འདི་ནི་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེ་དང་། རྒྱལ་ཁབ་ལྕགས་ལམ་ཚོགས་པའི་ཏུང་ཧྲི་ཀྲང་དང་ཏང་ཙུའི་ཧྲུའུ་ཅི་ལུའུ་ཏུང་ཕུའུ། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་བོད་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷ། རྒྱལ་ཁབ་ལྕགས་ལམ་ཚོགས་པའི་སྤྱི་ཁྱབ་ཅིང་ལི་གཞོན་པ་ཆན་མིང་བཅས་ཁྲོན་བོད་ལྕགས་ལམ་ལྷ་ཉིང་དུམ་བུར་མེ་འཁོར་ཤར་གཏོང་ཐུབ་པ་དང“བསྐྱར་དར་རྟགས་ཅན”གྱི་ས་མཐོའི་ཤུགས་འགྲེམས་མེ་འཁོར་ཐོག་མར་ཤར་གཏོང་ཐུབ་པའི་མཛད་སྒོར་མཉམ་དུ་ཞུགས་བཞིན་པ།
ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བ་དང་བོད་ལྗོངས་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་གཟབ་རྒྱས་ཞུ་བའི་མཚམས་སུ། བོད་ཀྱི་གློག་རླངས་ཅན་གྱི་ལྕགས་ལམ་ཐོག་མ་ཡིན་པའི་ཁྲོན་བོད་ལྕགས་ལམ་ལྷ་ཉིང་དུམ་བུ་བསྐྲུན་ཟིན་ནས་མེ་འཁོར་ཤར་གཏོང་ཐུབ་པ་དང“བསྐྱར་དར་རྟགས་ཅན”གྱི་ས་མཐོའི་ཤུགས་འགྲེམས་མེ་འཁོར་ཡང་ཤར་གཏོང་ཐུབ་ནས་བོད་ལྗོངས་ཤུགས་འགྲེམས་མེ་འཁོར་གྱི་དུས་རབས་སུ་སླེབས་ཡོད།
ཚེས་25ཉིན་གྱི་སྔ་དྲོ། ཁྲོན་བོད་ལྕགས་ལམ་ལྷ་ཉིང་དུམ་བུའི“བསྐྱར་དར་རྟགས་ཅན”གྱི་ས་མཐོའི་ཤུགས་འགྲེམས་མེ་འཁོར་ཤར་གཏོང་ཐུབ་པའི་མཛད་སྒོ་ལྷ་སར་གཟབ་རྒྱས་ངང་འཚོགས་ཤིང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེ་དང་། རྒྱལ་ཁབ་ལྕགས་ལམ་ཚོགས་པའི་ཏུང་ཧྲི་ཀྲང་དང་ཏང་ཙུའི་ཧྲུའུ་ཅི་ལུའུ་ཏུང་ཕུའུ་མཛད་སྒོར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་བོད་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས་གཙོ་སྐྱོང་གནང་བ། ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་ཀྲོང་ཡན་དང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་ཡན་ཅིན་ཧའེ། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་བོད་དམག་ཁུལ་ཁང་གི་ཆབ་སྲིད་ཨུ་ཡོན་ཀྲང་ཞུའེ་ཅེ། རྒྱལ་ཁབ་ལྕགས་ལམ་ཚོགས་པའི་སྤྱི་ཁྱབ་ཅིང་ལི་གཞོན་པ་ཆན་མིང་བཅས་ཕེབས་ཡོད་པ་རེད།
ཝུའུ་དབྱིང་ཅེས་དང་ཐོག་བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་ཚབ་ཞུས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ལྷ་ཉིང་ལྕགས་ལམ་འཛུགས་སྐྲུན་ལས་དོན་ལ་ཐུགས་ཁུར་གཟབ་བཞེས་གནང་བར་བླ་ན་མེད་པའི་གུས་འདུད་ཞུས་པ་དང་། “བསྐྱར་དར་རྟགས་ཅན”གྱི་ས་མཐོའི་ཤུགས་འགྲེམས་མེ་འཁོར་ཐེངས་དང་པོ་ཤར་གཏོང་ཐུབ་པའི་མཛད་སྒོར་ཞུགས་མཁན་སྐུ་མགྲོན་ཚོར་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུས་ཡོད། རྒྱལ་ཁབ་ཀྱི་འབྲེལ་ཡོད་པུའུ་ཨུད་དང་། ཀྲུང་དབྱང་ཁེ་ལས། རིམ་ཁག་ཏང་ཨུད་དང་སྲིད་གཞུང་། དེ་བཞིན་སྤྱི་ཚོགས་ལས་རིགས་ཁག་གིས་རྒྱབ་སྐྱོར་ཤུགས་ཆེན་གནང་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ་རེད། སྙིང་རུས་ཆེན་པོས་འབད་བརྩོན་དང་ལེགས་སྐྱེས་འབུལ་ཕོད་པའི་འཛུགས་སྐྲུན་པ་ཚོར་བྱམས་བརྩེའི་འཚམས་འདྲི་གནང་བ་དང་། ལྷ་ཉིང་ལྕགས་ལམ་ཤར་གཏོང་ཐུབ་པ་དང“བསྐྱར་དར་རྟགས་ཅན”གྱི་ས་མཐོའི་ཤུགས་འགྲེམས་མེ་འཁོར་ཐེངས་དང་པོ་ཤར་གཏོང་ཐུབ་པར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་པ་རེད།
ཝུའུ་དབྱིང་ཅེས། ལྷ་ཉིང་ལྕགས་ལམ་ཤར་གཏོང་ཐུབ་པ་དེས་མེ་འཁོར་ལ་བསྡད་ནས་ཉིང་ཁྲིར་སྐྱོད་པའི་བསམ་འདུན་མངོན་འགྱུར་བྱུང་ནས། བོད་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཆེ་རུ་གཏོང་བ། མི་རིགས་ཁག་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་བ། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་དུ་གཏོང་བ། རྒྱལ་ཁབ་གཅིག་གྱུར་སྲུང་སྐྱོང་དང་མཐའ་མཚམས་ཀྱི་བརྟན་ལྷིང་སྲ་བརྟན་དུ་གཏོང་བ་བཅས་ཀྱི་ངོས་ནས་བརྗོད་ན་དོན་སྙིང་ཧ་ཅང་ཆེན་པོ་ལྡན་ཡོད། ལྕགས་ལམ་སྡེ་ཚན་གྱིས་ཁྲོན་བོད་ལྕགས་ལམ་ལ་དོ་དམ་ཡག་པོ་དང་བེད་སྤྱོད་ཡག་པོ་བྱས་ནས། རྒྱ་ཆེའི་ལས་བཟོའི་ངལ་རྩོལ་བདེ་འཇགས་འགན་ལེན་དང་། རྒྱ་ཆེའི་འགྲུལ་པ་གཟུགས་པོ་བདེ་ཐང་ཡོང་བའི་འགན་ལེན། ལྷ་ཉིང་ལྕགས་ལམ་གྱི་སྐྱེལ་འདྲེན་བདེ་འཇགས་ཡོང་བའི་འགན་ལེན་བཅས་བྱེད་དགོས། རིམ་པ་ཁག་དང་སྡེ་ཚན་ཁག་གིས་ལྷ་ཉིང་ལྕགས་ལམ་གཉེར་སྐྱོང་ལ་ནུས་ཤུགས་ཡོད་རྒུས་གཞོགས་འདེགས་དང་ཁྲོན་བོད་ལྕགས་ལམ་འཛུགས་སྐྲུན་ལ་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱས་ནས། མི་རིགས་ཁག་གི་མང་ཚོགས་ལ་བདེ་སྐྱིད་བསྐྲུན་དགོས་ཞེས་གསུངས་པ་རེད།
ལུའུ་ཏུང་ཕུའུ་ཡིས། ལྷ་ཉིང་ལྕགས་ལམ་ཤར་གཏོང་ཐུབ་པ་དང“བསྐྱར་དར་རྟགས་ཅན”གྱི་ས་མཐོའི་ཤུགས་འགྲེམས་མེ་འཁོར་ཐེངས་དང་པོ་ཤར་གཏོང་ཐུབ་པ་དེས་བོད་དང་ས་མཐོའི་ལྕགས་ལམ་འཛུགས་སྐྲུན་དང་འཕེལ་རྒྱས་ཀྱི་ལེའུ་གསར་པ་ཞིག་བརྩམས་ཡོད། ལྷ་ཉིང་ལྕགས་ལམ་འཛུགས་སྐྲུན་གྱི་ལག་ལེན་ལ་ཕྱོགས་སྡོམ་ནན་ཏན་བྱས་ཏེ་ཚན་རིག་དང་མཐུན་པ་དང་། བདེ་འཇགས། སྐྱོན་བྲལ་བཅས་ཀྱི་སྒོ་ནས་ཨར་སྐྲུན་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་སྐྲུན་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས་ཞེས་གསུངས་པ་རེད།
དེ་རྗེས་ཝུའུ་དབྱིང་ཅེ་དང་། ལུའུ་ཏུང་ཕུའུ། ཆེ་དགྲ་ལྷ། ཆན་མིང་བཅས་ཀྱིས་ཁྲོན་བོད་ལྕགས་ལམ་ལྷ་ཉིང་དུམ་བུར་མེ་འཁོར་ཤར་གཏོང་ཐུབ་པ་དང“བསྐྱར་དར་རྟགས་ཅན”གྱི་ས་མཐོའི་ཤུགས་འགྲེམས་མེ་འཁོར་ཤར་གཏོང་ཐུབ་པའི་མཛད་སྒོར་མཉམ་དུ་ཞུགས་པ་རེད། མེ་འཁོར་ཉིང་ཁྲིའི་བབས་ཚུགས་སུ་སླེབས་སྐབས་ཝུའུ་དབྱིང་ཅེ་དང་ཆེ་དགྲ་ལྷ་སོགས་ཀྱིས་བསོད་ནམས་དབང་གྲགས་སོགས་ལས་དོན་མི་སྣར་ཁ་བཏགས་གཡོགས་ནས་ཁོང་ཚོར་གནས་གཅེས་ལས་བརྩོན་དང་ལས་དོན་ཧུར་ཐག་བསྒྲུབས་ཏེ་བོད་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་མི་རིགས་མཐུན་སྒྲིལ་ལ་ལེགས་སྐྱེས་འབུལ་དགོས་པའི་ལྕག་སྐུལ་གནང་བ་རེད།
ལྷ་ཉིང་ལྕགས་ལམ་བསྐྲུན་ནས་མེ་འཁོར་ཤར་གཏོང་ཐུབ་པ་དེས་བོད་ཤར་ལྷོའི་ས་ཁུལ་དུ་ལྕགས་ལམ་ཤར་གཏོང་མི་ཐུབ་པའི་ལོ་རྒྱུས་མཇུག་འགྲིལ་བ་དང་། ད་ཡོད་ཀྱི་འགྲིམ་འགྲུལ་ལ་ས་མཐོའི་གནམ་གཤིས་ཀྱི་ཤུགས་རྐྱེན་ཕོག་སླ་བའི་ཞན་ཆ་བསལ་ནས། ས་ཁོངས་ཀྱི་ཕྱོགས་བསྡུས་འགྲིམ་འགྲུལ་སྐྱེལ་འདྲེན་མ་ལག་སྔར་བས་འཐུས་སྒོ་ཚང་དུ་ཕྱིན་ཏེ་འགྲིམ་འགྲུལ་སྐྱེལ་འདྲེན་བརྟན་པོ་དང་ཤར་གཏོང་ཐུབ་ཚད་ཆེ་རུ་སོང་ཡོད། ལྷ་ཉིང་ལྕགས་ལམ་འདི་ད་ཡོད་ཀྱི་ལྷ་གཞིས་ལྕགས་ལམ་དང་མཚོ་བོད་ལྕགས་ལམ་དང་མཐུད་ཡོད་ཅིང་། ད་ལྟ་སྐྲུན་བཞིན་པའི་ཁྲོན་བོད་ལྕགས་ལམ་དང་འཆར་འགོད་བྱེད་བཞིན་པའི་ཡུན་བོད་ལྕགས་ལམ་དང་མཐུད་ཐུབ་ཀྱི་ཡོད། ལྕགས་ལམ་འདི་བསྐྲུན་ཟིན་ནས་མེ་འཁོར་ཤར་གཏོང་ཐུབ་པ་དེས་ནང་ས་དང་བོད་ལྗོངས་དབར་གྱི་སྤེལ་རེས་ལ་ཤུགས་སྣོན་དང་། མི་རིགས་མཐུན་སྒྲིལ་སྲུང་སྐྱོང་། མཐའ་མཚམས་ཀྱི་བརྟན་ལྷིང་སྲ་བརྟན། གྲོང་གསེབ་དར་རྒྱས་ལ་འདེགས་སྐྱོར་བཅས་བྱེད་པར་དོན་སྙིང་གལ་ཆེན་ལྡན་ཡོད།
ཡང་བསྐྱར་གནས་ཚུལ་འབྱོར་གསལ། ཉིན་ཤས་གོང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེ་དང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་བོད་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས་རྒྱལ་ཁབ་ལྕགས་ལམ་ཚོགས་པའི་ཏུང་ཧྲི་ཀྲང་དང་ཏང་ཙུའི་ཧྲུའུ་ཅི་ལུའུ་ཏུང་ཕུའུ་བཅས་པ་དང་བཞུགས་མོལ་གནང་བ་རེད།
རྒྱལ་ཁབ་ལྕགས་ལམ་ཚོགས་པའི་ཏང་ཙུའི་ཁོངས་མི་སྤྱི་ཁྱབ་ཅིང་ལི་གཞོན་པ་ཆན་མིང་དང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་དང་བོད་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཏང་ཙུའི་ཧྲུའུ་ཅི་ཀྲོང་ཡན། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དྲུང་ཆེ་ལིའུ་ཅང་བཅས་བཞུགས་མོལ་གནང་སྐབས་ལྷན་དུ་ཞུགས་ཡོད་པ་རེད།