ཉེ་ཆར། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གསར་འགྱུར་གཞུང་ལས་ཁང་གིས“ལོ་ངོ་70ཡི་རིང་ལྷ་ས་གྲོང་ཁྱེར་གྱི་ཏང་འཛུགས་སྐྱོང་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གྲུབ་འབྲས་དང‘ལོ་ལྔ་ཚན་བཅུ་བཞི་པ’འགོ་ཚུགས་གནས་ཚུལ”གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་པ་རེད།
ལྷ་ས་གྲོང་ཨུད་ཀྱི་རྒྱུན་ཨུ་དྲིལ་བསྒྲགས་པུའི་པུའུ་ཀྲང་ཝུའུ་ཡ་སུང་གིས་ལོ་ངོ་70ཡི་རིང་ལྷ་ས་གྲོང་ཁྱེར་གྱི་ཏང་རྩ་འཛུགས་ཀྱིས་མེད་པ་ནས་ཡོད་པའི་བར་དང་། ཉུང་བ་ནས་མང་བའི་བར། ཉིན་བཞིན་སྟོབས་ཆེར་འགྲོ་བ་བཅས་ཀྱི་བརྒྱུད་རིམ་བརྒྱུད་མྱོང་བ་དང་ད་ཡོད་གཞི་རིམ་ཏང་རྩ་འཛུགས་3605ཡོད་པ་དེ་གྲོང་ཁྱེར་ཡོངས་ཀྱི་ཞིང་འབྲོག་ཁུལ་དང་། གྲོང་ཁྱེར་དང་སྡེ་ཁུལ། ལས་ཁུངས་དང་སློབ་གྲྭ གཞུང་ཁོངས་ཁེ་ལས་སོགས་ལ་ཁྱབ་ནས“ཡོད་པ་གསུམ”གྱི་ཚད་གཞི་དང་མཐུན་པའི་སྤྱི་དབང་མིན་པའི་ཁེ་ལས་ཀྱི་ཏང་རྩ་འཛུགས་ཁྱབ་ཚད་50%ཟིན་པ་དང་། སྤྱི་ཚོགས་རྩ་འཛུགས་ཁྱབ་ཚད་98%ཟིན་པ། ལས་རིགས་ཁག་གི་ཏང་ཡོན་ཁྲི་5.7ལྷག་ཙམ་ཟིན་པ་བཅས་རེད་ཅེས་བརྗོད་པ་རེད།
ཝུའུ་ཡ་སུང་གིས་ལོ་ངོ་70ཡི་འཕེལ་རྒྱས་བརྒྱུད་ལྷ་ས་གྲོང་ཁྱེར་གྱི་ས་གནས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་1951ལོའི་སྒོར་དུང་ཕྱུར་0.25ནས་2020ལོའི་སྒོར་དུང་ཕྱུར་678.16བར་འཕར་ནས་ཐོན་ལས་ཀྱི་གྲུབ་ཆ་རྒྱུན་ཆད་མེད་པར་ལེགས་སུ་ཕྱིན་ཏེ་ཐོན་ལས་དང་པོ་དང་། གཉིས་པ། གསུམ་པ་བཅས་ཀྱི་གནས་ཐང་འཕར་མ་1951ལོའི་སྒོར་དུང་ཕྱུར་0.23དང་། སྒོར་དུང་ཕྱུར་0.0006 སྒོར་དུང་ཕྱུར་0.018བཅས་སོ་སོ་ནས་2020ལོའི་སྒོར་དུང་ཕྱུར་22.45དང་། སྒོར་དུང་ཕྱུར་290.44 སྒོར་དུང་ཕྱུར་365.27བཅས་སོ་སོར་འཕར་ཡོད། 2020ལོར་གྲོང་ཁྱེར་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་43640དང་18268སོ་སོར་ཟིན་ནས་ཞིང་འབྲོག་པའི་ཡོང་འབབ་1951ལོ་ལས་ལྡབ་500ལྷག་ཙམ་འཕར་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།
ད་ཆའི་ལྷ་སར་སྤྱི་ཚོགས་ཀྱི་རྣམ་པ་ཉིན་བཞིན་འཕོ་འགྱུར་ཆེན་པོ་ཕྱིན་ནས་གཞུང་ལམ་དང་། ལྕགས་ལམ། མཁའ་འགྲུལ་བཅས་ལ་ཁྱབ་པའི་ཕྱོགས་བསྡུས་རང་བཞིན་དང་ལངས་གཟུགས་ཅན་གྱི་འགྲིམ་འགྲུལ་སྐྱེལ་འདྲེན་དྲ་བ་ཞིག་ཆགས་པའི་ཁྲོད། ལྷ་ས་གྲོང་ཁྱེར་གྱི་ཕྱོགས་བསྡུས་འགྲིམ་འགྲུལ་སྐྱེལ་འདྲེན་དྲ་བ་སྔར་བས་འཐུས་སྒོ་ཚང་དུ་སོང་བ་དང་། གྲོང་ཁྱེར་བསྐོར་བའི་མ་ལམ་ཁྱོན་ཡོངས་ནས་བསྐྲུན་པ། མྱུར་བགྲོད་གཞུང་ལམ་ལྷོ་ཁ་དང་ཉིང་ཁྲིར་ཤར་གཏོང་ཐུབ་པ། ལྕགས་ལམ་གཞིས་རྩེར་ཤར་གཏོང་ཐུབ་པ་དང་འབྲེལ་ཉིང་ཁྲིར་ཤར་གཏོང་ཐུབ་ཉེར་ཡོད་པ། མཁའ་ལམ་109བར་མང་དུ་ཕྱིན་པ། རྒྱལ་ཁབ་ཕྱི་ནང་གི་གྲོང་ཁྱེར་62ལ་མཁའ་ལམ་ཤར་གཏོང་ཐུབ་པ། གྲོང་ཁྱེར་ཡོངས་ཀྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་5400ལྷག་ཙམ་ཟིན་པ། ཤང་དང་གྲོང་རྡལ་དང་སྲིད་འཛིན་གྲོང་ཚོར་གཞུང་ལམ་ཤར་གཏོང་ཐུབ་ཚད་དང་འགྲུལ་སྐྱེལ་རླངས་འཁོར་ཤར་གཏོང་ཐུབ་ཚད་100%ཟིན་ཡོད། གྲོང་ཁྱེར་འཛུགས་སྐྲུན་གྱི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་95བར་རྒྱ་ཆེར་ཕྱིན་པ་དང་རྒྱུན་སྡོད་མི་འབོར་གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འགྱུར་ཚད་རྒྱལ་ཡོངས་དང་གཅིག་མཚུངས་བྱུང་ཡོད་པ་རེད།
ད་ཆའི་ལྷ་སར་མི་དམངས་ཀྱི་འཚོ་བ་འབྱོར་ཕྱུག་ལྡན་པ་ཞིག་ཡོད་ཅིང་། ད་ཆ་སློབ་གྲྭ་སྣ་ཚོགས་373ཡོད་ཅིང་། སློབ་ཞུགས་གོང་དང་། སློབ་ཆུང་། དམའ་རིམ་སློབ་འབྲིང་། མཐོ་རིམ་སློབ་འབྲིང་བཅས་དང་། དེ་བཞིན་དབང་པོ་སྐྱོན་ཅན་གྱི་བྱིས་པ་སློབ་གྲྭར་ཞུགས་ཚད་ཚང་མ་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་བརྒལ་བ་དང་རྫོང་ཁོངས་ཀྱི་འོས་འགན་སློབ་གསོ་གཞི་རྩའི་ཆ་ནས་དོ་སྙོམས་འཕེལ་རྒྱས་བྱུང་སྟེ་འོས་འགན་སློབ་གསོ་བརྟན་དུ་འགྲོ་ཚད་99.03%ཟིན་ནས་སློབ་ཞུགས་གོང་གི་སློབ་གསོ་དང་། འོས་འགན་སློབ་གསོ། མཐོ་རིམ་སློབ་གསོ། ལས་རིགས་སློབ་གསོ། དམིགས་བསལ་སློབ་གསོ་བཅས་ཀྱི་མ་ལག་འཐུས་སྒོ་ཚང་བ་དང་ཁྱད་ཆོས་ལྡན་པའི་དེང་རབས་སློབ་གསོའི་མ་ལག་ཅིག་ཆགས་ཡོད་པ་རེད། སྤྱི་ཚོགས་འགན་སྲུང་མ་ལག་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་ཕྱིན་པ་ནས་གྲོང་ཁྱེར་དང་གྲོང་རྡལ་གྱི་མ་མཐའི་འཚོ་བའི་འགན་ལེན་བྱེད་ཚད་1997ལོའི་ཟླ་རེར་མི་རེར་ཆ་སྙོམས་སྒོར་130ནས་ད་ལྟའི་སྒོར་974བར་འཕར་བ་དང་། གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་འགན་ལེན་བྱེད་ཚད་2007ལོའི་མི་རེར་ཆ་སྙོམས་སྒོར་800ནས་ད་ལྟའི་སྒོར་5060བར་འཕར་བ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་རྨང་གཞིའི་རྒན་གསོའི་དངུལ་2014ལོའི་ཟླ་རེར་མི་རེར་ཆ་སྙོམས་སྒོར་120ནས་ད་ལྟའི་སྒོར་205བར་འཕར་བ། ཁེ་ལས་ཀྱི་ལས་བཟོའི་རྒན་ཡོལ་ཞུས་པའི་མི་སྣའི་ཟླ་རེའི་མི་རེའི་ཆ་སྙོམས་རྒན་གསོའི་དངུལ་2010ལོའི་སྒོར་2016ནས་ད་ལྟའི་སྒོར་4355བར་འཕར་བ། སྨན་བཅོས་འཕྲོད་བསྟེན་བྱ་གཞག་འཕེལ་རྒྱས་མྱུར་པོ་བྱུང་ནས་མི་རེའི་ཆ་སྙོམས་ཚེ་ཚད་1951ལོའི་ལོ་35.5ནས་2019ལོའི་ལོ་71.1བར་རིང་དུ་ཕྱིན་པ། སྦྲུམ་མ་དང་ཕྲུ་གུ་དམར་འབྱར་ཤི་ཚད་ཆེས་ཆེར་ཆག་པའི་ནང་སྦྲུམ་མ་ཤི་ཚད་2000ལོའི་ཁྲི་10ནང་གི་400ནས་2020ལོའི་0བར་ཆག་པ། ཕྲུ་གུ་དམར་འབྱར་ཤི་ཚད་2000ལོའི་83‰ནས་7.3‰བར་ཆག་སྟེ་གཞི་རྩའི་སྨན་བཅོས་འགན་ལེན་ནུས་པ་སྤྱིར་ན་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་དུ་སླེབས་ཡོད། རྫོང་དང་ཆུས་ཚང་མ་དབུལ་ཞྭ་ཕུད་པ་དང་ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོ་ཁྲི་4.4ཚང་མ་དབུལ་སྒྲོལ་ཐུབ་ཡོད་པ་རེད།
ད་ཆའི་ལྷ་སར་སྲོལ་རྒྱུན་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་ཆེན་པོ་ལྡན་ཡོད། ད་ཆ་སྐྱོར་མོ་ལུང་ལྷ་མོ་དང་། ལྷ་སའི་ནང་མ། ཞོ་སྟོན་སོགས་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྣམ་གྲངས་167དང་རིམ་ཁག་མཚོན་བྱེད་རང་བཞིན་གྱི་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ་221ཡོད་པ་རེད། རིམ་ཁག་རིག་གནས་ཁང(ས་ཚིགས)75དང་རྟེན་རྫས་བཤམས་མཛོད་ཁང་6བསྐྲུན་ཡོད། ད་ཆ་རྒྱལ་ཡོངས་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོང་ཚན་པ་18དང་། རང་སྐྱོང་ལྗོངས་རིམ་པའི་གཙོ་གནད་རིག་དངོས་སྲུང་སྐྱོང་ཚན་པ་108 གྲོང་ཁྱེར་དང་རྫོང་རིམ་པའི་རིག་དངོས་སྲུང་སྐྱོང་ཚན་པ་263 སྤོ་མི་རུང་བའི་རིག་དངོས་ས་ཚིཌ་934བཅས་ཡོད་པ་དང་ཕོ་བྲང་པོ་ཏ་ལ་དང་། གཙུག་ལག་ཁང་། ནོར་བུ་གླིང་ཁ་བཅས་འཛམ་གླིང་གི་རིག་གནས་ཤུལ་བཞག་ནང་བཅུག་ཡོད་པ་རེད།
ད་ཆའི་ལྷ་སར་སྐྱེ་ཁམས་ཁོར་ཡུག་བཟང་པོ་རྒྱུན་འཁྱོངས་ཐུབ་ཡོད། ལྷོ་བྱང་གི་རི་བོ་ནགས་བཟོ་དང་རི་ཉིལ་བ་ཉམས་གསོའི་ཐད་ཚད་བརྒལ་གསར་པ་བྱུང་ནས “སྔོ་ལྗང་གིས་གྲོང་ཁྱེར་སྐོར་བའི”རྣམ་པ་ཞིག་ཆགས་པ། ལྷ་ས་སྐྱིད་ཆུའི་ཕྱོགས་བསྡུས་བཅོས་སྐྱོང་ལ་སྐུལ་འདེད་བརྟན་པོ་བཏང་བ། གྲོང་ཁྱེར་གྱི་ཆུ་རྒྱུད་འབྲེལ་མཐུད་སླར་གསོ་བྱུང་བ། ལྷ་ཀླུ་འདམ་ར་སྲུང་སྐྱོང་གི་གྲུབ་འབྲས་གྲོང་མི་ཚོས་མཉམ་སྤྱོད་ཐུབ་པ། རི་ཆུ་ནགས་ཞིང་མཚོ་རྩྭ་ར་བྱེ་ཐང་བཅས་ཀྱི་མ་ལག་བཅོས་སྐྱོང་བྱས་འབྲས་མངོན་གསལ་དོད་པ། གྲོང་ཁྱེར་གྱི་སྤྱི་པའི་འགྲིམ་འགྲུལ་ཚང་མ་ནུས་རྒྱུ་གཙང་མ་ཅན་དུ་འགྱུར་བ། “སྐར་མ་15ཡི་སྔོ་ལྗང་ཁུལ་གྱི་དམངས་ཕན་ཞབས་ཞུའི་ར་བ”གཞི་རྩའི་ཆ་ནས་གྲུབ་པ། ས་བབ་མཐོ་ཚད་སྨི་4300མན་ཆད་ཀྱི“སྐྱེ་ཤིང་མེད་པའི་གྲོང་ཚོ”དང“སྐྱེ་ཤིང་མེད་པའི་དུད་ཚང”ཚང་མར་སྐྱེ་ཤིང་བཏབ་པ། གྲོང་ཁུལ་གྱི་རང་བྱུང་སོལ་རླངས་ཀྱི་དྲོད་རླངས་མཁོ་འདོན་ལས་གྲྭ་ཁྱོན་ཡོངས་ནས་ལེགས་སྒྲུབ་ཐུབ་པ། མཁའ་རླུང་དང་ཁོར་ཡུག་སྤུས་ཚད་རྒྱལ་ཡོངས་ཀྱི་གཙོ་གནད་གྲོང་ཁྱེར་168ཀྱི་མདུན་གྲལ་དུ་རྒྱུན་འཁྱོངས་ཐུབ་པ་བཅས་བྱུང་ནས་ལྷ་ས་འདི་ཉིད་སྔར་བཞིན་འཛམ་གླིང་ཐོག་སྐྱེ་ཁམས་ཁོར་ཡུག་ཡག་ཤོས་ཀྱི་ས་ཁུལ་གྲས་སུ་གྱུར་ཡོད།