རྟའུ་རྫོང་གིས་ཏང་དབུ་བརྙེས་པའི་དུས་ཆེན་འདི་ལྟར་བསུས།
རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 06-29
ཉེ་ཆར། རྟའུ་རྫོང་གིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ100འཁོར་བར་རྟེན་འབྲེལ་ཞུ་ཆེད་དུ། རྟའུ་རྫོང་མཁར་དུ་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་བཤམས་སྟོན་ཁང་སྒོ་ཕྱེ་བའི་མཛད་སྒོ་སྤེལ་བ་རེད།
རྟའུ་རྫོང་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་བཤམས་སྟོན་ཁང་ནི་རྫོང་འདིས་གསར་དུ་བཏོད་པའི་དམར་དམག་རྒྱང་སྐྱོད་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ་དང་། རྒྱལ་གཅེས་རིང་ལུགས་ཀྱི་སྤྲོ་སེམས་འཕེལ་བར་བྱེད་པ། གསར་བརྗེའི་སྲོལ་རྒྱུན་ལ་སློབ་སྦྱོང་བྱེད་པ། མི་རིགས་ཀྱི་སྙིང་སྟོབས་སྐྱེད་སྲིང་བྱེད་པ་བཅས་ཀྱི་གནས་ཡུལ་གལ་ཆེན་ཞིག་ཡིན་པ་རེད།
1936ལོར་དམར་དམག་རྒྱང་སྐྱོད་བྱེད་པར་རྟའུ་བརྒྱུད་པ་ཡིན་ལ། ཡུལ་འདི་ནས་ལོ་ཕྱེད་ཙམ་བསྡད་ཅིང་། གསར་བརྗེའི་ས་བོན་དེ་གཤིས་ཆུ་དལ་འབབ་རིང་མོའི་འགྲམ་ནས་བཏབ་ཅིང་ཞི་བདེ་དང་དམངས་གཙོ་བརྩོན་ལེན་བྱེད་མགོ་བརྩམས་ཡོད་པ་རེད།
བཤམས་སྟོན་ཁང་ལ“དམར་དམག་རྒྱང་སྐྱོད”དང་།“དམངས་གཙོའི་བཅོས་སྒྱུར།”“ཡོམ་འགོག་རྒུད་སེལ།”“བཅོས་བསྒྱུར་སྒོ་འབྱེད།”“དབུལ་ཐར་འགག་སྒྲོལ།”“རིམས་འགོག་སྙིང་སྟོབས།”སོགས་ཀྱི་ལེ་ཚན་ཡོད། ཡིག་ཐོག་དང་པར་རིས་ཐོག་ནས་བདེན་དཔང་བྱས་ཤིང་། དངོས་རྫས་འགྲེམས་སྟོན་བྱེད་པ། འཕྲིན་སྦྱོར་ལམ་ནས་འགྲེམས་སྟོན་སོགས་ཀྱི་བྱེད་ཐབས་སྤྱད་དེ་རྟའུ་རྫོང་གི་དོན་དངོས་གལ་ཆེན་རབ་དང་རིམ་པ་ཇི་མ་ཇི་བཞིན་མཚོན་པ་བྱས་ནས་ཏང་གིས་རྟའུ་ཡི་གསར་བརྗེའི་འཐབ་རྩོད་དང་། དམངས་གཙོའི་བཅོས་སྒྱུར། འཕེལ་རྒྱས་འཛུགས་སྐྲུན་བཅས་ལ་མགོ་ཁྲིད་བྱས་པའི་འོད་སྟོང་འཕྲོ་བའི་ལོ་རྒྱུས་ལམ་བུ་གང་ལེགས་མངོན་པ་བྱས་ཏེ་རྟའུ་རྫོང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཐོབ་པའི་འགྱུར་ལྡོག་གསར་པ་དང་གྲུབ་འབྲས་གསར་པ་ཁྱོན་ཡོངས་ནས་མངོན་ཡོད་པ་རེད།
སྒོ་དབྱེའི་མཛད་སྒོའི་ཐོག་རྟའུ་རྫོང་གི་ཏང་ཡོན་ལས་བྱེད་པས་ཡུལ་དངོས་སུ་ལྟ་སྐོར་དང་སློབ་སྦྱོང་བྱས་ནས་ཏང་ནང་ཞུགས་པའི་དམ་ཚིག་བསྐྱར་དྲན་བྱས་པ་དང་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་དང་ལེན་བྱས་པ་རེད། ཚང་མས་བཤད་རྒྱུར། ལོ་རྒྱུས་ནི་དགེ་རྒན་ཡག་ཤོས་ཤིག་ཡིན་པས་ང་ཚོས་རྒྱལ་གཅེས་རིང་ལུགས་ཀྱི་གསར་བརྗེའི་སྲོལ་རྒྱུན་རྒྱུན་འཛིན་དང་དར་སྤེལ་བཏང་སྟེ་ནམ་ཡང་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་རྗེས་སུ་འབྲང་བ། ལོ་རྒྱུས་བློ་ལ་བརྟན་པོར་ངེས་པ། འབད་འབུངས་མདུན་སྐྱོད་བཅས་བྱས་ཏེ་ལོ་རྒྱུས་ཀྱི་ལས་འགན་སྒྲུབ་སེམས་དང་དུས་རབས་ཀྱི་འགན་འཁྲི་འཁུར་སེམས་སྔར་བས་ཆེ་རུ་བཏང་ནས་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་དུ་འགྱུར་བའི་ལམ་བུ་གསར་པ་ཞིག་སྒོ་ཀུན་ནས་གཏོད་ཆེད་ལེགས་སྐྱེས་འབུལ་དགོས་ཞེས་བཤད་པ་རེད།