད་པར་མངོན་ཏེ། ཀུན་མཁྱེན་མཚོ་སྣ་བས། མདོ་རྩའི་རྣམ་བཤད་དུ། ཕུག་རོན་དང་སྦྲུལ་དང་ཕག་གི་རྣམ་པ་བྲི་བ་ནི་ལུང་ལས་དངོས་སུ་མ་གསུངས་ཀྱང་བྱེ་བྲག་བཤད་མཚོ་ལས་གསུངས་པ་སྟེ། དེ་ལྟར་ལུང་རྣམ་འབྱེད་ཀྱི་འགྲེལ་པ་ལས་བཤད་དོ། ། ཞེས་གསུངས་པ་ལས་གོའོ། །
འཁོར་བར་འཁོར་བའི་རྒྱུ་ལས་དགེ་བ་དང་མི་དགེ་བ་མཚོན་བྱེད་འཁོར་ལོའི་ཕྱོགས་དཀར་ནག་གཉིས་ལས། དཀར་པོའི་ཆ་དེས་འབྲས་བུ་ཡིད་དུ་འོང་བ་སྐྱེད་བྱེད་དཀར་པོ་ཟག་བཅས་དགེ་བའི་ལས་དང་། ནག་པོའི་ཆ་དེས་འབྲས་བུ་ཡིད་དུ་མི་འོང་བ་སྐྱེད་བྱེད་ནག་པོ་མི་དགེ་བའི་ལས་མཚོན་ལ། འདི་མདོ་རྩ་བར་དངོས་སུ་མ་གསུངས་ཀྱང་། གོང་གསལ་རྣམ་འབྱེད་འགྲེལ་པར། ཟོ་ཆུན་ཁྱུད་མོའི་ཚུལ་གྱིས་ཞེས་བྱ་བ་ནི། ཇི་ལྟར་ཆུ་བཅུ་བའི་འཕྲུལ་འཁོར་གྱི་ཟོ་ཆུན་ཁྱུད་མོའི་ཟོ་བ་ཁ་ཅིག་འབྱུང་བར་བྱེད་པ་དེ་བཞིན་དུ། འགྲོ་བ་ལྔ་པའི་འཁོར་ལོའི་ཁོ་ར་ཁོར་ཡུག་ཏུ་བརྫུས་ཏེ་སྐྱེས་པའི་སེམས་ཅན་འཆི་འཕོ་བ་དང་སྐྱེ་བ་དག་བྲི་བར་བྱ་སྟེ་སྐྱོ་བ་སྐྱེད་པ་ཞེས་བྱ་བའི་ཐ་ཚིག་གོ ། ཞེས་གསུངས་པ་ལས་བར་སྲིད་པ་རྣམས་ཟོ་ཆུན་ལྟར་འཁོར་བ་བྲི་ས་ཞིག་དགོས་པར་གསལ་བ་དེའི་ཤུགས་ཀྱིས་དེ་བྲི་བའི་གཞི་དེ་ཟླུམ་བསྐོར་དེ་འདྲ་ཞིག་ཡོད་པ་གོ་བར་སྣང་ལ། འོན་ཀྱང་འདི་ལྟར་ན་བར་སྲིད་པ་འབྲི་ས་འཁོར་ལོ་དེ་ནི་འགྲོ་བ་རིགས་ལྔ་བྲི་སའི་འཁོར་ལོའི་ཕྱི་རོལ་ཏུ་བྲི་དགོས་པ་ལྟ་བུ་སྣང་ལ། དེ་སྔོན་དེ་འདྲ་མ་མཐོང་ཡང་དེ་ཙམ་རྒྱུ་མཚན་དུ་མི་འཛིན་པར་བརྟག་དགོས་སོ་སྙམ། དེ་ལྟར་ལས་དང་ཉོན་མོངས་མཚོན་བྱེད་དེ་དག་གིས་གང་གིས་འཁོར་བའི་རྒྱུ་མཚན་ཚུལ་དཔྱད་གཞི་དང་བཅས་པ་གནད་བསྡུས་ན་དེ་ཙམ་མོ། །དེའི་ཕྱི་ལོགས་སུ་ཆ་ལྔར་བགོས་པའི་རིམ་པ་གསུམ་པའི་འཁོར་ལོ་དེའི་སྟེང་གི་ཆ་གསུམ་གྱི་དབུས་སུ་དམྱལ་བ་དང་། དེའི་གཡས་གཡོན་དུ་ཡི་དྭགས་དང་། དུད་འགྲོ་བཅས་ཀྱི་འཇིག་རྟེན་དག་གི་གནས་ལུས་ལོངས་སྤྱོད་བཟང་ངན་སྣ་ཚོགས་བྲིས་པ་དེ་རྣམས་ཀྱིས་འགྲོ་བ་རྣམས་གང་དུ་འཁོར་བའི་གནས་མཚོན་ལ། འགྲོ་བ་རིགས་དྲུག་ཏུ་ཕྱེ་ཚུལ་ཡོད་ཀྱང་འདིར་ལྷ་མ་ཡིན་རྣམས་ལྷའི་ཁོངས་སུ་བསྡུས་ཏེ་ལམ་རྒྱུད་ལྔའི་འགྲོ་བ་ཞེས་གྲགས་པ་ལྟར་ཆ་ལྔ་བྱས་ཤིང་། སྤྱིར་འཇིག་རྟེན་གྱི་ཁམས་འདིའི་གནས་སྟངས་ལ་ཆ་བཞག་ན། ས་སྟེང་མི་དང་དུད་འགྲོའི་གནས་དང་། ས་འོག་དམྱལ་བ་དང་ཡི་དྭགས་ཀྱི་གནས། ས་བླའམ་བར་སྣང་དུ་ལྷའི་གནས་ཆགས་ཡོད་པར་ཀུན་མཁྱེན་དབྱིག་གཉེན་གྱི་གསུང་མངོན་པ་མཛོད་རྩ་འགྲེལ་སོགས་སུ་གསལ། འདིར་རིགས་སོ་སོ་བློ་ལ་ཤར་བདེ་བའི་ཆེད་རྒྱུད་ལྔའི་འགྲོ་བའི་གནས་སོ་སོར་བཀོད་པར་མཛད།
དེ་ཡང་ལྷ་ལ་འདོད་ཁམས་དང་གཟུགས་ཁམས་དང་། གཟུགས་མེད་ཁམས་བཅས་ཀྱི་ལྷ་གསུམ་ཡོད། ལྷའི་ཁོངས་གཏོགས་ལྷ་མ་ཡིན་རྣམས་ཀྱི་གནས་གཙོ་བོ་ནི་ཆུ་མཚམས་མན་གྱི་རི་རབ་ལྷུན་པོའི་ཕྱོགས་བཞིའི་ཁོང་སེང་རྣམས་སུ་ཡོད་པར་བཤད་ཅིང་། འདོད་ལྷ་ལ་རིགས་དྲུག་ཡོད་པ་ལས་རྒྱལ་ཆེན་རིས་བཞི་པ་རྣམས་ནི་རི་རབ་ཀྱི་བང་རིམ་རྣམས་དང་སུམ་ཅུ་རྩ་གསུམ་པ་རྣམས་རི་རབ་ཀྱི་རྩེ་མོ་དང་། དེ་ནས་འཐབ་བྲལ་དང་། དགའ་ལྡན་དང་། འཕྲུལ་དགའ་དང་། གཞན་འཕྲུལ་དབང་བྱེད་བཅས་བཞི་དང་། གཞན་ཡང་གཟུགས་ཁམས་ལ་བསམ་གཏན་དང་པོ། གཉིས་པ། གསུམ་པ། བཞི་བ་བཅས་ཀྱི་ལྷ་རིགས་བཞི་ཡོད་པ་རྣམས་ནི་བར་སྣང་ཁམས་ན་འོག་མ་འོག་མ་ལས་བར་ཐག་དང་། རྒྱ་ཁྱོན་བཅས་ཤིན་ཏུ་རིང་ཞིང་ཆེ་བའི་གནས་དག་ན་གནས་ཤིང་། དེ་ཡང་གཟུགས་ཁམས་དང་པོ་གསུམ་ལ་གནས་གསུམ་རེ་གསུམ་རེ་དང་། བཞི་པ་ལ་གནས་བརྒྱད་ཕྱེ་བའི་གཟུགས་ཁམས་གནས་རིགས་བཅུ་བདུན་ཡོད་པར་གསུངས།
གཟུགས་མེད་ཁམས་ལ་ནམ་མཁའ་མཐའ་ཡས་དང་། རྣམ་ཤེས་མཐའ་ཡས་དང་། ཅི་ཡང་མེད་དང་། སྲིད་རྩེ་བཅས་རིགས་བཞི་ཡོད་པ་དག་ལ་ནི་གནས་ངེས་བཟུང་མེད་ཅིང་། འདི་དག་ལ་བར་སྲིད་ཀྱང་མེད་པས་ཚེ་སྔ་མ་དེ་གང་དུ་ཤི་བ་དེར་གཟུགས་མེད་པའི་སྐྱེད་བ་དེ་དང་དེ་གྲུབ་སྟེ་དེ་དག་མ་ཤི་བར་ཕྱོགས་ངེས་མེད་དུ་གནས་སོ།།
མིའི་རིགས་ལ་གོང་གསལ་རྣམ་འབྱེད་འགྲེལ་བར། ཤར་གྱི་ལུས་འཕགས་ཞེས་བྱ་བ་ནི་གླིང་གི་མིང་སྟེ། འདི་ནས་ཤར་ཕྱོགས་ཡིན་པའི་ཕྱིར་དང་། མི་ལུས་འཕགས་པ་དག་གནས་པའི་ཕྱིར་རོ། །ནུབ་ཀྱི་བ་ལང་སྤྱོད་ཅེས་བྱ་བ་ནི་འདི་ནས་ནུབ་ཕྱོགས་ཡིན་པའི་ཕྱིར་དང་། དེ་ན་ཉོ་ཚོང་གི་ཐ་སྙད་ལ་བ་ལང་དང་སྤྱོད་པའི་ཕྱིར་རོ། ། བྱང་གི་སྒྲ་མི་སྙན་ཞེས་བྱ་བ་ནི་འདི་ནས་བྱང་ཕྱོགས་ཡིན་པའི་ཕྱིར་དང་། མིའི་སེང་གེ་སྟེང་ན་སྒྲ་སྒྲོགས་པ་དག་གནས་པའི་ཕྱིར་རོ། ། འཛམ་བུའི་གླིང་ཞེས་བྱ་བ་ནི་འཇིག་རྟེན་མངོན་པར་འགྲུབ་པའི་ཚེ་ན་སྐྱེས་པའི་ཤིང་ཆེན་པོ་འཛམ་བུ་ཞེས་བྱ་བས་མཚོན་པའི་ཕྱིར་རོ། །ཞེས་གསུངས་པ་ལྟར་གྱི་གླིང་བཞིའི་མི་དང་། གཞན་ཡང་གླིང་དེ་དག་གི་བར་བར་དུ་རང་རང་ཕྱོགས་ཀྱི་གླིང་ཕྲན་གཉིས་རེ་གཉིས་རེ་བཅས་བརྒྱད་ཀྱི་མི་རིགས་འདྲ་མིན་སྣ་ཚོགས་ཡོད། འདིར་གླིང་བཞི་ག་བྲི་དགོས་པར་གསུངས་པ་དེས་གླིང་ཕྲན་རྣམས་དང་། དེར་མ་ཟད་རྒྱ་མཚོ་ཆེན་པོ་དང་། རི་རབ་ལྷུན་པོ། གསེར་རི་བདུན་བཅས་ཀྱང་འབྲི་དགོས་པ་གོ་ཞིང་། དེ་ཡང་གོང་གསལ་ལྟར་སྤྱིར་བཏང་འགྲོ་བ་རིགས་ལྔའམ་དྲུག་པོ་རྣམས་ཀྱི་གནས་ས་སོ་སོ་འདི་དག་ནས་ངོ་སྤྲད་དགོས་པ་ཤེས་པའི་ཆེད་དུ་སྣང་། དེ་བཞིན་དུ་ཤར་ལྷོ་ནུབ་བྱང་བཞིའི་གླིང་དག་རིམ་བཞིན། རིན་པོ་ཆེའི་རི་བོ་དང་། དཔག་བསམ་གྱི་ཤིང་། འདོད་འཇོའི་བ། མ་རྨོས་པའི་ལོ་ཏོག་བཅས་བྲིས་སྲོལ་འགའ་འདུག་པ་དེའང་ཡོངས་གྲགས་དང་མཐུན་པར་སྣང་། ཡང་འདིའི་དཔེ་རིས་འགའ་ཞིག་ཏུ་ལྷ་དང་ལྷ་མ་ཡིན་འཐབ་འཁྲུག་གི་གཞིར། རི་རབ་ཀྱི་འཁྲིས་སུ་ཤིང་སྡོང་རིང་པོ་ཞིག་བྲིས་འདུག་པ་འདི་ལའང་ཁུངས་ཚད་ཐུབ་ཅི་ཡོད་འཚོལ་དགོས་པར་སྣང་ངོ་། །
དམྱལ་བ་ལ་གྲང་དམྱལ་བརྒྱད་དང་ཚ་དམྱལ་བརྒྱད་ཡོད་ལ། གཞན་ཡང་ཚ་དམྱལ་རྣམས་ཀྱི་འཁོར་དུ་མེ་མ་མུར་དང་། རོ་མྱགས་དང་། སྤུ་གྲིའི་ལམ་དང་། ཆུ་ཀླུང་རབ་མེད་བཅས་ཉེ་འཁོར་བའི་དམྱལ་བ་བཞི་དང་། ཡང་ཉི་ཚེ་བའི་དམྱལ་བ་ཞེས་པས་ཕྱོགས་འགའ་ཞིག་ཏུ་ཉིན་པར་བདེ་སྐྱིད་ལ་གནས་ཤིང་མཚན་མོར་དམྱལ་བའི་སྡུག་བསྔལ་མྱོང་བ་བོ་རྣམས་ཡོད་ཚུལ་མངོན་པ་མཛོད་འགྲེལ་སོགས་སུ་གསུངས། ཡང་འདིའི་དཔེ་རིས་མང་པོ་ཞིག་ཏུ་དམྱལ་བའི་གནས་སུ་ཆོས་རྒྱལ་གཤིན་རྗེ་ཞེས་པ་ལག་ན་ཁྲམ་ཤིང་དང་མེ་ལོང་ཐོགས་པ་ཞིག་དང་དེའི་མདུན་དུ་གཤིན་པོ་རྣམས་ལས་དཀར་ནག་དབྱེ་འབྱེད་བྱེད་ཚུལ་སོགས་བྲིས་པ་དང་། དེ་དག་མེད་པའི་བྲིས་སྲོལ་འགའ་རེ་མཐོང་བ་ལས། དང་པོ་དེའི་ཁུངས་ནི་གོང་གསལ་མཚོ་ཊཱིཀ་ལས། ལྷའི་ཕོ་ཉ། དམྱལ་བའི་རབས་བྲིས་ཞེས་ལུང་ཕྲན་ཚེགས་ལས་གསུངས་སོ། ། རྒྱ་ཆེར་འགྲེལ་ལས་ལྷའི་ཕོ་ཉ་ཞེས་བྱ་བ་ནི་སེམས་ཅན་སྐྱེ་བ་དང་རྒ་བ་དང་འཆི་བ་ལ་སོགས་པ་བྲིའོ། ། དེ་དག་གིས་སྐྱོ་བ་བསྐྱེད་དེ་དགེ་བ་ལ་བརྩོན་པར་བྱ་བའི་ཕྱིར་རོ་ཞེས་སོ། འགྲེལ་ཆུང་ལས་ལྷའི་ཕོ་ཉ་ཞེས་བྱ་བ་ནི་མི་གཅིག་བཙོན་དུ་བཅུག་ལ་གཤིན་རྗེའི་མདུན་དུ་ཞལ་ལྕེ་སྦྱོར་བ་འདྲ་བ་བྲིས་ཞེས་བཤད་དེ་དེ་རྣམས་གང་བྲིས་ཀྱང་རུང་ངོ་། ། ཞེས་གསུངས་པ་འདི་འདྲ་ལ་བརྟེན་པ་ཡིན་ནམ། དེ་ལྟར་ཡང་དེ་དག་འཁོར་ལོ་ཆ་ལྔ་བྱེ་བའི་དམྱལ་བའི་གནས་བྲི་ས་དེར་འབྲི་རྒྱུ་ཡིན་ཚུལ་ནི་དེར་དངོས་སུ་མ་གསལ་ཞིང་། ད་དུང་འདི་ལ་ཐེག་པ་ཐུན་མོང་ལ་གྲགས་པའི་ལུང་ཁུངས་ཚད་ལྡན་ཅི་ཡོད་འཚོལ་དགོས་པར་སྣང་། དེ་དག་མེད་པའི་ལུགས་སྲོལ་དེ་ནི། མངོན་པ་གོང་འོག་གི་གཞུང་ལས་དམྱལ་བར་སྐྱེ་ངེས་ཀྱི་སེམས་ཅན་རྣམས་ཤི་མ་ཐག་ཏུ་དགེ་སྡིག་དབྱེ་འབྱེད་སུ་ཞིག་གིས་བྱེད་མི་དགོས་པར། དམྱལ་བའི་བར་སྲིད་པ་དམྱལ་བ་པའི་མདོག་དབྱིབས་ཅན་ཞིག་གྲུབ་ཚུལ་དང་། དེ་དག་དམྱལ་བའི་སྐྱེ་སྲིད་དུའང་འཁྲིད་མཁན་སུ་ཡང་མེད་པར་རང་རང་ཚ་བའམ་གྲང་བ་ལ་ཤིན་ཏུ་ཆགས་པས་དེ་མཐུན་གྱི་གནས་འཚོལ་བའི་བློ་ཕྱིན་ཅི་ལོག་དེ་ཉིད་ཀྱིས་སྐྱེ་སྲིད་དུ་ཉིང་མཚམས་སྦྱར་ཚུལ་གསུངས་པ་སོགས་དང་བསྟུན་པ་ཡིན་པར་སྣང་ངོ་། །
ཡི་དྭགས་ཀྱི་གནས་ཀྱི་རྩ་བ་རྒྱལ་པོའི་ཁབ་ནི་འཛམ་བུའི་གླིང་འདི་ཉིད་ཀྱི་འོག་དཔག་ཚད་ལྔ་བརྒྱ་འདས་པ་ན་ཡི་དྭགས་ཀྱི་གྲོང་ཁྱེར་སེར་སྐྱ་ཞེས་བྱ་བ་ཡོད། དེ་ན་ཡི་དྭགས་ཀྱི་གཙོ་བོ་ཆོས་ཀྱི་རྒྱལ་པོ་གཤིན་རྗེ་ཞེས་བྱ་བ་འཕེན་བྱེད་མི་དགོ་བས་བྱས་ཤིང་། རྫོགས་བྱེད་དགེ་བས་བྱས་པ་ལྷའི་དཔལ་ལྟ་བུ་མྱོང་བ་ཞིག་ཡོད་པར་མཛོད་རང་འགྲེལ་སོགས་སུ་གསལ། དེ་ཡང་ཡི་དྭགས་ཀྱི་སྡེ་དཔོན། མངོན་ཤེས་དང་རྫུ་འཕྲུལ་ཅན། དགེ་བ་སྒྲུབ་པ་རྣམས་ལ་སྡོངས་གྲོགས་དང་། སྡིག་པ་གསོག་པ་རྣམས་ལ་ཉེས་ཆད་གཅོད་དེ་དགེ་སྡིག་ཤན་འབྱེད་བྱེད་པ་པོ་ཞིག་ཡོད་པར་གསུངས་པ་ལྟར་གྱི་གཤིན་རྗེ་ཆོས་རྒྱལ་དེ་ནི་ཡི་དྭགས་ཀྱི་གནས་བྲི་ས་དེར་བྲི་སྲོལ་འགའ་རེ་འདུག་པ་དེ་དག་ནི་གོང་གསལ་གཞུང་དེ་དང་དེ་འདྲ་ལ་བརྟེན་པ་ཡིན་པར་སྣང་ངོ་། །ཡི་དྭགས་ལ་རིགས་འདྲ་མིན་མང་དུ་ཡོད་ཀྱང་བསྡུ་ན་རྩ་བའི་གནས་གཤིན་རྗེའི་གྲོང་ཁྱེར་ན་གནས་པ་དང་། ཡུལ་གྲོང་གཞན་ལ་གནས་ཤིང་རྒྱུ་བ་ཁ་འཐོར་བའི་རིགས་གཉིས་ཡོད། འདི་དག་ལ་དཀར་ཕྱོགས་ལ་དགའ་བ་དང་ནག་ཕྱོགས་ལ་དགའ་བ་མཐུ་རྩལ་ཅན་ཡང་ཡོད་པར་བཤད། ཡང་དེ་ལ་ཕྱིའི་སྒྲིབ་པ་ཅན་ཞེས་པ་བཟའ་བཏུང་གི་རིགས་གཏན་ནས་མི་མཐོང་ཞིང་མི་རྙེད་པ་དང་། མཐོང་ཡང་དེ་དག་མཚོན་ཆ་ཐོགས་པ་སོགས་ཀྱིས་བསྲུང་བར་མཐོང་བ་དང་། དེ་མིན་ཡང་དེ་དག་རྣག་ཁྲག་སོགས་སུ་མཐོང་བ་རྣམས་དང་། ནང་གི་སྒྲིབ་པ་ཅན་ཞེས་པ་ཁའི་བུ་ག་ཤིན་ཏུ་ཆུང་ཞིང་མིད་པ་ཤིན་ཏུ་ཕྲ་ལ་མདུད་པ་ཕོགས་པར་ཆུ་ཐིགས་ཙམ་ཡང་སྤྱོད་དཀའ་བའི་རིགས་དང་། བཟའ་བཏུང་གི་སྒྲིབ་པ་ཅན་ཞེས་པ་བཤང་གཅི་སོགས་ངན་རིགས་ལས་སྤྱོད་སྐལ་མེད་པ་དང་། བཟའ་བཏུང་ཁ་ནང་དུ་སོང་བ་ན་མེ་དང་དུག་སོགས་སུ་འགྱུར་བའི་རིགས་རྣམས་ཡོད་པར་གསུངས་སོ། །
དུད་འགྲོ་ལ་མཐོང་ཆོས་ལྟར་ཁྱིམ་དང་རི་སོགས་ལ་གནས་ཁ་འཐོར་བ་དང་། རྒྱ་མཚོ་ཆེན་པོའི་གཏིང་མཐའ་ན་འབྲུ་སྤུངས་པ་ལྟར་འདུས་པ་བྱིངས་ན་གནས་པར་གྲགས་པའི་རིགས་གཉིས་དང་། ཡང་རྟ་དང་རྐྱང་ལ་སོགས་པ་ཐང་གི་སྤྱོད་ཡུལ་ཅན་དང་། ཉ་དང་སྲམ་ལ་སོགས་པ་ཆུ་ཡི་སྤྱོད་ཡུལ་ཅན་དང་། བྱ་དང་སྦྲང་བུ་ལ་སོགས་མཁའི་སྤྱོད་ཡུལ་ཅན་གྱི་རིགས་གསུམ་ཡོད་པར་ཡང་མཛོད་རང་འགྲེལ་སོགས་སུ་གསུངས་སོ། །
དེ་ལྟར་འགྲོ་བ་རིགས་ལྔའི་གནས་ལུས་ལོངས་སྤྱོད་རྣམས་འཁོར་ལོ་བར་མ་ཆ་ལྔར་བགོས་པའི་རེའུ་མིག་སོ་སོར་རིམ་བཞིན་ཇི་ལྟར་འཚམ་པར་འབྲི་ན་ལེགས། ཡང་ལ་ལར་འཁོར་ལོ་འདི་ཆ་དྲུག་ཏུ་བགོས་ཏེ་དེ་རྣམས་སུ་འགྲོ་བ་རིགས་དྲུག་སོ་སོ་དང་། དེ་རེ་རེའི་གནས་སུ་སངས་རྒྱས་ཀྱི་སྐུ་རེ་རེ་བྲིས་སྲོལ་འདུག་པ་དེ་དག་ནི་གསང་སྔགས་ཀྱི་གཞུང་ཐུན་མོང་མ་ཡིན་པའི་ལུགས་སྲོལ་ཞིག་ཡིན་པར་སྣང་བས། ཐེག་པ་ཐུན་མོང་བའི་ལུགས་དང་མ་འདྲེས་པར་སོ་སོ་ཕྱེ་ན་ལེགས། གང་དུ་འཁོར་བའི་གནས་མཚོན་བྱེད་འགྲོ་བ་ལྔའི་འཇིག་རྟེན་འབྲི་ཚུལ་དོགས་སེལ་བཅས་རགས་རིམ་ཙམ་ནི་དེ་ལྟར་རོ། །ཡོངས་གྲགས་ལྟར་ན་འཁོར་ལོ་རིམ་པ་གཉིས་པར་ལས་དཀར་པོ་མཚོན་བྱེད་ཀྱི་སྟེང་དུ་སེམས་ཅན་བདེ་འགྲོ་བའི་བྱད་གཟུགས་མདོག་དཀར་ལ་ཡིད་དུ་འོང་བ་འགའ་དང་། ལས་ནག་པོ་མཚོན་བྱེད་ཀྱི་སྟེང་དུ་ངན་འགྲོ་བའི་བྱད་གཟུགས་མདོག་ནག་ལ་ཡིད་དུ་མི་འོང་བ་འགའ་ཞིག་བྲིས་པ་དེ་དག་གི་བདེ་འགྲོ་བ་དང་ངན་འགྲོ་བའི་བར་སྲིད་མཚོན་ལ། འདི་དང་རིམ་པ་བཞི་པའི་འཁོར་ལོར་ཆ་བཅུ་གཉིས་ཕྱེ་བའི་ནང་དུ་རྟེན་འབྲེལ་ཡན་ལག་བཅུ་གཉིས་མཚོན་བྱེད་ཀྱི་གཟུགས་བརྙན་རྣམས་ཀྱིས་འགྲོ་བ་རྣམས་ཇི་ལྟར་འཁོར་བའི་ཚུལ་མཚོན།
དེ་ཡང་མཚོ་ཊཱིཀ་ཏུ་ལུང་རྣམ་འབྱེད་ཀྱི་འགྲེལ་བ་ལས་བརྫུས་ཏེ་སྐྱེས་པའི་སེམས་ཅན་ཞེས་བྱ་བ་ནི་བར་མ་དོའི་སྲིད་པའི་སེམས་ཅན་ནོ། ། ཟོ་ཆུན་རྒྱུད་མོ་ཞེས་བྱས་བ་ན་ཆུ་བཅུ་བའི་འཕྲུལ་འཁོར་གྱི་ཟོ་ཆུན་རྒྱུད་མོའི་ཟོ་བ་ཞེས་བཤད་དོ། ། དེ་ཡང་ཟོ་བ་རྣམས་མཐོ་དམན་དུ་འཁོར་བ་དཔེ་དེ་བཞིན་དུ་འགྲོ་བ་ལྔ་པོ་སོ་སོའི་བར་མ་དོ་རྣམས་མཐོ་དམན་དུ་འཁོར་ཞིང་འཆི་འཕོ་བ་དང་སྐྱེ་བ་དག་ཀྱང་བྲི་བར་བྱ་སྟེ། ཞེས་གསུངས་པ་ལྟར་རོ། །
སྤྱིར་སྐྱེ་གནས་ལ་རྫུས་སྐྱེས་དང་། སྒོང་སྐྱེས། མངལ་སྐྱེས། དྲོད་སྐྱེས་བཅས་བཞི་ཡོད་པ་ལས། བར་མ་དོའི་སེམས་ཅན་ནམ་བར་སྲིད་པ་རྣམས་ནི་རྫུས་སྐྱེ་ཁོ་ནར་ངེས་པར་དེ་ལ་བརྫུས་ཏེ་སྐྱེས་པའི་སེམས་ཅན་ཞེས་པའི་སྒྲ་བཤད་ཀྱང་དེ་ལྟར་དུ་སྣང་ལ། དེ་ཡང་ལུས་དྭངས་ཤིང་འགྲོ་བ་རིགས་དྲུག་གང་དུ་སྐྱེ་འགྱུར་གྱི་བྱད་གཟུགས་ཅན། རི་བྲག་སོགས་ལ་ཐོགས་མེད་དུ་རྒྱུ་ཞིང་ལས་ཀྱི་རྫུ་འཕྲུལ་དང་ལྡན་པ། བློ་ཕྱིན་ཅི་ལོགས་རང་འདོད་འཁྲུལ་སྣང་གི་དབང་གིས་སྐྱེ་གནས་སུ་འགྲོ་བ་སོགས་ཀྱི་ཁྱད་ཆོས་དང་ལྡན་པར་ཡང་གསུངས། འདིར་དེ་དག་འབྲི་ཚུལ་ནི་བདེ་འགྲོའི་བར་སྲིད་པ་རྣམས་གཟུགས་སྡུག་པ་ཁ་གྱེན་དུ་ཕྱོགས་ཏེ་འགྲོ་བ་དང་། ངན་འགྲོའི་བར་སྲིད་པ་རྣམས་གཟུགས་མི་སྡུག་པ་ཁ་ཐུར་དུ་ཕྱོགས་ཏེ་འགྲོ་བ། ཇི་ལྟར་ཁྲོན་པའི་ནང་དུ་ཟོ་ཆུན་གྱི་རྒྱུད་མོ་འཁོར་ཚུལ་ལྟར་དང་། དེ་ཡང་གོང་དུ་མཚོ་ཊཱིཀའི་ལུང་གསལ་ལྟར། བར་སྲིད་པ་དེ་རྣམས་ལས་ལ་ལ་དེ་ནས་འཕོ་ཞིང་གཞན་དུ་སྐྱེ་སྲིད་ལེན་པ་ལ་མངོན་དུ་ཕྱོགས་པ་དང་། ལ་ལ་གཞན་ནས་འཆི་འཕོས་ཏེ་དེར་གསར་དུ་སྐྱེ་བ་ལེན་ཚུལ་མཚོན་བྱེད་འདི་དག་གིས་ནི། རང་དབང་མེད་པར་སུ་ཞིག་སྲིད་པར་འཁོར་བའི་གང་ཟག་རྣམས་ཀྱང་མཚོན་པར་སྣང་ངོ་། །
འཁོར་ལོ་ཕྱི་མའི་ནང་གི་གཟུགས་བརྙན་རྣམས་ཀྱིས་མཚོན་བྱ་རྟེན་འབྲེལ་ཡན་ལག་བཅུ་གཉིས་ནི། ཐོག་མའི་མ་རིག་པ། གཉིས་པ་འདུ་བྱེད་ཀྱི་ལས། གསུམ་པ་རྣམ་ཤེས། བཞི་པ་མིང་གཟུགས། ལྔ་བ་སྐྱེ་མཆེད། དྲུག་པ་རེག་པ། བདུན་པ་ཚོར་བ། བརྒྱད་པ་སྲེད་པ། དགུ་བ་ལེན་པ། བཅུ་བ་སྲིད་པ། བཅུ་གཅིག་པ་སྐྱེ་བ། བཅུ་གཉིས་པ་རྒ་ཤིའི་རྟེན་འབྲེལ་བཅས་སོ། ། དེ་ལ་རྣམ་འབྱེད་འགྲེལ་བ་ལས། རྟེན་ཅིང་འབྲེལ་བར་འབྱུང་བའི་ཡན་ལག་བཅུ་གཉིས་ལུགས་སུ་འབྱུང་བ་དང་ལུགས་ལས་བཟློག་པ་དག་བྲི་བར་བྱའོ་ཞེས་བྱ་བ་ནི་འཁོར་བར་འཇུག་པ་དང་འཁོར་བ་ལས་བཟློག་པའི་རྒྱུ་བསྟན་པའི་ཕྱིར་ཏེ། ཞེས་གསུངས་པ་ལྟར། ཀུན་ཉོན་ཕྱོགས་ཀྱི་རྟེན་འབྲེལ་ལུགས་འབྱུང་ལྡོག་དང་རྣམ་བྱང་ཕྱོགས་ཀྱི་རྟེན་འབྲེལ་ལུགས་འབྱུང་ལྡོག་གཉིསུ་ཡོད། དེའི་དང་པོ་ནི་གང་མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་འབྱུང་བ་ནས། སྐྱེ་བའི་རྐྱེན་གྱིས་རྒ་ཤི་འབྱུང་བ་ལུགས་འབྱུང་དང་། སྐྱེ་བ་འབྱུང་བས་རྒ་ཤི་འབྱུང་བ་དང་དེ་བཞིན་དུ་མ་རིག་པ་འབྱུང་བས་འདུ་བྱེད་རྣམས་འབྱུང་བའི་བར་རྣམས་ནི་དེའི་ལུགས་ལྡོག་གོ ། གཉིས་པ་ནི་མ་རིག་པ་འགགས་པས་འདུ་བྱེད་རྣམས་འགག་པ་ནས། སྐྱེ་བ་འགགས་པས་རྒ་ཤི་འགག་པ་ནི་ལུགས་འབྱུང་དང་། སྐྱེ་བ་འགགས་པས་རྒ་ཤི་འགག་པ་དང་དེ་བཞིན་དུ་མ་རིག་པ་འགགས་པས་འདུ་བྱེད་རྣམས་འགག་པའི་བར་རྣམས་ནི་དེའི་ལུགས་ལྡོག་སྟེ། དེ་ཡང་རྟེན་ཅིང་འབྲེལ་བར་འབྱུང་བའི་མདོ་ལས། གང་མ་རིག་པའི་རྐྱེན་གྱིས་འདུ་བྱེད་ཞེས་པ་ནས་སྐྱེ་བའི་རྐྱེན་གྱིས་རྒ་ཤི་ཞེས་པའི་བར་གྱིས་དང་པོའི་ལུགས་འབྱུང་དངོས་སུ་བསྟན་ནས་དེའི་ལུགས་ལྡོག་ཤུགས་ལ་བསྟན་པ་དང་། ཡང་མདོ་དེར་སྐྱེ་བ་འགགས་པས་རྒ་ཤི་འགག་ཅེས་པས་གཉིས་པའི་ལུགས་ལྡོག་དངོས་སུ་བསྟན་ནས་དེའི་ལུགས་འབྱུང་ཤུགས་ལ་བསྟན་པ་ཡིན་ཚུལ་མཁས་དབང་རྣམས་ཀྱིས་གསུངས་ཏེ་འདི་དག་གི་སྐོར་ཞིབ་པར་དེ་དག་གི་གསུང་ནས་ཤེས་དགོས། དེ་ལྟར་ཡང་གོང་དུ་ཡན་ལག་བཅུ་གཉིས་ལུགས་སུ་འབྱུང་བ་དང་ལུགས་ལས་ལྡོག་པ་དག་བྲི་བར་བྱ་ཞེས་པ་འདིས་རྟེན་འབྲེལ་ལུགས་འབྱུང་ལྡོག་ཟུང་གཉིས་ཀ་བྲི་དགོས་པར་བསྟན་པ་མིན་གྱི་གང་ལུགས་འབྱུང་ལྡོག་གི་གཞི་དེ་དག་མཚོན་བྱེད་བྲི་དགོས་པར་བསྟན་པ་ཡིན་པར་སྣང་ངོ་། ། དེ་ཡང་ཀུན་ཉོན་ཕྱོགས་ཀྱི་རྟེན་འབྲེལ་ཡན་ལག་བཅུ་གཉིས་ལུགས་འབྱུང་གི་ཚུལ་གྱི་སྲིད་པ་བཞི་གཅིག་ནས་གཅིག་ཏུ་བརྒྱུད་དེ་སྲིད་པར་འཁོར་བ་ཡིན་ལ། སྲིད་པ་བཞི་ནི། ཤི་ནས་སྐྱེ་སྲིད་མ་བླངས་བར་ནི་བར་སྲིད་དང་། སྐྱེ་བ་བླངས་པའི་སྐད་ཅིག་དང་པོ་ནི་སྐྱེ་སྲིད་དང་། དེའི་སྐད་ཅིག་གཉིས་པ་ནས་འཆི་སྲིད་སྐད་ཅིག་མ་ཐ་མའི་སྔོན་རོལ་ཚུན་ནི་སྔོན་དུས་ཀྱི་སྲིད་པ་དང་། འཆི་བའི་སྐད་ཅིག་མ་ཐ་མ་ནི་འཆི་སྲིད་ཡིན་པར་མངོན་པ་མཛོད་སོགས་སུ་གསུངས་སོ། །
རྟེན་འབྲེལ་ཡན་ལག་བཅུ་གཉིས་མཚོན་བྱེད་ཇི་ལྟར་འབྲི་ཚུལ་ཡང་། རྣམ་འབྱེད་འགྲེལ་པར། དེ་ལ་མ་རིག་པ་ནི་བུད་མེད་ཉིད་མ་འདྲེས་པར་བྲི་བར་བྱའོ། འདུ་བྱེད་རྣམས་རྫ་མཁན་སྣོད་དག་མངོན་པར་འདུ་བྱེད་པའོ། རྣམ་པར་ཤེས་པ་ནི་སྤྲིའུའི་གཟུགས་སོ། མིང་དང་གཟུགས་ནི་བུད་མེད་དང་སྐྱེས་པའོ། སྐྱེ་མཆེད་དྲུག་ནི་སྐྱེ་མཆེད་དྲུག་པོ་དག་ཡུལ་ཐ་དད་པ་ལ་ཆགས་པ་དག་གོ ། རེག་པ་ནི་བུད་མེད་དང་སྐྱེས་པ་ལུས་ཀྱི་རེག་པ་ཀུན་ཏུ་སྤྱོད་པའོ། ཚོར་བ་ནི་སྐྱེས་པ་སྡུག་བསྔལ་གྱི་ཚོར་བ་མྱོང་བར་བྱེད་པའོ། སྲེད་པ་ནི་བུད་མེད་བུ་འཚོ་བའོ། ལེན་པ་ནི་བུད་མེད་ལ་མངལ་ལ་གནས་པ་འཇུག་པའོ། སྲིད་པ་ནི་མངལ་ན་གནས་པ་དེ་ཉིད་འབྲང་བའོ། སྐྱེ་བ་ནི་འབྲངས་པ་དེ་ཉིད་སྐྱེ་བའོ། རྒ་བ་ནི་སྐྱེས་པ་རྒས་ཤིང་འཁོགས་པའོ། ཤི་བ་ནི་མི་ཤི་བའི་གཟུགས་སུ་བྲི་བའོ། ཞེས་འདུལ་བ་རྣམ་པར་བཤད་པ་ལས་གསུངས་སོ། ཞེས་གསུངས་སྟེ་འདུལ་བ་རྣམ་པར་བཤད་པ་ཞེས་པ་ཡང་བྱེ་བྲག་བཤད་མཚོའི་ཡིན་ཚུལ་མཚོ་ཊཱིཀར་གསལ། ཡང་བཀའ་གདམས་ཕ་ཆོས་ལས། དེ་ནི་ལུང་ནས་འདི་སྐད་གསུངས། མ་རིག་རྒན་མོ་ལོང་བ་སྟེ། ། འདུ་བྱེད་དག་ནི་རྫ་མཁན་བཞིན། ། རྣམ་ཤེས་སྤྲེའུ་ལྟ་བུ་སྟེ། ། མིང་དང་གཟུགས་ནི་གྲུར་འཇུག་འདྲ། ། སྐྱེ་མཆེད་ཡུལ་འཁོར་སྟོང་བ་སྟེ། ། རེག་པ་འོ་བྱེད་འདྲ་ཞེས་གདའ། ། ཚོར་བ་མིག་ལ་མདའ་རྒྱབ་སྟེ། ། སྲེད་པ་ཆང་འཐུང་འདྲ་ཞེས་གདའ། ། ལེན་པ་ཤིང་ཐོག་ཉབ་འདྲ་སྟེ། སྲིད་པ་སྦྲུམ་མ་འདྲ་ཞེས་གདའ། ། སྐྱེ་བ་དེ་ལ་བུ་སྐྱེས་ཏེ། ། རྒ་ཤི་རོ་ཁུར་འདྲ་ཞེས་གདའ། ། ཞེས་གསུངས་ཤིང་། ཀུན་མཁྱེན་འཇམ་དབྱངས་བཞེད་པས་མདོ་རྩའི་རྣམ་བཤད་དུ་དེང་དུས་འདི་ཉིད་ཕྱག་ལེན་གཙོ་བོར་བྱས་པར་སྣང་ཞེས་གསུངས་ཀྱང་། འདི་ལས་དེ་ནི་ལུང་ནས་འདི་སྐད་གསུངས་ཞེས་པའི་ལུང་དེ་ནི་གང་ཡིན་མི་གསལ།
དེ་ལྟར་ཡན་ལག་བཅུ་གཉིས་མཚོན་བྱེད་བྲིས་ཚུལ་ཡོངས་གྲགས་གཉིས་བྱུང་བ་ལས་འདྲ་མིན་ཅི་རིགས་སྣང་བ་དེ་དག་གི་དཔེ་དོན་སྦྱར་ཚུལ་ཆབས་ཅིག་ཏུ་གནད་བསྡུས་རེ་འགོད་ན། དེ་ལ་ཐོག་མའི་མ་རིག་པ་ནི་འཁོར་བར་སྐྱེད་བྱེད་ཀྱི་ལས་ཀུན་ནས་སློང་བྱེད། རང་དབང་དུ་གྲུབ་པའི་བདག་མེད་པ་ལ་བདག་དེ་ལྟར་དུ་གྲུབ་པར་འཛིན་པའི་སེམས་བྱུང་རྨོངས་པ་དེ་ཡིན། འདི་ནི་དཔེར་ན། རྒན་མོ་ལོང་བ་དེ་བདེ་བའི་གནས་སུ་འགྲོ་བར་འདོད་པ་དང་བཟའ་བཏུང་གཙང་ལེགས་སོགས་ལ་སྤྱད་པར་འདོད་ཀྱང་། རྒས་ཤིང་འཁོགས་ལ་མིག་ལོང་བས་འདོད་པའི་ཡུལ་དུ་སླེབ་མི་ཐུབ་པར་མི་འདོད་པའི་བྲག་གཡང་དང་རྫིང་མཚོ་སོགས་སུ་ཟག་པ་དང་། རྙིང་རུལ་དུག་ཅན་སོགས་བཟའ་བཏུང་ལ་སྤྱད་ནས་ན་ཟུག་མི་བཟད་པ་མྱོང་བ་ལྟར། ཇི་སྐད་དུ་གླེགས་བམ་ལས། གང་མ་རིག་པ་རྒྱུ་འབྲས་དང་། ། ཆོས་ཉིད་ཟབ་མོ་མ་རིག་པའོ། ། གང་གི་མ་རིག་རྣམ་ཤེས་ཀྱིས། ། ཇི་ལྟར་མ་རིག་ལོང་བའི་ཚུལ། ། ཞེས་མ་རིག་པའི་དབང་གིས་ལས་རྒྱུ་འབྲས་དང་། ཆོས་ཉིད་ཟབ་མོ་དེ་ཁོ་ན་ཉིད་བདག་མེད་པའི་དོན་ལ་རྨོངས་པར་གསུངས་པ་བཞིན། དེའི་དབང་གིས་མངོན་མཐོ་ལྷ་མིའི་བདེ་སྐྱིད་དང་། ངེས་ལེགས་ཉོན་མོངས་ཞི་བ་ཐར་བའི་བདེ་བ་མི་འཐོབ་པར། ངན་སོང་གི་གཡང་ས་དང་འཁོར་བའི་རྒྱ་མཚོར་ལྷུང་སྟེ་སྡུག་བསྔལ་སྣ་ཚོགས་མྱོང་དགོས་པ་སོགས་མཚོན། འདི་ཡང་མཚོན་བྱེད་ལ་བུད་མེད་མ་འདྲེས་པ་བྲིས་པ་ལྟར་ན། དཔེར་ན་གཞི་རྩ་བུད་མེད་དེ་འདྲ་ལ་བརྟེན་ནས་འཇིག་རྟེན་ཁྱིམ་པའི་གཞི་འཁོར་བ་རྣམས་ཆགས་ཤིང་། དེར་དགྲ་འདུལ་གཉེན་སྐྱོང་གི་དཀའ་སྡུག་འདྲ་མིན་མྱོང་དགོས་པ་འབྱུང་བ་ལྟར། ཐོག་མའི་མ་རིག་པ་ལ་བརྟེན་ནས་སྲིད་པ་འཁོར་བར་འཁྱམས་ཏེ་སྡུག་བསྔལ་སྣ་ཚོགས་མྱོང་དགོས་པ་མཚོན་པར་སྣང་ངོ་།
གཉིས་པ་འདུ་བྱེད་ཀྱི་ལས་ནི། ཐོག་མའི་མ་རིག་པས་ཀུན་ནས་བསླངས་པའི་སྲིད་པར་རང་དབང་མེད་པར་འཁོར་བྱེད་ལུས་ངག་ཡིད་གསུམ་ཅི་རིགས་པའི་སྒོ་ནས་བསགས་པའི་ལས་བཟང་ངན་རྣམས་ལ་བརྗོད། དེ་རྫ་མཁན་གྱིས་མཚོན་ཚུལ་ནི། དཔེར་ན་རྫ་མཁན་གྱིས་རྫ་སྣོད་ཆེ་ཆུང་བཟང་ངན་སྣ་ཚོགས་བཟོ་བ་ལྟར། གཉིས་པ་འདུ་བྱེད་ཀྱི་ལས་འདིས་ཀྱང་འཁོར་བའི་གནས་ལུགས་ལོངས་སྤྱོད་ཆེ་ཆུང་བཟང་ངན་ཐམས་ཅད་འགྲུབ་པར་བྱེད་པ་མཚོན་ནོ། །
གསུམ་པ་རྣམ་ཤེས་ནི། འཁོར་བར་སྐྱེད་བྱེད་ཀྱི་ལས་ཀྱི་ནུས་པ་འཛིན་པའི་ཟག་བཅས་ཡིད་ཀྱི་རྣམ་པར་ཤེས་པ་དེ་ཡིན་ལ། དེ་སྤྲེའུས་མཚོན་ཚུལ་ནི། དཔེར་ན་སྤྲེའུ་ནི་གནས་གཅིག་ཏུ་སྡོད་ཚུགས་མི་ཐུབ་ཅིང་བྱ་བྱེད་ཤིན་ཏུ་མང་བ་དང་། ལྗོན་ཤིང་ངམ་ནགས་ཚལ་ཕན་ཚུན་བརྒྱུད་ཅིང་མཆོང་རྒྱུག་བྱེད་པ་ལྟར། རྣམ་ཤེས་དེའང་དམིགས་པ་གཅིག་ལ་ལྷོད་བབས་ཏེ་གནས་མི་ཐུབ་པར་བྱ་བྱེད་འདྲ་མིན་ལ་གཡེང་ཞིང་། འཁོར་བའི་གནས་གཅིག་ནས་གཅིག་ཏུ་བརྒྱུད་དེ་འགྲོ་བ་སོགས་མཚོན་པར་སྣང་ངོ་། །
བཞི་པ་མིང་གཟུགས་ཞེས་པ་ནི། གཉིས་པ་འདུ་བྱེད་ཀྱི་ལས་ཀྱིས་འཕངས་པའི་ཟག་བཟས་ཀྱི་ཕུ་པོ་ལྔ་ལ་བརྗོད། དེ་ལ་ཚོར་བ་འདུ་ཤེས། འདུ་བྱེད། རྣམ་ཤེས་བཅས་ཀྱི་ཕུང་བོ་བཞི་ནི། དབང་ཤེས་ལྔ་ལ་འཆར་རྒྱུ་མེད་པར་ཡིད་ཤེས་ཁོ་ན་ལ་མིང་གི་སྒོ་ནས་ཤར་དགོས་པས་མིང་གི་ཕུང་པོ་གཅིག་ཏུ་བསྡུས་ཤིང་། དེ་དང་གཟུགས་ཀྱི་ཕུང་པོ་གཉིས་བསྡོམས་པར་མིང་གཟུགས་ཀྱི་ཕུང་པོ་ཞེས་བརྗོད་ལ། དེ་ཡང་བར་སྲིད་ནས་སྐྱེ་གནས་སུ་མིག་རྣ་སྣ་ལྕེ་བཅས་ཀྱི་དབང་རྟེན་མ་དོད་ཚུལ་གྱི་ཕུང་པོ་རྣམས་ལ་བརྗོད་དེ། འདི་དག་གི་སྐབས་སུ་མིང་གཟུགས་ཀྱི་ཕུང་པོ་ཡོད་ཙམ་ལས་འགྲོ་བ་དེའི་རྟེན་རྫོགས་པར་མ་གྲུབ་པས་མིང་གཟུགས་ཀྱི་རྟེན་འབྲེལ་དུ་བཞག་པར་སེམས། འདི་ནི་དཔེར་ན། ཆུའི་ཚུ་རོལ་ནས་ཕ་རོལ་ཏུ་འགྲོ་བའི་འགྲུལ་མི་རྣམས་གྲུར་ཞུགས་ཏེ་འགྲོ་བས་ཕ་རོལ་སླེབ་པ་ལྟར། ཚེ་འདི་ནས་སྐྱེ་བ་ཕྱི་མར་འགྲོ་དུས་བར་སྲིད་པའི་ལུས་ལེན་ཅིང་དེར་ཞུགས་ཏེ་འགྲོ་ནས་སྐྱེ་སྲིད་དུ་སླེབ་པ་མཚོན་པར་སྣང་། དེ་ཡང་བཞི་པ་མིང་གཟུགས་དེ་ཉིད་གཙོ་བོར་སྐྱེ་གནས་སུ་མཚམས་སྦྱར་བའི་སྐབས་སུ་བཞག་པར་གསུངས་པ་མང་ཡང་། འདི་ནི་བར་སྲིད་སྐབས་ཀྱང་དེར་བསྡུས་པའི་དབང་དུ་བྱས་པ་ཡིན། འདི་ལ་བཀའ་གདམས་ཕ་ཆོས་སུ། སྐྱེ་རྒ་ན་ཞིང་འཆི་བ་ཡི། ། ཆུ་བོ་ཆེན་པོ་འདི་ཉིད་ལ། ། ལུས་ནི་ཀོ་བ་ཇི་བཞིན་དུ། ། རྣམ་པར་ཤེས་པ་ཀོ་མཁན་འདྲ། ། དགེ་སྡིག་ལས་ནི་ཀོ་སྐྱ་སྟེ། ། ཚོར་བ་འདུ་ཤེས་འདུ་བྱེད་གསུམ། ། ཀོ་བ་འདྲ་བའི་གཟུགས་སུ་ཞུགས། ། མཉན་པས་ཕར་སྒྲོལ་ཚུར་སྒྲོལ་བཞིན། ། རྣམ་པར་ཤེས་པ་འདུ་བྱེད་བཅིངས། ། སྐྱེ་བ་སྔ་ཕྱི་དཔག་མེད་དུ། ། ཡང་དང་ཡང་དུ་འཕོ་ཟློག་བྱེད། ། ཅེས་མཚོན་ཚུལ་ལྟར་ཡང་གསུངས། ཡང་མཁས་པ་ལ་ལས་ཆུའི་ནང་དུ་གྲུ་འགྲོ་བ་ལྟར། མའི་མངལ་དུ་མེར་མེར་པོ་སོགས་ཀྱི་སྐབས་སུ་མིང་གཟུགས་ཀྱི་ཕུངུ་པོ་དེ་དག་ཕན་ཚུན་བརྟེན་ཙམ་དུ་ཡོད་པ་དང་མཚུངས་ཚུལ་ཡང་བཤད། ཡང་འདི་མཚོན་བྱེད་ལ་བུད་མེད་དང་སྐྱེས་པ་བྲི་ཞེས་པ་ལྟར་ན་དཔེར་ན་སྐྱེས་པ་དང་བུད་མེད་དག་ཕན་ཚུན་ཉེ་བར་འདུ་འབྲེལ་ལས་བཟའ་ཚང་ངམ་མི་ཚང་སོ་སོ་ཆགས་པ་ལྟར། མིང་གཟུགས་ཀྱི་ཕུང་པོ་རྣམས་ཕན་ཚུན་ཉེ་བར་འདུ་འབྲེལ་ལས་འགྲོ་བ་རིགས་སོ་སོ་ཆགས་པ་མཚོན་པར་སྣང་ངོ་། །
ལྔ་པ་སྐྱེ་མཆེད་ནི། སྐྱེ་གནས་སུ་མིག་སོགས་སྐྱེ་མཆེད་ལྔའམ་དབང་བོ་ལྔ་བོ་གྲུབ་ལ་དབང་ཤེས་རྣམས་མ་གྲུབ་པའི་སྐབས་དེར་འཇོག འདི་ཡུལ་འཁོར་རམ་གྲོང་སྟོང་གིས་མཚོན་ཚུལ་ནི། དཔེར་ན། གྲོང་སྟོང་དེར་བསྡད་གནས་ཡོད་ཀྱང་སྡོད་མཁན་མེད་པ་ལྟར། སྐྱེ་མཆེད་ཀྱི་གནས་སྐབས་འདིར་ཡང་རྟེན་མིག་དབང་སོགས་གྲུབ་ཟིན་ཀྱང་། བརྟེན་པ་མིག་ཤེས་སོགས་མ་གྲུབ་པས་གྲོང་བའམ་ཁང་སྟོང་སྒོ་མང་ཅན་དང་འདྲ། ཡང་འདི་ལ་སྐྱེ་མཆེད་དྲུག་པོ་ཡུལ་ཐ་དད་ལ་ཆགས་པ་བྲི་ཞེས་པ་ལྟར་ན། དཔེར་ན་ཆགས་ལྡན་གྱི་སྐྱེས་བུ་དེས་མིག་ལ་སོགས་པའི་དབང་པོ་དྲུག་གི་སྒོ་ནས་གཟུགས་མཛེས་པ་སོགས་ལ་ཆགས་ཤིང་ཞེན་པ་ལྟར། ལྔ་པ་སྐྱེ་མཆེད་ཀྱི་རྟེན་འབྲེལ་གྱི་སྐབས་སུའང་གཟུགས་སྒྲ་སོགས་ལ་ཆགས་པ་སྐྱེ་བའི་ལམ་མིག་རྣ་ལ་སོགས་པའི་སྐྱེ་མཆེད་རྣམས་དོད་ཅིང་། མིག་ལ་སོགས་པའི་ནང་གི་སྐྱེ་མཆེད་དྲུག་གི་ཡུལ་ཐ་དད་པ་གཟུགས་སྒྲ་སོགས་ཕྱིའི་སྐྱེ་མཆེད་དྲུག་ལ་འདོད་ཆགས་འདྲེན་པ་མཚོན་པར་སྣང་ལ། འདི་ནི་སྐྱེ་མཆེད་ཀྱི་རྟེན་དེ་རེག་པའི་རྟེན་འབྲེལ་གྱི་སྔ་རོལ་ཏུ་གྲུབ་དགོས་ཀྱང་གྲུབ་ཟིན་ནས་དེའི་རྗེས་ལའང་འཇོག་པའི་དབང་དུ་བྱས་པར་སེམས་ཤིང་། འདི་བཞིན་རྟེན་འབྲེལ་གཞན་རྣམས་ལའང་ཅི་རིགས་པར་སྦྱར་བར་འདོད་ཚུལ་ཡོད་པར་སྣང་ངོ་། །
དྲུག་པ་རེག་པ་ནི། ལུས་དབང་སོགས་ཡུལ་རེག་བྱ་སོགས་དང་འཕྲད་དེ་ལུས་ཤེས་སོགས་སྐྱེས་ཤིང་ཡུལ་དབང་རྣམ་ཤེས་གསུམ་འདུས་ཙམ་གྱི་སྐབས་ལ་འཇོག འདི་ནི་ཕྲུ་གུ་ཕོ་མོ་འོ་བྱེད་པ་དང་འདྲ་སྟེ། དེ་དག་གིས་འོ་བྱེད་པ་ན་མཆུ་སྒྲོ་འཕྲད་པ་ཙམ་ལས་ཚོར་བའི་ཁྱད་པར་ཆེར་མྱོང་མི་ཐུབ་ཀྱང་དེས་རིམ་པས་དགའ་བདེ་འདྲེན་པ་ལྟར་རེག་པ་འདིའི་སྐབས་སུའང་ཡུལ་དབང་རྣམ་ཤེས་གསུམ་འདུས་ཙམ་ལས་ཚོར་བའི་ཁྱད་པར་ཤས་ཆེར་འཕེལ་བར་འགྱུར་བ་མཚོན། འདི་ལ་བུད་མེད་དང་སྐྱེས་པ་ལུས་ཀྱི་རེག་པ་ཀུན་ཏུ་སྤྱོད་པ་བྲི་ཞེས་པ་དེའང་། བུ་སྟོན་རིན་པོ་ཆེའི་མདོ་རྩའི་རྣམ་བཤད་དུ་འོ་བྱེད་པ་ལ་སྦྱར་འདུག་ལ། ལ་ལར་ཕོ་མོ་ཕན་ཚུན་ལག་བཅང་དང་འཁྱུད་པའང་བྲིས་པར་སྣང་། གང་ལྟར་ཆགས་ལྡན་ཕོ་མོ་དག་འོ་བྱེད་པ་དང་ཕན་ཚུན་འཁྱུད་པ་སོགས་ལུས་ཀྱི་ཆ་གང་དང་གང་ནས་འཕྲད་ཅིང་རེག་པ་ལས་ཚོར་བ་བདེ་བ་འདྲེན་པར་བྱེད་པ་ལྟར་རེག་པའི་རྟེན་འབྲེལ་ལས་ཚོར་བའི་རྟེན་འབྲེལ་འདྲེན་པར་བྱེད་པ་མཚོན་པར་སྣང་སྟེ་སྔ་མ་དང་འདྲ་བར་སྣང་ངོ་། །
བདུན་པ་ཚོར་བ་ནི། རེག་པས་ཡུལ་ཡིད་དུ་འོང་མི་འོང་བར་མ་གསུམ་སྤྱད་པ་དང་རྗེས་སུ་མཐུན་པར། ཚོར་བ་བདེ་སྡུག་བཏང་སྙོམས་གསུམ་ཅི་རིགས་ཤས་ཆེར་སྐྱེ་བའི་སྐབས་ལ་འཇོག འདི་ནི་དཔེར་ན་མིག་ལ་མདའ་ཕོགས་པའི་སྐབས་སུ་ན་ཟུག་ཤིན་ཏུ་ཆེ་ཞིང་ཡུལ་གཞན་མཐོང་མི་ནུས་པ་ལྟར། ཚོར་བ་འདིའི་སྐབས་སུའང་བདེ་སྡུག་བཏང་སྙོམས་གང་རུང་གི་མྱོང་བ་ཆེས་ཆེ་ཞིང་། དེ་དག་རང་རང་གི་རྗེས་མཐུན་ལས་སེམས་གཞན་ལ་འཇུག་མི་ནུས་པ་དང་མཚུངས། འདི་ལ་སྐྱེས་པ་སྡུག་བསྔལ་གྱི་ཚོར་བ་མྱོང་བ་བྲི་ཞེས་པར་ནད་པ་མལ་དུ་ཉལ་བ་ཞིག་བྲི་སྲོལ་སྣང་བ་ལྟར་ན། དཔེར་ན་དེ་འདྲའི་ནད་པ་ནི་ན་ཚ་དེའི་སྟོབས་ཀྱིས་སེམས་ཀྱི་ཤུགས་ཐམས་ཅད་ནད་དང་བྲལ་བ་དང་ནད་ཞི་བའི་བདེ་སྐྱིད་མྱོང་འདོད་དེ་རང་ལ་འགྲོ་བ་ལྟར། བདུན་པ་ཚོར་བའི་སྐབས་སུའང་བདེ་སྡུག་སོགས་ཀྱི་ཚོར་བ་ཤུགས་ཆེ་བས་སེམས་ཀྱི་ནུས་ཤུགས་ཀུན་སྡུག་བསྔལ་དང་བྲལ་འདོད་དང་བདེ་བ་དང་འཕྲད་འདོད་ཀྱི་འདོད་ཆགས་ཀྱི་དབང་དུ་འགྲོ་རྒྱུ་ཡིན་པ་མཚོན་པར་སྣང་ངོ་། །
བརྒྱད་པ་སྲེད་པ་ནི། གཉིས་པ་འདུ་བྱེད་ཀྱི་ལས་ཀྱི་ནུས་པ་ལ་གསོས་འདེབས་བྱེད་ཀྱི་ཚོར་བ་བདེ་བ་སྐྱེས་པ་ན་དེ་དང་མི་འབྲལ་བར་འདོད་པའི་འདོད་ཆགས་དང་། སྡུག་བསྔལ་སྐྱེས་པ་ན་དེ་དང་འབྲལ་བར་འདོད་པའི་འདོད་ཆགས་སམ་ཞེན་ཆགས་དེ་དག་བརྗོད། འདི་ནི་དཔེར་ན་བག་མེད་པའི་སྐྱེས་བུས་ཆང་བཏུང་བ་ན་ངན་གོམས་ལ་གསོས་འདེབས་ཤིང་ངོམས་པ་མེད་པར་ཡང་ཡང་བཏུང་སྟེ་མྱོས་པ་དང་གྱོང་གུན་ཕུང་ཀྲོལ་སོགས་རྒུད་པ་སྣ་ཚོགས་འབྱུང་བ་ལྟར། འདི་འདྲ་བའི་སྲེད་པ་འདོད་ཆགས་ཀྱིས་ཀྱང་སྔར་བྱས་ལས་ཀྱི་ནུས་པ་གསོ་ཞིང་ཇི་ཙམ་སྤྱད་ཀྱང་ངོམས་པ་མེད་པར་ཡང་ཡང་འཕེལ་བ་ལ་བརྟེན་ནས་འཁོར་བའི་ཉེས་སྐྱོན་ཐམས་ཅད་འབྱུང་བར་འགྱུར་བ་དང་མཚུངས། འདི་ལ་བུད་མེད་བུ་འཚོ་བ་བྲི་བ་ལྟར་ན། དཔེར་ན་བུད་མེད་རྣམས་ཀྱིས་རང་གི་བུ་ཕྲུལ་ལ་ནུ་ཞོ་སོགས་སྟེར་ཏེ། འཚོ་སྐྱོང་བྱས་ནས་བསྐྱེད་བསྲིང་བ་ལྟར། སྲེད་པ་འདིས་ཀྱང་སྔར་བསགས་ཀྱི་ལས་ཀྱི་ནུས་པ་གསོ་ཞིང་དེས་རྣམ་སྨིན་གྱི་འབྲས་བུ་བསྐྱེད་པ་ལ་གྲོགས་བྱེད་པར་མཚོན་པ་ཡིན་པར་སྣང་ངོ་། །
དགུ་བ་ལེན་པ་ནི། གཟུགས་སྒྲ་སོགས་ཕྱི་ནང་གི་ཆོས་རྣམས་ལ་ཆགས་ཞེན་ཆེས་ཆེར་འཕེལ་བས་འདོད་པའི་དངོས་པོ་དང་དུ་ལེན་པའི་ཆགས་རྣམས་ལ་བརྗོད། དེ་ནི་དཔེར་ན་སྤྲེའུ་ཤིང་ཐོག་སྔ་མ་ཟ་བཞིན་ཕྱི་མ་རྣམས་ལ་ཡང་ཡང་སྙོབ་ཅིང་འཐུ་བའམ་ལེན་པ་དང་འདྲ་ཞིང་། འདི་ལ་བུད་མེད་ལ་མངལ་ན་གནས་པ་འཇུག་པ་བྲི་བར་གསུངས་པ་ལ། ཕོ་མོ་འཁྲིག་པ་སྤྱོད་བཞིན་པ་ཞིག་བྲིས་སྲོལ་ལྟར་ན། དཔེར་ན་འོ་བྱེད་པ་དང་འཁྱུད་པ་ལ་སོགས་ཀྱི་བདེ་བར་སྲེད་པ་ཆེ་ཆེར་འཕེལ་ཏེ་འཁྲིག་པ་སྤྱད་ནས་བུད་མེད་ཀྱི་མངལ་དུ་ཕྲུ་གུ་ཆགས་སུ་བཅུག་པ་ལྟར། སྲེད་པ་འཕེལ་བས་འདོད་པའི་དངོས་པོ་དང་དུ་ལེན་པའི་དགུ་པ་ལེན་པའི་རྟེན་འབྲེལ་འདིས་ཀྱང་ཕྱི་མའི་རྣམ་སྨིན་གྱི་རྟེན་སྐྱེད་པའི་ལས་ཀྱི་ནུས་པ་སྨིན་དུ་བཅུག་པ་མཚོན་ནོ། །
བཅུ་བ་སྲིད་པ་ནི། སྔར་གྱི་གཉིས་པ་འདུ་བྱེད་ཀྱི་ལས་གང་གིས་རྣམ་ཤེས་ལ་ལས་བཟང་ངན་གྱི་ནུས་པ་གང་དང་གང་བཞག་པ་ལ། བརྒྱད་པ་སྲེད་པ་དང་དགུ་བ་ལེན་པ་གཉིས་ཀྱིས་ཡང་ཡང་གསོས་བཏབ་སྟེ་ཡང་སྲིད་ཕྱི་མ་སྐྱེ་བ་ལ་ནུས་པ་མཐུ་ཅན་དུ་གྱུར་པ་ཞིག་ལ་བརྗོད་དེ། འདི་ནི་ཡང་སྲིད་ཀྱི་རྒྱུ་དེ་ལ་འབྲས་བུ་ཡང་སྲིད་འབྱུང་བའི་ཆ་ནས་དེ་ལ་མིང་ངམ་ཐ་སྙད་དེ་ལྟར་བཏགས་པ་ཡིན་པར་གསུངས་ལ། འདི་ནི་མངལ་ན་གནས་པ་འབྲང་བའམ་ཕྲུ་གུ་སྐྱེ་བ་ལ་ཆེས་ཉེ་བའི་བུད་མེད་སྦྲུམ་མ་དང་འདྲའོ། །
བཅུ་གཅིག་པ་སྐྱེ་བ་ནི། བར་སྲིད་ནས་སྐྱེ་སྲིད་དུ་ཉིང་མཚམས་སྦྱར་མ་ཐག་པའི་གནས་སྐབས་ལ་འཇོག་ཅིང་། འདིའི་གནས་སྐབས་སྐྱེ་བ་རྫོགས་པ་གྲུབ་ཟིན་པར། འདི་ནི་མའི་མངལ་དུ་འབྲང་པ་དེ་ཉིད་སྐྱེ་བ་སྟེ་ཕྲུ་གུ་ཕྱིར་བཙས་པ་དང་མཚུངས་སོ། །
བཅུ་གཉིས་པ་རྒ་ཤི་ནི། ཕུང་པོ་སྨིན་ཅིང་གཞན་དུ་འགྱུར་བ་རྒ་བ་དང་། ཕུང་བོའི་རིགས་མཐུན་དོར་བ་ལ་ཤི་ལ་ཞེས་བརྗོད། དེ་གཉིས་ལ་རྒ་ཤི་ཅི་རིགས་པའི་རྟེན་འབྲེལ་ཞེས་གཅིག་ཏུ་བགྲང་། འདི་ཉིད་མཚོན་བྱེད་ལ་མི་ཞིག་གི་རྒྱབ་ཏུ་མི་ཤི་བའི་རོ་འཁུར་བ་ཞིག་བྲིས་པ་དེ་ནི། ཟག་བཅས་ཉེར་ལེན་གྱི་ཕུང་བོའི་རྣམ་འགྱུར་གྱི་ཉེས་དམིགས་གསལ་བར་གོ་བྱེད་ཡིན་པར་སྣང་ངོ་། །
དེ་བཞིན་དུ་ས་ལུ་ལྗང་པའི་མདོ་སོགས་སུ་རྟེན་འབྲེལ་ཡན་ལག་བཅུ་གཉིས་མཚོན་བྱེད་ལ་དཔེ་གཞན་དག་ཀྱང་གསུངས་ཏེ། རྗེ་རིན་པོ་ཆེས་ལམ་རིམ་ཆེན་མོར། ས་ལུ་ལྗང་པའི་མདོ་ལས་ནི། ཡན་ལག་བཅུ་གཉིས་སྡུད་པའི་རྒྱུ་བཞི་གསུངས་ཏེ། མ་རིག་པའི་འདེབས་པ་པོས་ལས་ཀྱི་ཞིང་ལ་རྣམ་ཤེས་ཀྱི་ས་བོན་བཏབ་སྟེ་སྲེད་པ་ཆུས་བརླན་པར་བྱས་ན། མའི་མངལ་དུ་མིང་གཟུགས་ཀྱི་མྱུ་གུ་འགྲུབ་པར་བཤད་དོ། ། ཅེས་གསུངས། ཡང་རྗེ་གུང་ཐང་བསྟན་པའི་སྒྲོན་མེས། (གསུང་༑ག༽ གྲུབ་མཐའ་བཞིའི་འདོད་ཚུལ་དྲིས་ལན་སྣ་ཚོགས་ཀྱི་སྐོར། ༡༧ བ ༦)སྲིད་པའི་རྩ་བ་མ་རིག་ཞིང་པ་ཡིས། ། ལས་ཀྱི་ས་བོན་རྣམ་ཤེས་ཞིང་དུ་བཏབ། ། སྲེད་དང་ལེན་པའི་ཆུ་ལུད་ཀྱིས་གསོས་པས། ། ས་བོན་སྟོབས་རྒྱས་སྲིད་པའི་ངོ་བོར་འཕོས། ། དེ་ལས་སྐྱེ་བའི་རང་བཞིན་མིང་གཟུགས་ཀྱི། ། མྱུ་གུ་འབུས་ཤིང་སྐྱེ་མཆེད་སྡོང་བུར་འདྲིལ། ། རེག་པའི་མེ་ཏོག་ཚོར་བའི་འབྲས་སྨིན་ཡང་། ། རྒ་ཤིས་བརྔས་ཏེ་སླར་ཡང་སྲིད་པར་འདེབས། ། ཇི་སྲིད་བདག་མེད་མེ་ཡིས་མ་བཅོམ་པ། ། དེ་སྲིད་སྐྱེ་ཤིའི་འཁོར་ལོ་བསྐོར་དགོས་པས། ། གནས་ལུགས་ཟབ་མོར་བག་ཆགས་ཅི་ཐེབས་ཀྱིས། ། སྲིད་པའི་རྩ་བ་དྲུངས་ནས་འབྱིན་པར་ཤོག ། ཅེས་ཀྱང་གསུངས་སོ། ། མདོར་ན་ཤེས་བྱའི་གནས་ཚུལ་ལ་རྨོངས་པའི་མ་རིག་པས་ཀུན་ནས་བསླངས་པའི་འཁོར་བར་འཕེན་བྱེད་ཀྱི་ནུས་པ་རྣམ་ཤེས་ལ་བཞག་ནས། ཚེ་ཕྱི་མའི་མིང་གཟུགས་ནས་ཚོར་བའི་བར་འགྲུབ་རུང་དུ་བྱས་པ་དེ། སྲེད་ལེན་གཉིས་ཀྱིས་ཡང་ཡང་གསོས་བཏབ་པས་ནུས་པ་མཐུ་ཅན་དུ་གྱུར་ནས་ཕྱི་མའི་སྐྱེ་བ་དང་རྒ་ཤི་བཅས་འགྲུབ་ཚུལ་མཚོན་པར་ལེགས་པར་ཤེས་དགོས། དེ་ཡང་ཚེ་འདིའི་རྗེས་མ་རང་ལ་གང་དུ་སྐྱེ་བ་ལེན་བྱེད་ཀྱི་ལས་སྟོབས་ལྡན་ཞིག་བསགས་ན། དེའི་ཡན་ལག་བཅུ་གཉིས་ལས་དང་པོ་མ་རིག་པ། གཉིས་པ་འདུ་བྱེད་ཀྱི་ལས། གསུམ་པ་རྣམ་ཤེས། བརྒྱད་པ་སྲེད་པ། དགུ་བ་ལེན་པ། བཅུ་བ་སྲིད་པ་བཅས་རྟེན་འབྲེལ་དྲུག་ཚེ་འདིར་འབྱུང་ཞིང་། བཞི་བ་མིང་གཟུགས། ལྔ་བ་སྐྱེ་མཆེད། དྲུག་པ་རེག་པ། བདུན་པ་ཚོར་བ་དང་། བཅུ་གཅིག་པ་སྐྱེ་བ། བཅུ་གཉིས་པ་རྒ་ཤི་བཅས་རྟེན་འབྲེལ་དྲུག་པོ་དེ་ཚེ་རྗེས་མའི་རྟེན་དེ་རང་ལ་རྫོགས་པར་འབྱུང་བ་དང་། ཚེ་རྗེས་མའི་རྗེས་མ་ཕན་ཆད་སྐྱེད་བྱེད་ཀྱི་ལས་བསགས་ན། ཚེ་འདིར་ཡན་ལག་དང་པོ་གསུམ་དང་། ཚེ་རྗེས་མ་བར་སྐབས་སུ་ཡན་ལག་བརྒྱད་པ་ནས་བཅུ་བའི་བར་དང་། དེའི་རྗེས་མ་རང་ལ་བཞི་བ་ནས་བདུན་པའི་བར་དང་བཅུ་གཅིག་བཅུ་གཉིས་པ་བཅས་འགྲུབ་ཚུལ་སོགས་རྟེན་འབྲེལ་བཅུ་གཉིས་ཀྱི་རྣམ་གཞག་རྒྱས་པ་གཞན་དང་གཞན་དུ་མང་པོ་ཡོད་པ་རྣམས་ལས་ཤེས་པར་བྱའོ། །
ཡང་སྲིད་པ་འཁོར་ལོ་འདིའི་རྒྱབ་ཕྱོགས་ནས་སྲིན་པོ་འཇིགས་སུ་རུང་བ་ཞིག་གིས་འཁོར་ལོ་འདི་རྐང་ལག་བཞི་གས་འཛིན་ཅིང་བསྡོམས་ཏེ་པང་དུ་བླངས་ནས་ཁར་བཅུག་པར་བྲིས་པ་དེ་ནི་འཆི་བ་མི་རྟག་པ་མཚོན་བྱེད་ཡིན་ལ། དེ་ཡང་དཔེར་ན། སུ་ཞིག་སྲིན་པོའི་ཁར་ཆུད་པ་ན་དེས་ཟ་རྒྱུ་ཉག་གཅིག་ལས་ཐར་བའི་དུས་སྐབས་མེད་པར་གྲགས་པ་ལྟར། འཁོར་བའི་གནས་སུ་མཚོན་དོན་གོང་གསལ་བཞིན་སྐྱེ་བ་ལེན་ན། མཐར་རང་དབང་མེད་པར་འཆི་དགོས་པ་ལས་མ་འདས་པ་མཚོན་ཞིང་། འདི་ཡང་སློབ་དཔོན་ཆོས་ཀྱི་བཤེས་གཉེན་གྱིས། འདུལ་བ་རྒྱ་ཆེར་འགྲེལ་དུ། དེ་དག་ཐམས་ཅད་ཀྱང་མི་རྟག་པ་ཉིད་ཀྱིས་སྲིན་པོས་པང་དུ་བླངས་ཏེ་ཡན་ལག་ལྔ་ཆར་གྱིས་བཟུང་བར་བྲི་བར་བྱའོ། ། ཞེས་གསུངས་པ་སོགས་ལ་བརྟེན་པ་ཡིན་ནོ། ། འདི་འབྲི་ཚུལ་ལ་ལར་འཁོར་ལོ་འཛིན་མཁན་དེ་ཉིད་སྟག་ཤམ་ཅན། མིག་གསུམ་དང་ལྡན་པ། མགོ་ལ་ཐོད་སྐམ་ལྔས་བརྒྱན་པ་ཞིག་དང་། ཡང་དེའི་ལག་ཏུ་ཁྲམ་ཤིང་དང་མེ་ལོང་ཐོགས་པ་ཞིག་དང་། གཉན་ཡང་འདི་འཛིན་མཁན་དེ་ཉིད་ཀེང་རུས་ཤིག་བྲིས་པ་སོགས་འདྲ་མིན་འདུག་པ་རྣམས་ཀྱང་གོང་གསལ་འདུལ་བའི་གཞུང་ལྟར་ཐེག་པ་ཐུན་མོང་བའི་ལུགས་སྲོལ་བཞིན་ཡིན་པར་མི་སྣང་ཡང་། རང་རང་གི་གདུག་བྱ་འདུལ་བའི་ཐབས་ཐུན་མོང་མ་ཡིན་པའི་ལུགས་སྲོལ་དང་དེའང་ཁུངས་ལྡན་ཡིན་མིན་བརྟག་དགོས་ལ། དེར་མ་ཟད་སྟག་ཤམ་དང་ཐོད་སྐམ་གྱི་དབུ་རྒྱན་དེ་དག་འོས་མིན་བཅས་ཀྱང་ལེགས་པར་བརྟགས་ཏེ་འབྲི་དགོས་སོ་སྙམ་མོ། །
མདོར་ན་འཁོར་བའི་རྣམ་གཞག་མཚོན་བྱེད་དེ་དག་གིས་ཀུན་ནས་ཉོན་མོངས་ཕྱོགས་ཀྱི་བདེན་པ་བསྟན་ཅིང་། དེ་ལ་ཀུན་འབྱུང་བདེན་པ་དང་སྡུག་བསྔལ་བདེན་པ་གཉིས་ཡོད། དང་པོ་ལའང་ལས་ཀྱི་ཀུན་འབྱུང་དང་ཉོན་མོངས་པའི་ཀུན་འབྱུང་གཉིས་ཡོད་པ་དེ་དག་ནི་རིམ་བཞིན་གང་གིས་འཁོར་བའི་རྒྱུ་ལས་དཀར་ནག་མཚོན་པ་དང་། ཉོན་མོངས་དུག་གསུམ་མཚོན་པ་དེ་དག་གིས་བསྟན། དེ་ཡང་གང་དུ་འཁོར་བའི་གནས་དང་ཇི་ལྟར་འཁོར་ཚུལ་དང་། འཆི་བ་མི་རྟག་པ་མཚོན་པ་བཅས་ཀྱིས་སྡུག་བསྔལ་བདེན་པ་བསྟན། དེ་ལའང་སྡུག་བསྔལ་གྱི་སྡུག་བསྔལ་དང་། འགྱུར་བའི་སྡུག་བསྔལ་དང་། ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་བཅས་གསུམ་ཡོད་པ་ལས། ངན་སོང་གསུམ་མཚོན་པ་དེས་གཙོ་བོ་དང་པོ་དང་། ལྷ་དང་མིའི་གནས་མཚོན་པ་དེས་གཉིས་པ་དང་། ཡན་ལག་བཅུ་གཉིས་ཀྱིས་འཁོར་ཚུལ་དང་། འཆི་བ་མི་རྟག་པ་མཚོན་པ་དེས་གསུམ་པ་དེ་བསྟན། དེ་གསུམ་ལས་གཟུགས་ཁམས་ཀྱི་གནས་བཞི་པ་དང་། གཟུགས་མེད་ཁམས་བཅས་ལ་ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་གཅིག་པུ་དང་། གཟུགས་ཁམས་ཀྱི་གནས་འོག་པ་གསུམ་ལ་དེ་དང་འགྱུར་བའི་སྡུག་བསྔལ་བཅས་གཉིས་ཙམ་དང་། འདོད་ཁམས་ཀྱི་ལྷ་མི་གཉིས་དང་ངན་སོང་གསུམ་བཅས་ལ་ནི་སྡུག་བསྔལ་གསུམ་ག་ཡོད་དོ། །
ཞི་བ་མྱང་འདས་ཀྱི་རྣམ་གཞག
སྲིད་པ་འཁོར་ལོའི་སྟེང་ཕྱོགས་སུ་སངས་རྒྱས་བཅོམ་ལྡན་འདས་ཕྱག་གིས་ཟླ་བའི་དཀྱིལ་འཁོར་ཉ་གང་བ་ཉེ་བར་སྟོན་པ་ཞིག་བྲིས་པ་དེས། མྱང་འདས་སམ་ཐར་བ་འགོག་བདེན་མཚོན་ལ། དེར་མ་ཟད་གོང་གསལ་ཀུན་ཉོན་ཕྱོགས་ཀྱི་ལུགས་འབྱུང་ལྡོག་གི་རྟེན་འབྲེལ་བཅུ་གཉིས་མཚོན་བྱེད་དེ་དག་གི་ཤུགས་ཀྱིས་རྣམ་བྱང་ཕྱོགས་ཀྱི་ལུགས་འབྱུང་ལྡོག་གི་རྟེན་འབྲེལ་གྱི་རྣམ་གཞག་ཀྱང་མཚོན་ཞིང་། དེས་ཀྱང་འཁོར་བ་ཇི་ལྟར་འགག་ཅིང་ལྡོག་པའི་འགོག་བདེན་མཚོན་ནོ། ། དེ་ཡང་མྱང་འདས་ཞེས་པ་ནི་འཁོར་བ་ལས་གྲོལ་བའི་ཐར་བ། འཁོར་བའི་སྡུག་བསྔལ་ལམ་མྱ་ངན་ཉེས་སྐྱོན་ཉེ་བར་འཚེ་བ་ཐམས་ཅད་དང་བྲལ་ཞིང་ཞི་བའི་སྤངས་པའི་ཡོན་ཏན་ཞིག་བརྗོད། འདི་ལ་ཉོན་སྒྲིབ་ཙམ་སྤངས་པ་འཁོར་བའི་རྒྱུ་ཉོན་མོངས་པའི་རྒྱུན་ཆད་པ་ཙམ་གྱི་ཆད་པའི་མྱང་འདས་ཞེས་པ་དང་། ཉོན་སྒྲིབ་མ་ཟད་ཤེས་སྒྲིབ་ཀྱང་སྤངས་པ་སྲིད་ཞིའི་མཐའ་ལས་གྲོལ་བའི་མི་གནས་པའི་མྱང་འདས་ཞེས་པ་གཉིས་ཡོད། དེའི་དང་པོ་ནི་ཐེག་དམན་དགྲ་བཅོམ་པ་རྣམས་ཀྱི་རྒྱུད་ལའང་ཡོད་ལ། གཉིས་པ་ནི་ཐེག་ཆེན་དགྲ་བཅོམ་སངས་རྒྱས་འཕགས་པ་ཁོ་ནའི་རྒྱུད་ལ་ཡོད་ཅིང་འགོག་བདེན་མཐར་ཐུག་པ་ནི་དེ་ཉིད་དོ། ། དེ་ལ་མྱང་འདས་སམ་འགོག་བདེན་ཇི་ལྟར་མཚོན་ཚུལ་ནི། དཔེར་ན་དཀར་ཕྱོགས་ཀྱི་ཟླ་བ་དེ་ནག་ཆ་རིམ་གྱིས་ཟད་ཅིང་མཐར་ཐུག་པ་དང་། དཀར་ཆ་རྫོགས་ནས་དཀྱིལ་འཁོར་ཉ་གང་ཞིང་ཞི་བསིལ་གྱི་འོད་དང་ལྡན་པ་ལྟར། ཐར་བ་མྱང་འདས་ཀྱང་ཉེས་སྐྱོན་རྣམས་རིམ་གྱིས་གཏན་ཟད་དུ་གྱུར་ཅིང་ལེགས་ཚོགས་ཡོངས་སུ་རྫོགས་པ་དང་། ཉོན་མོངས་པའི་ཚ་གདུང་དང་བྲལ་བའི་གཏན་གྱི་ཞི་བདེའི་བསིལ་ཟེར་དང་ལྡན་པ་བཅས་མཚོན་ནོ། །
དེ་ནས་ཡང་འདུལ་བ་ལུང་རྣམ་འབྱེད་དུ། བརྩམ་པར་བྱ་ཞིང་དབྱུང་བར་བྱ། ། སངས་རྒྱས་བསྟན་ལ་འཇུག་པར་བྱ། ། འདམ་བུའི་ཁྱིམ་ལ་གླང་ཆེན་བཞིན། ། འཆི་བདག་སྡེ་ནི་གཞོམ་པར་བྱ། ། གང་ཞིག་རབ་ཏུ་བག་ཡོད་པར། ། ཆོས་འདུལ་འདི་ལ་སྤྱོད་འགྱུར་བ། ། སྐྱེ་བའི་འཁོར་བ་རབ་སྤངས་ནས། ། སྡུག་བསྔལ་ཐ་མར་བྱེད་པར་འགྱུར། ། ཞེས་ཚིགས་སུ་བཅད་པ་འདི་གཉིས་བྲི་དགོས་པར་གསུངས་ཤིང་། དེས་ནི་ཐར་བར་འགྲོ་བའི་ལམ་མཚོན་ཞིང་བསྟན། དེ་ཡང་ལུང་རྣམ་འབྱེད་དང་དེའི་འགྲེལ་བ་གཉིས་ཀར་ཚིགས་བཅད་འདི་གཉིས་གང་དུ་བྲི་དགོས་པ་མ་གསལ་ལ། མདོ་རྩར། སྟེང་དུ་སངས་རྒྱས་མྱ་ངན་ལས་འདས་པ་དཀྱིལ་འཁོར་དཀར་བོ་ཉེ་བར་སྟོན་པའོ། འོག་ཏུ་བརྩམ་པར་བྱ་ཞིང་ཞེས་བྱ་བའི་ཚིགས་བཅད་གཉིས་སོ། ཞེས་གསུངས་པ་ལས་འོག་ཏུ་ཞེས་པ་སྟེང་གི་ཟླས་དྲངས་ཏེ་སྲིད་པ་འཁོར་ལོའི་འོག་ལ་གོ་ཞིང་དེར་བྲི་བ་དང་། ལ་ལས་དེ་འདྲའི་མྱང་འདས་ཐོབ་པ་ལ།
ལམ་འདི་འདྲ་བསྒོམ་དགོས་ཞེས་ཉེ་བར་མཚོན་པར་ཡིན་པས་འོག་ཏུ་ཞེས་པ་དེ་ཟླ་བའི་དཀྱིལ་འཁོར་དེའི་འོག་ལ་གོ་ནས་དེར་བྲི་བའི་ལུགས་སྲོལ་གཉིས་སྣང་བ་ལས། ཀུན་མཁྱེན་འཇམ་དབྱངས་བཞད་པས་མདོ་རྩའི་རྣམ་བཤད་དུ། ལམ་བདེན་བསྒོམ་པའི་མཚན་མ་ཐར་པ་དེའི་འོག་ཏུ་བརྩམ་པར་བྱ་ཞིང་དབྱུང་བར་བྱ། ། ཞེས་སོགས་ཚིགས་བཅད་གཉིས་བྲི་དགོས། ཞེས་གསུངས་པས་དེས་ཕྱི་མ་ལྟར་བཞེད་པར་མངོན། ཚིགས་བཅད་དེ་གཉིས་ཀྱི་དོན་མདོར་བསྡུས་ཙམ་ནི་འདི་ལྟར་སྣང་སྟེ། དེ་ལ་ཐར་འདོད་རྣམས་ཀྱིས་དེའི་ཆེད་དུ་བརྩོན་འགྲུས་བརྩམ་པར་བྱ་ཞིང་འཁོར་བའི་ཉེས་དམིགས་དྲན་ཏེ་དེ་ལས་ཡིད་དབྱུང་བར་བྱ་ལ། དེ་ནས་སངས་རྒྱས་ཀྱི་བསྟན་པ་ལྷག་པའི་བསླབ་པ་གསུམ་གྱི་ཉམས་ལེན་ལ་འཇུག་པར་བྱ་ཞིང་དེ་ཡང་དཔེར་ན། རྩྭ་འདམ་བུའི་ཁང་ཁྱིམ་དག་ལ་གླང་ཆེན་གཏུམ་པོ་སླེབས་ཏེ་དེས་ཇི་ལྟར་གཞོམ་པ་བཞིན་དུ། ཉོན་མོངས་པ་དང་། ཕུང་བོ་དང་། ལྷའི་བུ་དང་། འཆི་བདག་བཅས་ཀྱི་བདུད་བཞི་སྡེ་དང་བཅས་པ་གཞོམ་པར་བྱའོ། ། དེ་ཡང་སྙིང་ནས་ཐར་པར་འདོད་པའི་སྐྱེས་བུ་གང་ཞིག་གིས་སྒོ་གསུམ་རབ་ཏུའམ་ཤིན་ཏུ་གཟབ་པའི་བག་ཡོད་དང་ལྡན་པར་བྱས་ཏེ། སྟོན་པ་མཆོག་གིས་ཇི་ལྟར་གསུངས་པའི་ཆོས་སེམས་རྒྱུད་འདུལ་བྱེད་ཀྱི་གཙོ་བོ་ལམ་གྱི་བདེན་པ་བདག་མེད་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་དང་། དེའི་གཞི་རྟེན་ཆོས་འདུལ་བའི་གཞུང་ནས་བསླབ་བྱ་ཇི་ལྟར་གསུངས་པ་འདི་དག་ལ་སྤྱོད་པ་ཉམས་ལེན་ཚུལ་བཞིན་དུ་བྱེད་པར་འགྱུར་བ་དེ་དག་གིས་ནི། རང་དབང་མེད་པས་སྐྱེ་འཆི་བརྒྱུད་པའི་འཁོར་བ་རབ་ཏུ་སྤངས་ནས། ཕྱིན་ཆད་སྡུག་བསྔལ་གཏན་ནས་མྱོང་མི་དགོས་པ་སྡུག་བསྔལ་གྱི་ཕུང་བོའི་ཐ་མར་ངེས་པར་བྱེད་ཐུབ་པར་འགྱུར་རོ། ། ཞེས་སོགས་བསྟན་ཏོ། །
དེ་ལྟར་མྱང་འདས་ཀྱི་རྣམ་གཞག་མཚོན་བྱེད་དེ་དག་གིས་རྣམ་བྱང་ཕྱོགས་ཀྱི་བདེན་པ་བསྟན་ལ། དེ་ལ་འགོག་བདེན་དང་ལམ་བདེན་གཉིས་ཡོད། འགོག་བདེན་ལ་མཐོང་སྤང་སྤངས་པའི་འགོག་བདེན་དང་སྒོམ་སྤང་སྤངས་པའི་འགོག་བདེན་གཉིས་ཡོད་ཅིང་། དེའི་ཕྱི་མ་ལའང་ཉོན་སྒྲིབ་སྤངས་པའི་འགོག་བདེན་དང་ཤེས་སྒྲིབ་སྤངས་པའི་འགོག་བདེན་གཉིས་ཡོད་པ་ལས། དང་པོ་དེ་ཐོབ་པ་ན་དགྲ་བཅོམ་པར་གྱུར་པ་དང་། གཉིས་པ་དེ་ཐོབ་པ་ན་སངས་རྒྱས་པ་ཡིན་ལ། འགོག་བདེན་དེ་དག་ནི་དཀོན་མཆོག་གསུམ་གྱི་ནང་ནས་ཆོས་དཀོན་མཆོག་དངོས་ཡིན་ནོ། དེ་ཡང་ཐར་ལམ་ལ་ཐེག་པ་ཆེ་ཆུང་གཉིས་ཀྱི་ཚོགས་ལམ། སྦྱོར་ལམ། མཐོང་ལམ། སྒོམ་ལམ། མི་སློབ་ལམ་བཅས་ལྔ་རེ་ཡོད། དེ་ལས་ཚོགས་སྦྱོར་གྱི་ལམ་གཉིས་ནི་ལམ་བདེན་གྱི་སྔོན་འགྲོ་དང་། བདག་མེད་མངོན་སུམ་རྟོགས་པའི་མཐོང་ལམ་ཐོབ་པ་ནས་བཟུང་ལམ་བདེན་དང་ཆོས་དཀོན་མཆོག་དངོས་ཐོབ་ཅིང་། འཕགས་པའི་གང་ཟག་དང་དགེ་འདུན་དཀོན་མཆོག་དངོས་གནས་པར་གྱུར་པ་དང་། མི་སློབ་ལམ་ཐོབ་པ་ནས་དགྲ་བཅོམ་པར་གྱུར་པ་དང་། དེ་ཡང་ཐེག་ཆེན་གྱི་མི་སློབ་ལམ་ཐོབ་པ་ན་ཐེག་ཆེན་དགྲ་བཅོམ་དང་སངས་རྒྱས་དཀོན་མཆོག་ཏུ་གྱུར་པ་ཡིན་ནོ། དེ་ལྟར་འཁོར་འདས་ཀྱི་རྣམ་གཞག་མཚོན་པ་འདིའི་གདམས་དོན་གནད་བསྡུས་ན་འདི་ལྟར་ཡིན་པར་སྣང་སྟེ། དེ་ཡང་གང་དུ་འཁོར་བའི་གནས་དང་ཇི་ལྟར་འཁོར་བའི་ཚུལ་མཚོན་པ་དེ་དག་གིས་སྡུག་བསྔལ་བདེན་པའི་ཉེས་དམིགས་ཤེས་ནས་དེ་ལས་ཐར་འདོད་ཀྱི་བློ་དང་། གང་གིས་འཁོར་བའི་རྒྱུ་ལས་དང་ཉོན་མོངས་བཅས་མཚོན་པ་དེ་ཀུན་འབྱུང་བདེན་པའི་གནས་ཚུལ་ཤེས་ཏེ་དེ་སྤོང་འདོད་ཀྱི་བློ་བཅས་སྐྱེ་དགོས་པ་དང་། དེ་ལ་འཁོར་བའི་རྩ་བ་གཏི་མུག་ཕག་གམ། མ་རིག་པ་ལོང་བ་ལྟ་བུས་ཇི་ལྟར་བཟུང་བ་ལྟར་གྱི་བདག་དེ་ཡོད་མེད་ལེགས་པར་དཔྱད་ནས་དེ་བཞིན་དུ་མེད་པར་རྟོགས་པ་ན་དེ་ཚུལ་བཞིན་དུ་བསྒོམས་པས། གཏི་མུག་མ་རིག་པ་བློ་ཕྱིན་ཅི་ལོག་དེའི་འབྲས་བུ་དང་བཅས་པ་ཇི་ལྟར་ཟླ་བའི་ནག་ཆ་ཟད་པ་ལྟར། རིམ་གྱིས་ཟད་ཅིང་སྤངས་པའི་འགོག་བདེན་ཐོབ་ཅིང་མངོན་དུ་བྱ་ཐུབ་པ་དང་། དེ་ཡང་ཆོས་འདུལ་བ་ལས་གསུངས་པའི་ཚུལ་ཁྲིམས་ཀྱི་སྤྱོད་པ་གཞི་བཟུང་། བདག་འཛིན་མ་རིག་པའི་དངོས་ཀྱི་གཉེན་པོ་བདག་མེད་མངོན་སུམ་དུ་རྟོགས་པའི་ལམ་བདེན་བསྒོམ་པ་ལ་ལེགས་པར་བརྩོན་དགོས་པ་བཅས་བསྟན། ཚུལ་དེ་བཞིན་མ་གྱུར་སེམས་ཅན་ཐམས་ཅད་ལའང་སྦྱར་ཏེ་དྲན་ན། དེ་ཐམས་ཅད་བདེ་བ་རྒྱ་དང་བཅས་པ་གཏན་དུ་ལྡན་འདོད་ཀྱི་བྱམས་པ་དང་། སྡུག་བསྔལ་རྒྱུ་དང་བཅས་པ་ལས་གཏན་ནས་བྲལ་འདོད་ཀྱི་སྙིང་རྗེ་ཆེན་པོས་དྲངས་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་འདོད་པའི་བྱང་ཆུབ་ཀྱི་སེམས་བསྐྱེད་དེ། རྒྱལ་སྲས་ཀྱི་སྤྱོད་པ་སྦྱིན་སོགས་ཕར་ཕྱིན་དྲུག་གི་ཉམས་ལེན་ལ་སྦྱོར་བ་གཉིས་ལྡན་གྱི་སྒོ་ནས་ལེགས་པར་བརྩོན་ནས། ས་ལམ་རིམ་གྱིས་བགྲོད་དེ་དོན་གཉིས་མཐར་ཕྱིན་པའི་རྒྱལ་བའི་གོ་འཕང་བདེ་བླག་ཏུ་འཐོབ་ཐུབ་པ་དང་། དེ་ཡང་རྒྱུན་དུ་སྒོ་གསུམ་གྱི་ལེགས་པར་སྤྱད་པ་གང་ཡིན་དེའི་དོན་དུ་བྱ་བ་དང་། དགེ་བ་གང་བྱས་དེའི་རྒྱུ་རུ་ལེགས་པར་བསྔོ་དགོས་པ་བཅས་གདམས་པར་འཁུམས་ལགས་སོ། །
འདི་ལས་དགེ་ཚོགས་གང་ཞིག་བྱུང་བའི་མཐུས། །
བསྟན་འགྲོའི་དཔལ་མགོན་ཚོགས་རྣམས་ཞབས་བརྟན་ཅིང་། །
ཕྱོགས་དུས་ཀུན་ཏུ་ཉེས་ཚོགས་ཀུན་ཞི་སྟེ། །
འགྲོ་ཀུན་ཆོས་འབྱོར་བདེ་དགེས་ལེགས་འཚོ་ཤོག།