ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་བརྒྱ་འཁོར་བར་རྟེན་འབྲེལ་ཞུ་བའི་བདུན་གཅིག་བྱས་རྗེས་གཟེངས་རྟགས་གནང་བའི་མཛད་སྒོ་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་གཟབ་རྒྱས་ངང་བསྡུས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན། སྤེལ་དུས། 06-30



ཟླ་དྲུག་པའི་ཚེས་ཉེར་དགུ་ཉིན་གྱི་སྔ་དྲོར། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་བརྒྱ་འཁོར་བར་རྟེན་འབྲེལ་ཞུ་བའི་བདུན་གཅིག་བྱས་རྗེས་གཟེངས་རྟགས་གནང་བའི་མཛད་སྒོ་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་གསེར་ལྡན་ཚོམས་ཁང་དུ་གཟབ་རྒྱས་ངང་བསྡུས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བདུན་གཅིག་བྱས་རྗེས་གཟེངས་རྟགས་ཐོབ་མཁན་ལ་བྱས་རྗེས་གཟེངས་རྟགས་གནང་བར་མ་ཟད་གསུང་བཤད་གལ་ཆེན་གནང་། 

        ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་བརྒྱ་འཁོར་བར་རྟེན་འབྲེལ་ཞུ་བའི་བདུན་གཅིག་བྱས་རྗེས་གཟེངས་རྟགས་གནང་བའི་མཛད་སྒོ་ཟླ་དྲུག་པའི་ཚེས་ཉེར་དགུ་ཉིན་གྱི་སྔ་དྲོར་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་གསེར་ལྡན་ཚོམས་ཁང་དུ་གཟབ་རྒྱས་ངང་བསྡུས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བདུན་གཅིག་བྱས་རྗེས་གཟེངས་རྟགས་ཐོབ་མཁན་ལ་བྱས་རྗེས་གཟེངས་རྟགས་གནང་བར་མ་ཟད་གསུང་བཤད་གལ་ཆེན་གནང་། ཞི་ཅིན་ཕིང་གིས་བསྟན་དོན། ལོ་བརྒྱའི་རིང་ལ། ཀྲུང་གོ་གུང་ཁྲན་ཏང་མི་རབས་དང་རིམ་པས་མི་རིགས་རང་བཙན་དང་མི་དམངས་བཅིངས་འགྲོལ་བྱེད་པ་དང་། རྒྱལ་ཁབ་སྟོབས་ལྡན་དང་མི་དམངས་བདེ་སྐྱིད་ལྡན་པ་མངོན་འགྱུར་བྱེད་ཆེད། སྔོན་འགྱེལ་རྗེས་མཐུད་དང་ཁྲག་བཏོན་དམར་འཛིང་བྱས་པ་དང་། དཀའ་སྤྱད་འབད་འཐབ་དང་སྒེར་སེམས་མེད་པར་བྱས་རྗེས་བཞག་ནས། རི་ཀླུང་འགུལ་བར་བྱེད་པའི་དཔའ་བོའི་འགྱིང་གླུ་གསར་འབྲི་བྱས། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་བརྒྱ་འཁོར་བར་རྟེན་འབྲེལ་ཞུ་བའི་སྐབས་སུ། ང་ཚོས་འདི་ནས་གཟབ་རྒྱས་ཆེ་བའི་མཛད་སྒོ་བསྡུས་ཏེ། ཏང་ནང་ཁུལ་གྱི་ཆེས་མཐོ་བའི་གཟི་བརྗིད་མཚན་སྙན་དེ་ཏང་དང་མི་དམངས་ལ་བྱས་རྗེས་ཆེན་པོ་བཞག་པའི་གུང་ཁྲན་ཏང་ཡོན་ལ་གནང་བ་ཡིན།
        ཞི་ཅིན་ཕིང་གིས་བསྟན་དོན། བདུན་གཅིག་བྱས་རྗེས་གཟེངས་རྟགས་ཐོབ་མཁན་ཚང་མ་ནི་མི་དམངས་ཁྲོད་ནས་ཡོང་བ་དང་མི་དམངས་ཁྲོད་དུ་རྩ་བ་ཚུགས་པ་ཡིན་ལ། རང་གི་འགན་འཁྲི་ལ་རྐང་བཙུགས་པ་དང་བྱས་རྗེས་འབུར་ཐོན་བཞག་པའི་སྤྱིར་བཏང་གི་དཔའ་བོ་ཡིན། ཁོ་ཚོས་བཞག་པའི་བྱས་རྗེས་ལ་སློབ་སྦྱོང་བྱེད་འོས་པ་དང་དེ་ལྟར་བསྒྲུབ་འོས་ལ། ཁོ་ཚོའི་སྙིང་སྟོབས་ནམ་ཡང་དར་སྤེལ་བྱེད་དགོས་པ་དང་། ཁོ་ཚོས་འགུལ་སྐྱོད་དངོས་ལ་བརྟེན་ནས་ཕུགས་འདུན་དང་འདུ་ཤེས་དྲག་པོ་ཡོད་པ་དང་། བློ་རྩ་བརྟན་པོ་ལྡན་པ། འགྱུར་བ་མེད་པའི་སེམས་ཤུགས་བརྟན་པོ་ཡོད་པ། དུས་རྒྱུན་ཏུ་མཐོང་ཐུབ་པ་དང་གནད་འགག་སྐབས་ལ་གདོང་མཆོང་བྱེད་ཐུབ་པ། ཉེན་ཁའི་སྐབས་ལ་རང་སྲོག་གཏོང་ཕོད་པ་ཞིག་ཡིན་ན། ད་གཟོད་ཏང་ཡོན་རེ་རེས་མི་རིགས་བསྐྱར་དར་གྱི་རླབས་ཆེན་ལས་དོན་ཁྲོད་དུ་ཏང་དང་མི་དམངས་ལ་བྱས་རྗེས་རླབས་ཆེན་འཇོག་ཐུབ་པ་བདེན་དཔང་བྱས་ཡོད།
        ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ལིས་ཁི་ཆང་དང་ལིས་ཀྲན་ཧྲུའུ། ཝང་དབྱང་། ཀྲའོ་ལི་ཅི། ཧན་ཀྲིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཆི་ཧྲན་བཅས་བྱས་རྗེས་གཟེངས་རྟགས་གནང་བའི་མཛད་སྒོར་ཞུགས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ཝང་ཧུའུ་ཉིང་གིས་མགོ་འཛིན་མཛད།
        ཉིན་དེའི་དུས་ཚོད་བརྒྱད་དང་སྐར་མ་ཞེ་ལྔའི་སྟེང་། བདུན་གཅིག་བྱས་རྗེས་གཟེངས་རྟགས་ཐོབ་མཁན་རྣམས་རླངས་འཁོར་ལ་བསྡད་དེ་འདུག་གནས་ནས་ལམ་ལ་ཆས་པ་དང་། རྒྱལ་མགྲོན་སྲུང་དམག་རུ་ཁག་གིས་སྲུང་སྐྱོབ་བྱས་ཏེ་མི་དམངས་ཚོགས་ཁང་ཆེན་མོའི་ནང་སོང་། མི་དམངས་ཚོགས་ཁང་ཆེན་མོའི་ཤར་སྒོའི་ཕྱི་རོལ་དུ་དར་དམར་མཐོན་པོར་སྒྲེང་བའི་དམག་མི་གཞུང་ལམ་འགྲམ་གཉིས་སུ་ལངས་འདུག་པ་དང་། གུས་ལུགས་དམག་མི་བཅོ་བརྒྱད་ཀྱིས་རྡོ་ཐེམ་སྟེང་དུ་མེ་མདའ་བཟུང་ནས་ཀྲོང་ངེར་ལངས་འདུག་ལ། ན་གཞོན་ལོ་ཆུང་རྣམས་ཀྱིས་སྤྲོ་སེམས་འཁོལ་བའི་ངང་དགའ་བསུ་བྱས། བདུན་གཅིག་བྱས་རྗེས་གཟེངས་རྟགས་ཐོབ་མཁན་རྣམས་ས་གདན་དམར་པོ་བརྒྱུད་དེ་མི་དམངས་ཚོགས་ཁང་ཆེན་མོའི་ཤར་སྒོ་བརྒྱུད་ནས་སོང་། ཏང་དང་རྒྱལ་ཁབ་ཀྱི་བྱས་རྗེས་གཟི་བརྗིད་མཚན་སྙན་གནང་བའི་བྱ་བའི་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་མགོ་ཁྲིད་བློ་མཐུན་སོགས་ཀྱིས་ས་དེ་རུ་མཉམ་དུ་ཁོ་ཚོར་བསུ་མ་བྱས།
        མི་དམངས་ཚོགས་ཁང་ཆེན་མོའི་སུམ་ཐོག་གི་གསེར་ལྡན་ཚོགས་ཁང་དུ་དགའ་སྤྲོ་དང་རྔམ་བརྗིད་ཀྱི་རྣམ་པས་ཁེངས་འདུག རྒྱབ་ལྗོངས་དམར་པོའི་འཕྲེད་བྱང་སྟེང་དུ་བདུན་གཅིག་བྱས་རྗེས་གཟེངས་རྟགས་རི་མོ་ལ་གསེར་འོད་ལམ་ལམ་འཕྲོ་བཞིན་ཡོད། འཕྲེད་བྱང་མདུན་གྱི་ལོགས་གཉིས་སུ་དར་དམར་བཅོ་བརྒྱད་བཙུགས་ཡོད་པ་དང་། དཔའ་མཛངས་ལྡན་པའི་བཅིངས་འགྲོལ་དམག་མིའི་གཟབ་སྦྲེང་དམག་མི་བཅོ་བརྒྱད་ཀྱིས་ལག་ཏུ་མེ་མདའ་བཟུང་ནས་སྟེགས་བུའི་འགྲམ་གཉིས་དུ་ལངས་འདུག


དུས་ཚོད་དགུ་དང་སྐར་མ་ང་བརྒྱད་ཀྱིསྟེང་། སྤྲོ་སེམས་འཁོལ་བའི་རོལ་དབྱངས་ཁྲོད་དུ་ཞི་ཅིན་ཕིང་བདུན་གཅིག་བྱས་རྗེས་གཟེངས་རྟགས་ཐོབ་མཁན་དང་མཉམ་དུ་ཚོགས་རར་ཕེབས།

        དུས་ཚོད་དགུ་དང་སྐར་མ་ང་བརྒྱད་ཀྱི་སྟེང་། སྤྲོ་སེམས་འཁོལ་བའི་རོལ་དབྱངས་ཁྲོད་དུ་ཞི་ཅིན་ཕིང་བདུན་གཅིག་བྱས་རྗེས་གཟེངས་རྟགས་ཐོབ་མཁན་དང་མཉམ་དུ་ཚོགས་རར་ཕེབས་རྗེས།  ཚང་མ་ཡར་ལངས་ཏེ་སྤྲོ་སེམས་འཁོལ་བའི་ངང་ཐལ་མོ་བརྡེབས།
        དུས་ཚོད་བཅུའི་སྟེང་། བཅིངས་འགྲོལ་དམག་མིའི་རོལ་མོ་ཚོགས་པའི་དམག་དུང་འབུད་མཁན་གྱིས་དམག་དུང་བུས་པ་དང་ལྷན་དུ་བྱས་རྗེས་གཟེངས་རྟགས་གནང་མགོ་བརྩམས། དེར་མཐུད་ནས་བློས་བླངས་དམག་གིས་མདུན་སྐྱོད་གླུ་གཞས་དཀྲོལ་བ་དང་ཚོགས་ར་ཡོངས་ཀྱིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུ་བླངས།
        ཝང་ཧུའུ་ཉིང་གིས་ཀྲུང་གུང་ཀྲུང་དབྱང་གིས་བདུན་གཅིག་བྱས་རྗེས་གཟེངས་རྟགས་གནང་བའི་སྐོར་གྱི་ཐག་གཅོད་སྒྲོག་འདོན་བྱས། ཐག་གཅོད་ལས་བསྟན་དོན། ཀྲུང་གོའི་གསར་བརྗེ་དང་འཛུགས་སྐྲུན། བཅོས་སྒྱུར་བཅས་ལོ་རྒྱུས་ཀྱི་དུས་སྐབས་སོ་སོར་ཏང་དང་མི་དམངས་ཀྱི་ལས་དོན་ཐད་ལ་མི་ཚེ་གང་བོར་བྱས་རྗེས་འབུར་ཐོན་བཞག་པ་དང་བླ་མེད་ཀུན་སྤྱོད་ལྡན་པའི་བྱས་རྗེས་དཔེ་ལེགས་ཏང་ཡོན་ལ་གཟབ་རྒྱས་ངང་གཟེངས་རྟགས་གནང་སྟེ། ཏང་ཡོངས་ཀྱིས་ཐོག་མའི་འགན་འཁྲི་བརྟན་སྲུང་བྱེད་པ་དང་བློ་དཀར་སྤྱོད་གཙང་གི་ཁག་ཁུར་ལ་སྐུལ་མ་གཏོང་ཆེད། ཏང་ཀྲུང་དབྱང་གིས་མཱ་མའོ་ཅེ་སོགས་བློ་མཐུན་ཉེར་དགུ་ལ་བྱས་རྗེས་གཟེངས་རྟགས་གནང་རྒྱུ་ཐག་བཅད།
        དར་དམར་འཛིན་མཁན་གཉིས་ཀྱིས་ཏང་གི་དར་དམར་མཐོན་པོར་སྒྲེང་བ་དང་དམག་མི་གཉིས་ཀྱིས་བདུན་གཅིག་བྱས་རྗེས་གཟེངས་རྟགས་ལག་ཏུ་བཟུང་སྟེ་གོམ་སྟབས་ཆེན་པོ་སྤོས་ནས་མཛད་སྒོའི་ཡུལ་དངོས་སུ་ཐོན།
        རྔམ་བརྗིད་ལྡན་པའི་བློ་དཀར་བསྟོད་གླུ་ཞེས་པའི་རོལ་དབྱངས་ཁྲོད་དུ་ཞི་ཅིན་ཕིང་གིས་བདུན་གཅིག་བྱས་རྗེས་གཟེངས་རྟགས་ཐོབ་མཁན་ལ་གཟེངས་རྟགས་གནང་བར་མ་ཟད། ཁོ་ཚོ་རེ་རེ་ལ་བརྩེ་བའི་ཕྱག་འཇུ་གནང་ནས་རྟེན་འབྲེལ་ཞུས་པ་ན། ཚོགས་ར་ཡོངས་སུ་ཐལ་མོ་རྡེབ་སྒྲས་ཁེངས། ལོ་ཆུང་གདོང་ལེན་རུ་མི་ཡིས་བྱས་རྗེས་གཟེངས་རྟགས་ཐོབ་མཁན་ལ་མེ་ཏོག་ཕུལ་བ་དང་གུས་འདུད་ཞུས།
        སྤྲོ་སེམས་འཁོལ་བའི་ཐལ་མོ་རྡེབ་སྒྲའི་ཁྲོད། ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་། ཁོང་གིས་ཐོག་མར་ཏང་ཀྲུང་དབྱང་གི་ཚབ་མཛད་དེ་བདུན་གཅིག་བྱས་རྗེས་གཟེངས་རྟགས་ཐོབ་མཁན་ལ་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་པ་དང་བླ་ན་མེད་པའི་གུས་འདུད་ཞུས། ཞི་ཅིན་ཕིང་གིས་བསྟན་དོན། དེ་རིང་གཟེངས་བསྟོད་བྱས་པའི་བདུན་གཅིག་བྱས་རྗེས་གཟེངས་རྟགས་ཐོབ་མཁན་ནི་འཐབ་ཕྱོགས་སོ་སོའི་ཏང་ཡོན་ཁྲོད་ཀྱི་ཕུལ་བྱུང་འཐུས་མི་ཡིན། ཁོ་ཚོའི་ལུས་སྟེང་དུ་ཀྲུང་གོ་གུང་ཁྲན་ཏང་མིས་ཡིད་ཆེས་བརྟན་པོ་བཅངས་ཤིང་དམིགས་འབེན་ལག་ལེན་བྱེད་པ། སྤོབས་པ་ཆེར་བསྐྱེད་སྒོས་བྱས་རྗེས་འཇོག་པ། སྤྱོད་གཙང་སྤྱི་གཞོལ་བཅས་ཀྱི་བླ་མེད་ཀུན་སྤྱོད་དང་སྙིང་སྟོབས་མཚོན་པར་བྱས་ཡོད།
        ཞི་ཅིན་ཕིང་གིས་བསྟན་དོན། ཡིད་ཆེས་ཇེ་བརྟན་དུ་གཏོང་བ་ནི་ཐོག་མའི་སེམས་འདུན་མི་བརྗེད་པ་དང་བློ་བརྟན་འགྱུར་བ་མེད་པ་རྒྱུན་འཁྱོངས་བྱེད་པ་དང་། བློ་བརྟན་འགྱུར་མེད་ཀྱི་ཕུགས་འདུན་དང་འདུ་ཤེས་དང་ཏང་དང་མི་དམངས་ལ་བློ་དཀར་བར་བརྟེན་ནས། ཏང་དང་མི་དམངས་ལ་བློ་དཀར་ཞིང་དགའ་ཞེན་ཆེ་བ་ཡིད་ལ་དམ་པོར་འཛིན་པ་དང་འགུལ་སྐྱོད་ཕྱོགས་སུ་དངོས་འབེབས་བྱས་ནས། ཏང་དང་མི་དམངས་ཀྱི་ལས་དོན་ཐད་ལ་བྱས་རྗེས་ཡོད་ཚད་འཇོག་པ་དང་ཐ་ན་རང་སྲོག་བློས་གཏོང་དགོས་པ་དང་། ཏང་གི་ཕུགས་འདུན་དང་འདུ་ཤེས་ཐད་ལ་སྤོབས་པ་ཆེར་བསྐྱེད་སྒོས་འབད་བརྩོན་ལྷོད་མེད་བྱེད་དགོས། ཏང་ཡོངས་ཀྱི་བློ་མཐུན་ཚང་མས་མར་ཁེ་སི་རིང་ལུགས་ཀྱི་དད་མོས་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འདུ་ཤེས་དེ་མི་ཚེ་གང་བོའི་རེ་སྙེག་ཏུ་བརྩིས་ཏེ། ནམ་ཡིན་ཡང་ཏང་ལ་ཡིད་ཆེས་པ་དང་ཏང་ལ་དགའ་ཞེན་ཆེ་བ། ཏང་གི་ཆེད་དུ་རང་རང་གི་ལས་གནས་སོ་སོའི་སྟེང་སྤོབས་པ་ཆེར་བསྐྱེད་སྒོས་བྱ་བ་སྒྲུབ་པ་དང་། བླ་མེད་ཕུགས་འདུན་ལ་འབད་འཐབ་བྱེད་པའི་ལག་ལེན་ཁྲོད་དུ་སྔར་ལས་མདུན་དུ་སྐྱོད་དགོས།
        ཞི་ཅིན་ཕིང་གིས་བསྟན་དོན། དམིགས་འབེན་ལག་བསྟར་བྱེད་པ་ནི་མི་དམངས་ལ་བརྩེ་སེམས་ཟབ་མོ་བཅངས་ནས། མི་དམངས་སེམས་ཁོང་དུ་འཛིན་པ་དང་། བྱ་བ་སྒྲུབ་པ་ནི་མི་དམངས་ཀྱི་ཆེད་ཡིན་ལ། མང་ཚོགས་ཀྱིས་སེམས་ཁུར་བྱེད་པའི་གནད་དོན་ལ་སེམས་ཁུར་བྱེད་པ། མང་ཚོགས་ཀྱིས་དོ་སྣང་བྱེད་པའི་གནད་དོན་ལ་དོ་སྣང་བྱེད་པ། མང་ཚོགས་ཀྱི་དཀའ་གནད་ཐག་གཅོད་པ། མང་ཚོགས་ལ་འབྲེལ་འདྲིས་དམ་ཟབ་བྱེད་པ། མང་ཚོགས་ལ་རྒྱབ་བརྟེན་པ། བློ་གཅིག་སེམས་གཅིག་གིས་མང་ཚོགས་ལ་བདེ་སྐྱིད་བསྐྲུན་པ། མི་དམངས་ལ་བདེ་སྐྱིད་བསྐྲུན་པའི་འགུལ་སྐྱོད་དངོས་ཀྱིས་གུང་ཁྲན་ཏང་མིའི་སྒེར་སེམས་མེད་པར་མི་དམངས་ཀྱི་རེ་བ་སྟོང་ཟད་དུ་མི་གཏོང་བའི་བླ་མེད་ཀྱི་བརྩེ་བ་གསལ་བཤད་བྱེད་པ་དེ་ཡིན། ཏང་ཡོངས་ཀྱི་བློ་མཐུན་ཚོས་མི་དམངས་ཀྱི་ལངས་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་མི་དམངས་གཙོར་འཛིན་པ། རྒྱུན་འཁྱོངས་ལྷོད་མེད་སྒོས་མང་ཚོགས་ལ་དོན་དངོས་དང་དོན་བཟང་སྒྲུབ་པ་དང་། ནམ་ཡང་མི་དམངས་མང་ཚོགས་བར་གྱི་འབྲེལ་འདྲིས་དམ་པོ་སྲུང་འཛིན་བྱེད་དགོས།
        ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། སྤོབས་པ་ཆེར་བསྐྱེད་ཀྱིས་བྱས་རྗེས་འཇོག་པ་ནི་ཏང་ལ་བློ་དཀར་བ་དང་རྒྱལ་ཁབ་ཀྱི་དྲིན་ལན་འཇལ་བ་དང་འགན་འཁྲི་ལག་བསྟར་བྱེད་རྒྱུ་དེ་མི་ཚེའི་དམིགས་འབེན་དུ་བྱེད་པ་དང་། དཀའ་ངལ་ལ་མི་འཛེམ་པ་དང་བློས་གཏོང་ཕོད་པ། དཀའ་སྤྱད་དངོས་གཉེར་བྱས་ཏེ། གུང་ཁྲན་ཏང་མིའི་སྒེར་མེད་ཞུམ་མེད་ཀྱི་བློས་གཏོང་སྙིང་སྟོབས་དང་འཐབ་རྩོད་སྙིང་སྟོབས་ངོམ་རྒྱུ་དེ་ཡིན། ཏང་ཡོངས་ཀྱི་བློ་མཐུན་ཚོས་དཀའ་ངལ་ཅི་འདྲ་ཆེ་ན་དེ་ལས་མདུན་སྐྱོད་བྱེད་པའི་དཔའ་བོའི་སྙིང་སྟོབས་སྲུང་འཛིན་བྱེད་པ་དང་། གནམ་ས་འགྱུར་བར་བྱེད་ཕོད་པའི་སྤོབས་པ་ཆེན་པོ་སྲུང་འཛིན་བྱེད་པ། དཀའ་སྤྱད་འབད་འཐབ་དང་དཀའ་ངལ་ཁྱད་སེལ་བྱས་ཏེ། ཧུར་ཐག་གིས་ཏང་ལ་ངོ་གནོང་མི་དགོས་པ་དང་མི་དམངས་ལ་ངོ་གནོང་མི་དགོས་པ། དུས་རབས་ལ་ངོ་གནོང་མི་དགོས་པའི་གྲུབ་འབྲས་བསྐྲུན་དགོས་ཟེར།
        ཞི་ཅིན་ཕིང་གིས་བསྟན་དོན། སྤྱོད་གཙང་སྤྱི་གཞོལ་ནི་གུང་ཁྲན་ཏང་མིའི་དཀའ་སྤྱད་བབ་ཆགས་དང་སྤྱི་བསམ་སྒེར་བརྗེད་ཀྱི་རླབས་ཆེན་སྲོལ་རྒྱུན་རྒྱུན་འཁྱོངས་བྱེད་པ་དེ་ཡིན་ལ། བྱས་རྗེས་ཡོད་མཁན་ཡིན་པར་རློམ་པའི་བསམ་བློ་མེད་པར་བྱེད་པ་དང་། རང་ཉིད་ཀྱི་ཐོབ་ཤོར་མི་བསམ་པ། ལོངས་སྤྱོད་ལ་ཞེན་མི་ཆགས་པ། སྒྲིག་ལམ་དང་སྒྲིག་སྲོལ་བརྩི་སྲུང་ནན་མོ་བྱས་ནས། གུང་ཁྲན་ཏང་མིར་ཡོད་འོས་པའི་ཀུན་སྤྱོད་མངོན་པར་བྱེད་རྒྱུ་དེ་ཡིན་པས། ཏང་ཡོངས་ཀྱི་བློ་མཐུན་ཚོས་སྤྱོད་བཟང་དར་སྤེལ་དང་སྤྱི་པའི་སྤྱོད་བཟང་བརྩི་སྲུང་། སྒེར་གྱི་ཀུན་སྤྱོད་ནན་མོར་བྱེད་པ། སྤྱོད་པ་གཙང་བར་བྱེད་པ་དང་བྱ་བ་བཟང་བོར་བསྒྲུབ་པ། རང་གཅུན་སྤྱི་གཅེས་དང་བསྲི་ཚགས་རང་གཅུན་བྱས་ཏེ། ནམ་ཡིན་ཡང་སྲིད་གཙང་སྲོལ་བཟང་གི་ཆབ་སྲིད་ཀྱི་རང་མདངས་རྒྱུན་འཁྱོངས་བྱེད་དགོས་ཟེར།
        ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། དུས་རབས་གསར་བ་ནི་དཔའ་བོ་མཁོ་བ་མ་ཟད་དཔའ་བོ་འབྱུང་བའི་དུས་རབས་ཤིག་ཡིན་པས། ཀྲུང་གོ་གུང་ཁྲན་ཏང་ནམ་ཡང་དུས་རབས་ཀྱི་གདོང་ལེན་པ་དང་མི་རིགས་ཀྱི་རྒྱབ་རྟེན་བྱེད་དགོས་པ་དང་། ཏང་ཡོན་དཔུང་སྡེར་ངེས་པར་དུ་ནུས་པ་ལྡན་དགོས། གཟེངས་བསྟོད་ཐོབ་པའི་བློ་མཐུན་ཚོས་མཚན་སྙན་ལ་གཅེས་སྤྲས་བྱེད་པ་དང་གྲུབ་འབྲས་དར་སྤེལ་བཏང་སྟེ། གཟི་བརྗིད་སྔར་ལས་ཆེན་པོ་བརྩོན་ལེན་བྱེད་དགོས། རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་བྱ་བ་དང་འཚོ་བའི་སྟེང་བྱས་རྗེས་ཡོད་པའི་ཏང་ཡོན་ལ་སེམས་ཁུར་དང་གཟིགས་སྐྱོང་བྱེད་པ་དང་། བདུན་གཅིག་བྱས་རྗེས་གཟེངས་རྟགས་ཐོབ་མཁན་གྱི་མི་སེམས་འགུལ་བའི་བྱས་རྗེས་དང་བླ་མེད་ཀྱི་ཀུན་སྤྱོད་དྲིལ་སྒྲོག་ཤུགས་ཆེར་བྱེད་པ། ཏང་ཡོངས་དང་སྤྱི་ཚོགས་ཡོངས་སུ་སྔོན་ཐོན་ལ་བརྩི་མཐོང་དང་མཁས་མཐོང་འགྲན་འདོད་ཀྱི་སྣང་ཚུལ་སྟུག་པོ་གྲུབ་པར་བྱེད་པ། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་ཏང་གི་ངོ་བོ་དང་དམིགས་འབེན་ཡིད་ལ་དམ་པོར་འཛིན་པ་དང་། ཏང་གི་ཐོག་མའི་བསམ་འདུན་དང་འགན་འཁྲི་ཡིད་ལ་དམ་པོར་འཛིན་པར་སྐུལ་སློང་བྱེད་པ། འབད་འཐབ་ལྷོད་མེད་བྱེད་པ་དང་ནམ་ཡང་འབད་འཐབ་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་བགྲོད་ལམ་གསར་བའི་སྟེང་། བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་ལ་ཁ་ཕྱོགས་ནས་སྤོབས་པ་ཆེན་པོས་མདུན་སྐྱོད་བྱེད་དགོས།
        མཛད་སྒོའི་སྟེང་། ཡུན་ནན་ཞིང་ཆེན་ལིས་ཅང་ཧྭ་ཕིང་བུད་མེད་མཐོ་རིམ་སློབ་འབྲིང་གི་ཏང་ཀྲི་པུའུ་ཧྲུའུ་ཅི། སློབ་གཙོ་ཀྲང་ཀུའེ་མེ་ཡིས་བདུན་གཅིག་བྱས་རྗེས་གཟེངས་རྟགས་ཐོབ་མཁན་གྱི་ཚབ་བྱས་ནས་གཏམ་བཤད།


བྱ་དགའ་སྟེར་བའི་མཛད་སྒོའི་རྗེས་སུ། ཞི་ཅིན་ཕིང་སོགས་བློ་མཐུན་གྱིས་བདུན་གཅིག་བྱས་རྗེས་གཟེངས་རྟགས་ཐོབ་མཁན་ཚོ་དང་མཉམ་དུ་རྗེས་དྲན་འདྲ་པར་བསྐྱོན།

བྱས་རྗེས་གཟེངས་རྟགས་སྟེར་བའི་མཛད་སྒོའི་སྔོན་དུ། ཞི་ཅིན་ཕིང་སོགས་འགོ་ཁྲིད་བློ་མཐུན་གྱིས་རྒྱལ་ཡོངས་ཕུལ་བྱུང་གཉིས་དང་སྔོན་ཐོན་གཅིག་གི་གཟེངས་བསྟོད་ཐོབ་མཁན་ལ་མཇལ་འཕྲད་གནང་བ་མ་ཟད། ཚང་མ་དང་མཉམ་དུ་རྗེས་དྲན་འདྲ་པར་བསྐྱོན།

བྱས་རྗེས་གཟེངས་རྟགས་གནང་བའི་མཛད་སྒོའི་སྔོན་དུ། ཞི་ཅིན་ཕིང་སོགས་འགོ་ཁྲིད་བློ་མཐུན་གྱིས་ཕུལ་བྱུང་གཉིས་དང་སྔོན་ཐོན་གཅིག་གཟེངས་བསྟོད་ཐོབ་མཁན་ལ་མཇལ་འཕྲད་གནང་བ་མ་ཟད། ཚང་མ་དང་མཉམ་དུ་རྗེས་དྲན་འདྲ་པར་བསྐྱོན།
        པེ་ཅིང་དུ་ཡོད་པའི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་དང་། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་སྐོར་ཞིག རྒྱལ་སྲིད་ཨུ་ཡོན། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་པོ། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་སྐོར་ཞིག ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་བཅས་བྱས་རྗེས་གཟེངས་རྟགས་གནང་བའི་མཛད་སྒོར་ཞུགས།
        ཀྲུང་དབྱང་ཏང་སྲིད་དམག་དམངས་ཀྱི་འབྲེལ་ཡོད་སྡེ་ཁག་དང་པེ་ཅིང་གྲོང་ཁྱེར་གྱི་འགན་ཁུར་བློ་མཐུན། བདུན་གཅིག་བྱས་རྗེས་གཟེངས་རྟགས་ཐོབ་མཁན་དང་དེའི་ཁྱིམ་མིའི་འཐུས་ཚབ་ཡོད་སའི་ལས་ཁུངས། སྔོན་ཆད་ཀྱི་བྱས་རྗེས་གཟེངས་རྟགས་ཐོབ་མཁན་གྱི་འཐུས་ཚབ་པ། ཏང་ནང་དུ་གཟི་བརྗིད་ལྡན་པར་ལོ་ངོ་ལྔ་བཅུ་འགོར་བའི་རྗེས་དྲན་རྟགས་མ་ཐོབ་མཁན་གྱི་འཐུས་ཚབ་པ་དང་ཏང་ཡོན་རྒན་པ། ལས་བྱེད་པ་རྒན་པའི་འཐུས་ཚབ། ལས་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཀྱི་འཐུས་ཚབ་པ་བཅས་མཛད་སྒོར་ཞུགས། རྒྱལ་ཡོངས་ཕུལ་བྱུང་གཉིས་དང་སྔོན་ཐོན་གཅིག་གི་གཟེངས་བསྟོད་ཐོབ་མཁན་སྐོར་ཞིག་བྱས་རྗེས་གཟེངས་རྟགས་གནང་བའི་མཛད་སྒོར་ཞུགས་པ་དང་སྐོར་ཞིག་གིས་མི་དམངས་ཚོགས་ཁང་ཆེན་མོའི་ཚོམས་ཆེན་བྱང་མའི་ནང་མཛད་སྒོའི་ཐད་གཏོང་ལ་བལྟས།
        རྒྱལ་ཡོངས་ཕུལ་བྱུང་གཉིས་དང་སྔོན་ཐོན་གཅིག་གི་གཟེངས་བསྟོད་ཚོགས་ཆེན་ཚེས་ཉེར་བརྒྱད་ཉིན་གྱི་ཕྱི་དྲོ་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་བསྡུས་ཏེ། གཟེངས་བསྟོད་ཐོབ་པའི་མི་སྒེར་དང་ཐུན་མོང་འཐུབ་ཚབ་པར་བྱ་དགའ་བྱིན། ཝང་ཧུའུ་ཉིང་ཚོགས་ཆེན་ལ་ཞུགས་པར་མ་ཟད་གཏམ་བཤད། ཁོས་བསྟན་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཕུལ་བྱུང་གཉིས་དང་སྔོན་ཐོན་གཅིག་གི་་དཔྱད་འདེམ་གཟེངས་བསྟོད་བྱ་བར་ཧ་ཅང་མཐོང་ཆེན་བྱས་པ་དང་། ཏང་ཡོན་གྱི་ནུས་པ་འདོན་སྤེལ་བྱེད་པ་དང་གཞི་རིམ་ཏང་རྩ་འཛུགས་ལ་ཤུགས་སྣོན་པའི་ཐད་ནས་མཆན་བཀོད་མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་བཏོན་ནས། ང་ཚོར་འབད་འཐབ་ཀྱི་ཁ་ཕྱོགས་བསྟན། རྒྱ་ཆེའི་ཏང་ཡོན་དང་གཞི་རིམ་ཏང་རྩ་འཛུགས་ཀྱིས་སྔོན་ཐོན་དཔེ་མཚོན་མིག་དཔེར་བྱེད་པ་དང་། ཏང་གཤིས་བརྟན་པོ་སྦྱོང་བརྡར་བྱེད་པ། ཐོག་མའི་བསམ་འདུན་དང་འགན་འཁྲི་ཡིད་ལ་དམ་པོར་འཛིན་པ། འགན་འཁྲི་ལག་བསྟར་ནན་མོ་བྱེད་པ། རང་ཉིད་གསར་བརྗེ་བྱེད་ཕོད་པར་བྱས་ནས། གདོང་ལེན་དཔེ་སྟོན་གྱི་ནུས་པ་དང་འཐབ་འཛིང་བཙན་རྫོང་གི་ནུས་པ་འདོན་སྤེལ་བྱེད་དགོས།
        ཀྲའོ་ལི་ཅི་ཚོགས་ཆེན་ལ་ཞུགས། ཁྲིན་ཞི་ཡིས་ཀྲུང་གུང་ཀྲུང་དབྱང་གི་རྒྱལ་ཡོངས་ཀྱི་ཕུལ་བྱུང་གུང་ཁྲན་ཏང་ཡོན་དང་རྒྱལ་ཡོངས་ཀྱི་ཕུལ་བྱུང་ཏང་གི་བྱ་བ་སྒྲུབ་མཁན། རྒྱལ་ཡོངས་ཀྱི་སྔོན་ཐོན་གཞི་རིམ་ཏང་རྩ་འཛུགས་ལ་གཟེངས་བསྟོད་བྱེད་པའི་སྐོར་གྱི་ཐག་གཅོད་སྒྲོག་འདོན་བྱས། གཟེངས་བསྟོད་ཐོབ་པའི་འཐུས་ཚབ་པས་གཏམ་བཤད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1